གིང་གསུམ། Ι Gingsum

Wikipedia ལས།

ང་བཅས་རའི་རྒྱལ་ཁབ་འདི་ སྤྱིར་ནང་པ་ཆོས་ལྡན་དང་ལྷག་པར་གསང་སྔགས་ཀྱི་བསྟན་པ་དར་ཏེ་ཡོད་པའི་ རྒྱལ་ཁབ་ཅིག་ཨིནམ་ ག་ར་གིས་མཁྱེན་གསལ་ཆེ། གསང་བ་སྔགས་ཀྱི་ལུགས་ལས་ རིག་འཛིན་བརྡ་བརྒྱུད་ལས་འབྱུང་བའི་ངོས་འཛིན་ གར་འཆམ་གྱི་དབྱེ་བ་ལེ་ཤཱ་ཡོད། དེ་ཚུ་ལས་གིང་འཆམ་གྱི་འབྱུང་ཁུངས། དགོས་པ། ཆས་གོས་ཀྱི་སྐོར་མདོར་བསྡུས་ཏེ་བཀོད་ནི་ཨིན།

འབྱུང་ཁུངས།[ཞུན་དག།]

ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་བདེ་སྐྱིད་ཀྱི་རྩ་བ་དེ་ སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་གི་ ལུང་དང་རྟོགས་པའི་ཆོས་གཉིས་ལུ་ཐུགཔ་ཨིན་པས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཇིག་རྟེན་ནང་ དར་ཞིང་རྒྱས་པའི་ཐབས་འདིནི་བཤད་གྲུབ་ཀྱི་སྡེ་བཙུག་ནི་ལས་ ཐབས་གཞན་མེད། དེ་གོང་འཕེལ་གཏང་ནི་ལུ་མ་དགའ་བར་ བར་ཆད་རྩོམ་མི་དགྲ་བགེགས་ འབྱུང་པོ་ཉུལ་ལེ་མ་ཟེར་སླབ་ཨིན་པས། གནོད་བྱེད་འབྱུང་པོ་དེ་ཚུ་ བསྒྲལ་བའི་ཐབས་ལམ་ཡང་ གཏེར་ཆེན་ཆོས་ཀྱི་རྒྱལ་པོ་པདྨ་གླིང་པ་ རྔ་ཡབ་ཟངས་མདོག་དཔལ་རིའི་ཕོ་བྲང་ནང་བྱོནམ་ད་ ཨྱོན་རིན་པོ་ཆེའི་སྤྲུལ་པའི་གིང་གསུམ་གྱི་ གར་འཆམ་ལུ་བརྟེན་ཏེ་ དགྲ་བགེགས་ཉུལ་ལེ་མ་བསྒྲལ་ཚུལ་མིག་འཁྲུལ་བཟུམ་སྟོན་གནང་མི་ལས་བྱུང་བའི་མན་ངག་གི་ གར་འཆམ་ཨིན་པས།

དེ་ཡང་ རྒྱུག་གིང་གིས་ དམ་པའི་ཆོས་ལུ་བར་ཆད་རྩོམ་པའི་དགྲ་བགེགས་མི་དང་མི་མིན་འབྱུང་པོ་ཉུལ་ལེ་ཚུ་ སྲིད་པ་གསུམ་ག་ཏེ་ར་བྱོག་རུང་ མངོན་ཤེས་དང་རྫུ་འཕྲུལ་གྱིས་འཚོལ་ཏེ་ བྱམས་པའི་ལྕགས་ཀྱུ་གིས་བཟུང་། སྙིང་རྗེའི་ཞགས་པ་ཟེར་ཐག་པ་གིས་བཅིངས། བདག་མེད་ཡེ་ཤེས་ཀྱི་དབྱུག་པས་བརྡུངས་ཏེ་ གདོང་ཁར་རང་དབང་མེད་པར་བཀུག་སྟེ་བཟུང་བའི་ཚུལ་སྟོན་དོ་ཡོདཔ་ཨིན་པས།

རྒྱུག་གིང་གི་ཆས་ཡང་ ཁ་རས་མགུ་ཞྭམོ། ཞལ་འབག་རལཔ། སྟག་གཤམ་གཟིག་དོརམ། རྡོ་རྗེ་གོང་། དར་སྣ་ལྔ་སྨན་རྩེ། འཐག་ལེབ། ཕྱག་མཚན་དབྱུག་པ་བཅས་ཨིན།

རྒྱུག་གིང་ལུ་ ལེའུ་ཡོངས་རྫོགས་ འཐོན་འཆམ་ལས་འཛུལ་འཆམ་ཚུན་ ལེའུ་བཅུ་ཐམ་འོངམ་ཨིན། གྲི་གིང་གིས་ སྐྱོབས་བྱེད་ལྷ་དང་འཕྲལ། ཚེ་བསོད་དཔལ་འབྱོར་འཕྲོག། ལས་ཉོན་སྡིག་སྒྲིབ་སྦྱངས། ཟེར་བའི་སྐབས་འབྱུང་པོ་ཉུལ་ལེ་མ་ལུ་ སྐྱབས་མཛད་མི་ལྷ་ཚུ་དང་ཁ་འཕྱལ་གཏང་། ཁོ་གི་ཚེ་དང་བསོད་ནམས་ཚུ་མེདཔ་བཟོ། ལས་དང་ཉོན་མོངས་པ་ཚུ་སྦྱངས་ཏེ་ རྣམ་པར་ཤེས་པ་དག་པའི་ཞིང་ཁམས་ལུ་གཏང་པའི་ཚུལ་སྟོན་གནངམ་ཨིན།

དགོས་པ།[ཞུན་དག།]

གྲི་གིང་ལུ་ཡང་ཆས་ཚུ་ རྒྱུག་གིང་དང་འདྲཝ་ཨིན། ཞལ་འབག་ཁྲོ་བོ་དམརཔོ། ཨམ་ཙིག་བསྡམ་པ། ཕྱག་གཡས་པར་རལ་གྲི་འོང་།

རྔ་གིང་གིས་ ཉུལ་ལེ་མའི་ཤ་ཁྲག་གི་མཆོད་པ་ རིག་འཛིན་གྱི་ལྷ་ཚོགས་ཚུ་ལུ་ ཚོགས་ཀྱི་འཁོར་ལོ་སྦེ་ཕུལ། རྒྱལ་བའི་བསྟན་པར་བར་ཆད་དུ་གཅོད་མཁན་གྱི་བདུད་ཚུ་ཕམ་ ལྷག་མ་མེད་པར་བཏུལ་ཏེ་ མདོ་སྔགས་ཀྱི་བསྟན་པ་དར་ཞིང་རྒྱས་པའི་ཆོས་རྔ་བརྡུངས། དགའ་སྟོན་གྱི་བྲོ་འཆམས་པའི་ ཚུལ་སྟོན་གནངམ་ཨིན་པས།

རྔ་གིང་ཆས་ གོང་གི་གིང་གཉིས་དང་ཆ་འདྲ་ ཨིན་རུང་དར་དཀྱི་ནི་མེདཔ་ཨིན་པས། ཞལ་འབག་ཁྲོ་བོ་སྔོན་མོ་ མཆེ་བ་བཞི་དང་ ཕྱག་མཚན་ལུ་ རྔ་དང་རྔས་ཏོག་བསྣམས་ཏེ་འོང་། ལེའུ་གི་ཐད་ལུ་ཡང་འཐོན་འཆམ་ལས་འཛུལ་འཆམ་ཚུན་ ལེའུ་༡༠ ཐམ་ཡོདཔ་ཨིན། གིང་གསུམ་གྱི་སྐུ་འཆམ་ཚུ་གནང་ཚར་ཚར་ལུ་ དུས་ཡུན་ཆུ་ཚོད་གཅིག་དང་ སྐར་མ་སུམ་ཅུ་གི་རྩིས་འགོར་དོ་ཡོདཔ་ཨིན།

འཆམ་དེ་ཚུ་དུས་མཆོད་སོ་སོ་དང་བསྟུན་གནང་དགོ་མི་ཡང་ སྙིགས་མའི་སྐྱབས་མགོན་ ཨྱོན་གུ་རུ་རིན་པོ་ཆེ་དང་ གཏེར་སྟོན་མཆོག་གི་མཛད་རྣམ་དང་ བཀའ་དྲིན་རྗེས་སུ་དྲན་ནི་དང་ དེ་སྦེ་མོས་གུས་ཀྱི་སྒོ་ལས་མཇལ། སེམས་ལུ་དྲན། གསོལ་བ་བཏབ་ད་ར་ སོ་སོའི་རྒྱུད་ལུ་ བྱིན་རླབས་ཚུ་ངམ་ངམ་ཤུགས་ཀྱིས་འཇུག་ནི་ཨིན། དེ་གི་མཐུ་ལས་ ས་གནས་དང་ རྒྱལ་ཁམས་ཡོངས་ལུ་ ད་རེས་བདེ་སྐྱིད་ཀྱི་དཔལ་གཡང་ཚུ་འབྱུང་ནི་དང་ ཚེ་ཕྱི་མ་ཡང་ངན་སོང་ལས་གྲོལ་ཏེ་ ཟངས་མདོག་དཔལ་རི་གི་ཞིང་ཁམས་ཚུ་ནང་ སྐྱེ་བ་འཐོབ་ནི་གི་དགོས་པ་ཚུ་ཡོདཔ་ཨིན་པས།

ནང་པའི་ཆོས་ཀྱི་བསྟན་པ་དང་ ལྷག་པར་གསང་སྔགས་ཀྱི་བསྟན་པ་དར་བའི་ཡུལ་ལྗོངས་ཚུ་ནང་ གར་འཆམ་སྣ་ཚོགས་སྦེ་གནང་སྲོལ་ཡོད། ཨིན་རུང་ གིང་འཆམ་དེ་རང་གི་རྒྱལ་ཁབ་ཀྱི་མཐུན་མོང་མ་ཡིན་པའི་ གར་འཆམ་ གཞན་ལུ་ངོམས་བཏུབ་ རང་ལུ་བཞག་བཏུབ་མི་ཅིག་ཨིན།

འདི་ཕྱི་གཉིས་ལུ་ཕན་པའི་ སྐུ་འཆམ་ཚུ་གི་ཁུངས་དང་དགོས་པ་ དེའི་ཆས་གོས། གར་སྟབས་ཚུ་གི་སྐོར་ ལེགས་ཤོམ་སྦེ་ཧ་གོ་ཚུགས་པ་ཅིན་རབ་དང་ དེ་མིན་རུང་ དེ་ཚུ་ག་ར་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་ཚུ་གིས་ ང་བཅས་འགྲོ་བ་ཚུ་ ཐར་པ་འདྲེན་ནི་གི་དོན་ལུ་ མཛད་གནང་གནངམ་ཨིན་མནོ་བའི་ མོས་གུས་ལྷད་མེད་ཀྱི་སྒོ་ལས་ མཇལ་ནི་ལུ་གང་དྲག་ བརྩོན་དགོ་ཟེར་ཞུ་ནི་ལགས།།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།[ཞུན་དག།]

རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བ། འབོད་འཆམ་ཁུངས་དོན་དང་ལུས་སྦྱོང་ཟིན་བྲིས་ལག་དེབ། ༢༠༡༢ ཀྲི་ཨེན་པར་སྐྲུན་ཁང་ཁང་ ཐིམ་ཕུ།

"https://dz.wikipedia.org/w/index.php?title=གིང་གསུམ།_Ι_Gingsum&oldid=31568" ལས་ སླར་འདྲེན་འབད་ཡོདཔ།