དགེ་བསྙེན་ཇག་པ་མེ་ལེན། Ι Gyenyen Jagpa Milen

Wikipedia ལས།

རྒྱལ་རབས་ཀྱི་འབྱུང་ཁུངས་དང་འཁྲིལཝ་ད་ལུ་ ཐིམ་ཕུག་གི་ས་གནས་འདི་ཨཔ་དགེ་བསྙེན་ཇག་པ་མེ་ལེན་དང་འབྲེལ་བ་སྦོམ་ཡོདཔ་ཨིན། དེ་ཡང་ས་གནས་ཀྱི་མིང་ཐིམ་ཕུག་ཟེར་ཐོབ་མི་འདི་ ཨཔ་དགེ་བསྙེན་ཇག་པ་མེ་ལེན་འདི་བདེ་ཆེན་ཕུག་གི་ལྷ་ཁང་གི་མཐའ་མར་ཡོད་པའི་ རྡོ་ཕུག་སྦོམ་ཅིག་གི་ནང་ན་ཐིམ་ཞིན་ན་ཡལ་འགྱོ་བའི་ཤུལ་ལས་ཐོབ་ཡོདཔ་ཨིན་པས། ཧེ་མའི་གཏམ་རྒྱུད་ལས་ ཨཔ་དགེ་བསྙེན་འདི་འབྲུག་བཀའ་བརྒྱུད་ཀྱི་མཁས་གྲུབ་ཀྱི་བླམ་དང་ ས་གནས་ཀྱི་མི་སེར་ཚུ་སྲུང་སྐྱོབ་འབདཝ་ཨིན་མས། དེ་བསྒང་ཁོ་མིའི་གཟུགས་སྦེ་ཡོད་ནི་དེ་གིས་མི་སེར་ཚུའི་དོན་ལུ་ ལཱ་རྣམ་པ་སྣ་ཚོགས་འབད་སར་མཐོང་དོ་ཡོདཔ་ཨིན་མས། མི་སེར་ཚུ་གི་ཁོ་གི་ཞབས་ཏོག་ལག་ལེན་འཐབ་ཆོག་རུང་ ཁོ་ལུ་བཞེས་སྒོ་དྲིམ་བཏགས་བཏགསཔ་དང་ཤ་ཚུ་ཕུལ་མ་ཆོགཔ་ཨིན། ས་གནས་དེ་གི་མི་ཚེར་ཚུ་གིས་ལུགས་སྲོལ་འདི་ལུ་གནས་ཡོད་རུང་ ཚར་གཅིག་འབདཝ་ད་ཡུགས་ས་མོ་གཅིག་གིས་ དགེ་བསྙེན་འདི་ཤིང་འབག་ནི་གི་གྲོགས་རམ་འཚོལ་ཏེ་ མོ་ལུ་གཞན་ཕུལ་ནི་ག་ནི་ཡང་མེད་པར་བཞེས་སྒོ་དྲིམ་མནམ་མི་དྲངས་ཡོདཔ་ཨིན་མས། དེ་ལས་ཚུར་དགེ་བསྙེན་འདི་ཨ་ཙི་ཅིག་ཁྲོ་བོ་གྱུར་ཏེ་མི་སེར་ཚུ་བསད་ཡོད་པའི་ལོ་རྒྱུས་ཚུ་ཡང་སླབ་ནི་འདུག། འ་ནཱི་དུས་ཚོད་འདི་ཨཔ་དགེ་བསྙེན་ མི་གི་གཟུགས་སྦེ་མཐོང་མི་འདི་མཇུག་ཨིན་ཟེར་བཤདཔ་མ་ཚད་ དེ་བསྒང་བོད་ཀྱི་འབྲུག་ར་ལུང་གི་དགོན་སྡེའི་གཙོ་འཛིན་བླམ་འཇམ་དབྱངས་དབང་པོ་མཆོག་ འབྲུག་ལུ་ལྟ་བཤལ་ནང་ལུ་ཕེབས་ཅིག་ར་ཨིན་མས།

དེ་བསྒང་ཁོ་བླམ་འཇམ་དབྱངས་དབང་པོ་གིས་རྡོ་ཕུག་འདི་ནང་བཙུགས་ཏེ་དམ་ལ་བཏགས་ཞིན་ན་ ཁོ་ཨ་ནཱི་རྡོ་ཕུག་གི་ནང་ན་ལས་མིའི་གཟུགས་སྦེ་ བླམ་དང་ཆོས་ཀྱི་མཁས་གྲུབ་ཚུ་གིས་སྤྱན་དྲངམ་ད་རྐྱངམ་གཅིག་ ཕྱི་ཁར་འོང་ཞིན་ན་གྲོགས་རམ་དང་རྒྱབ་སྐྱོར་འབད་ཆོག་ཟེར་དམ་བཅའ་འབད་བཅུག་ཡོདཔ་ཨིན་མས། དགེ་བསྙེན་ཇག་པ་མེ་ལེན་དམ་ལ་བཏགས་མི་འདི་ བླམ་འཇམ་དབྱངས་དབང་པོ་རྐྱངམ་གཅིག་གིས་མ་ཚད་པར་ ཤུལ་ལས་འབྲུག་ལུ་བྱོན་མི་བླམ་ཚུ་གིས་ཡང་ ཧེ་མ་ཁོ་རའི་ཞུ་བ་འབད་མི་དམ་བཅའ་འདི་བསྐྱར་གསོ་འབད་དེ་ ཁོ་གིས་མི་སེར་དང་སངས་རྒྱས་ཀྱི་བསྟན་པ་ལུ་འདྲེ་གདོན་གྱི་ལྟ་བ་མ་མེད་པའི་ཐོག་ལས་ ཞབས་ཏོག་ཞུ་ཆོགཔ་སྦེ་དམ་ལ་བཏགས་གནང་ཡོདཔ་ཨིན་མས། དགེ་བསྙེན་ཇག་པ་མེ་ལེན་འདི་རྟ་མགྲིན་གྱི་སྤྲུལ་པ་ཨིནམ་སྦེ་ཡིད་ཆེས་བསྐྱེདཔ་ཨིན་རུང་ཡང་ ཁོ་གནོད་སྦྱིན་ཡོན་ཞུ་དང་འདྲེ་གདོང་དམར་ལུ་སྐྱེས་ནི་དེ་གིས་ གནོད་སེམས་ཅན་གྱི་འདྲེ་གདོན་དྲག་པོའི་ནང་གསེས་ཅིག་སྦེ་ ཁོ་གིས་བླམ་ཚུ་གིས་དམ་ལ་མ་བཏགས་ཚུན་ཚོད་ སངས་རྒྱས་ཀྱི་བསྟན་པ་ལུ་གནོད་པའི་ལཱ་འབད་དེ་ཡོདཔ་ཨིན། གཏམ་རྒྱུད་གཅིག་ལས་ཧེ་མ་གུ་རུ་རིན་པོ་ཆེ་འདི་ བོད་ལས་ཚུར་འབྲུག་ལུ་ཧི་མ་ལ་ཡ་གི་འདྲེ་གདོན་གདུག་པ་ཅན་ཚུ་དམ་ལ་བཏགས་ཏེ་བྱོནམ་ད་ཨཔ་དགེ་བསྙེན། དགེ་བསྙེན་ཀུ་ལ་གངས་རི། དགེ་བསྙེན་དམ་ཅན་རྡོ་རྗེ་དང་གཞན་མི་ཆོས་སྲུང་ཚུ་གིས་གུ་རུ་ལུ་ཁས་བླངས་ཀྱི་ཐོག་ལས་ དམ་བཅའ་ཕུལ་ཡོདཔ་ཨིན་མས། ཁོང་དམ་ཅན་ལྔ་གིས་གུ་རུ་ལུ་ཁས་བླངས་ཐོགས་ལས་དམ་བཅའ་ཕུལ་མི་ལུ་ གུ་རུ་རིན་པོ་ཆེ་ཡང་ཐུགས་མཉེས་ཏེ་ཁོང་ཆ་ཁྱབ་ཧེ་མ་བལ་ཡུལ་ཡང་ལེ་ཤོད་ལུ་དམ་ལ་བཏགས་མི་གི་ཁས་བླངས་འདི་གི་འོག་ལུ་ ནང་པ་ཆོས་ཀྱི་བསྟན་པ་སྲུང་སྐྱོབ་འབད་མི་ཆོས་སྲུང་སྦེ་བསྐོ་བཞག་གནང་བའི་ཤུལ་ལས་ གུ་རུ་གིས་ཁོང་ཆ་ཁྱབ་ལུ་ཆོས་གསུངས་ཏེ་དགེ་བསྙེན་ཟེར་བའི་གོ་གནས་འདི་གནང་ཡོདཔ་ཨིན་མས། དགེ་བསྙེན་ཟེར་མི་འདི་ནང་པའི་ཆོས་དང་འབྲེལ་བའི་གོ་གནས་ཅིག་ཨིནམ་ལས་ འདི་ནང་པའི་ཆོས་ལུ་ཐོས་བསམ་སྒོམ་འབད་དེ་གནས་ཚད་ཧ་ལམ་ཅིག་ལུ་ལྷོདཔ་ད་བྱིནམ་ཨིན། དམ་ལ་བཏགས་མི་འདྲེ་གདོན་ཚུ་ག་ར་གི་དགེ་བསྙེན་གྱི་གོ་གནས་ཐོབ་ནི་མེད། དགེ་བསྙེན་ཚུ་ཡང་དུས་ནམ་ཅིག་གི་ཚེ་སངས་རྒྱས་འོང་ཟེར་གསུངས་ཡོདཔ་ལས་ ཨཔ་དགེ་བསྙེན་ཡང་ནམ་ཅིག་སངས་རྒྱས་ནི་ཨིན་མས།

དེ་ལས་ཞབས་དྲུང་རིན་པོ་ཆེ་བོད་ལས་བྱོན་ཞིན་ན་ལུང་ནག་ན་ལུ་ཕེབས་ད་ ཨཔ་དགེ་བསྙེན་འདི་ཁོ་རའི་གསང་ཡུམ་སྤང་རི་ཟམ་པའི་མཚོ་སྨནམོ་དང་གཅིག་ཁར་ ཐིམ་ཕུག་ལས་ཡར་ལུང་ནག་ན་ཚུན་ཚོད་ཞབས་བསུ་ལུ་འགྱོ་ཡོདཔ་ཨིན་མས། ཤུལ་ལས་ཨཔ་དགེ་བསྙེན་གྱིས་མགར་ས་ལུ་སོང་ཞིན་ན་ ཞབས་དྲུང་རིན་པོ་ཆེ་འདི་ ཐིམ་ཕུག་སྤང་རི་ཟམ་པའི་འབྲུག་བདེ་ཆེན་ཕོ་བྲང་ནང་ལུ་གདན་འདྲེན་ཞུ་སྟེ་ ཞབས་དྲུང་རིན་པོ་ཆེ་སྤང་རི་ཟམ་པ་ལུ་བཞུགསཔ་ད་ ཨཔ་དགེ་བསྙེན་འདི་ དུས་རྒྱུན་དུ་ཞབས་དྲུང་གི་ཕྱག་ཞུ་ཞིན་ན་ གཞན་གནོད་འཚེ་ཅན་གྱི་འདྲེ་གདོན་ཚུ་ཡང་འབད་བཅུག་ཡོདཔ་ཨིན་མས། ལོ་རྒྱུས་གཅིག་གིས་ ཚར་གཅིག་ཞབས་དྲུང་གིས་སྤང་རི་ཟམ་པ་ལུ་འདྲེ་གདོན་དམ་ལ་མ་བཏགས་མི་ཚུ་བཀུག་ཞིན་ན་ ཁོང་ཆ་ཁྱབ་ཀྱི་རྒྱབ་སྐྱོར་དགོཔ་སྦེ་གསུངམ་ད་ ཨཔ་དགེ་བསྙེན་གྱིས་ཁོང་ཆ་ཁྱབ་ཀྱི་འོངས་ལས་ཁོང་དང་བསྟུན་གྲོས་མེད་པར་ ཁས་བླངས་ཀྱི་ཐོག་ལས་ནང་པའི་བསྟན་པ་སྲུང་མི་འབད་ནི་གི་ཁ་བཟེད་མི་དེ་གིས་གཞན་ཚུ་ཙིགཔ་ཟ་སྟེ་ ངོ་རྒོལ་འབད་རུང་ཁོ་གིས་བཟོད་པ་བསྒོམས་ཏེ་འཐབ་འཛིང་མ་འབད་བར་སྡོད་ནུག། གཏམ་རྒྱུད་གཅིག་ལས་ ཚར་གཅིག་ཨཔ་ཁྱུང་བདུད་དང་ཨཔ་དགེ་བསྙེན་གཉིས་ ཞབས་དྲུང་གིས་ཕྱག་ཞུ་སྡོད་པའི་སྐབས་ཁོང་གཉིས་མིག་འཕྲུལ་ཅན་གྱི་རྒྱལ་ཁབ་ལས་མེ་ཨརཝ་རྐུ་བ་བཏང་ཡོད་རུང་ མེ་འདི་ཨཔ་ཁྱུང་བདུད་རྐྱངམ་གཅིག་གིས་ཐོབ་ཡོདཔ་ཨིན་མས། ཨིན་རུང་ཁོང་གཉིས་འོང་སའི་ལམ་ཁར་ལུ་ལོ་ཆོག་གཏང་མི་དང་ཁ་ཐུག་རྐྱབ་སྟེ་ ཨཔ་ཁྱུང་བདུད་ཆང་འཐུང་སྟེ་ར་བཟི་སྟེ་ཞབས་དྲུང་གིས་གནམ་མ་བསྲོཔ་ཅིག་ལས་ལོག་ཤོག་ཟེར་མི་ བཀའ་རྒྱ་འདི་སེམས་ཁར་ལས་རྗེད་ཡར་སོ་ནུག། དེ་འབདཝ་ད་ཨཔ་དགེ་བསྙེན་འདི་ཆང་མ་འཐུང་པར་ཡོདཔ་ལས་ ཁོ་ཞབས་དྲུང་རིན་པོ་ཆེ་ལུ་མེ་འདི་སྒྱུ་མ་མཁན་གྱི་རྒྱལ་ཁམས་ལས་ཁོ་གིས་ཐོབ་ཐོབ་ཨིན་ཟེར་སྟོན་ནི་དོན་ལུ་ ཨཔ་དགེ་བསྙེན་གྱིས་ཨཔ་ཁྱུང་བདུད་ཀྱི་ལག་པ་ལས་ཨརཝ་རྐུ་སྟེ་ བང་རྒྱུག་རྐྱབ་སྟེ་ཆོ་གི་འགོ་བཙུག་ནི་དོན་ལུ་མེ་འཕུར་ནི་སྦེ་བསྒུག་བཞུགས་མི་ ཞབས་དྲུང་གི་ཕོ་བྲང་ནང་ལུ་འོང་ཡོདཔ་ཨིན་མས། ཞབས་དྲུང་གིས་ཨཔ་ཁྱུང་བདུད་ག་ཏེ་སྨོ་ཟེར་གསུངམ་ད་ ཨཔ་དགེ་བསྙེན་གྱིས་ཁོ་གཡུས་ཚན་ཅིག་ནང་ཆང་འཐུང་སྟེ་ལུས་སོ་ཡི་ཟེར་ཞུཝ་ད་ ཞབས་དྲུང་དགོངསམ་ཁྲེལ་ཏེ་ ད་ལས་ཕར་ཨཔ་ཁྱུང་བདུད་འདི་ལྷ་ཁང་དང་གྲྭ་ཚང་དེ་ལས་དབུ་རྩེ་ཡོད་སའི་ས་གོ་ནང་ལུ་ རྩ་ལས་སྡོད་མི་ཆོག་ཟེར་ཨཔ་ཁྱུང་བདུད་མེད་པའི་སྐབས་བཀའ་རྒྱ་གནང་ནུག། དེ་ལས་ཁོ་སྤྱན་དྲང་ནི་དོན་ལུ་བཟོ་མི་གཏོརམ་ཚུ་བཀོ་གཏང་དགོཔ་སྦེ་གསུངས་ནུག།

ཨཔ་ཁྱུང་བདུད་ལྷོད་ཞིན་ན་རྩོད་གཞི་འདི་ཞབས་དྲུང་ལུ་ ཨཔ་དགེ་བསྙེན་གྱིས་ཁོ་ལས་མེ་ཨརཝ་རྐུ་ཡི་ཟེར་ཞུ་མི་ལུ་བརྟེན་ཏེ་ དེ་ལས་ཚུར་དགེ་བསྙེན་ཇག་པ་མེ་ལེན་ཟེར་མི་མཚན་འདི་ཐོབ་ཡོདཔ་སྦེ་བཤདཔ་ཨིན་མས། དེ་ལས་ཞབས་དྲུང་གིས་ཨཔ་ཁྱུང་བདུད་ལུ་སྡི་ཆེ་རུང་ ཁོ་ལྷ་ཁང་དང་གྲྭ་ཚང་ཚུ་ནང་སྡོད་མི་ཆོག་ཟེར་གསུངས་མིའི་བཀའ་རྒྱ་འདི་ལོག་མ་ཚུགསཔ་ཨིན་རུང་ ཁོ་རའི་ས་གོ་ནང་ལུ་ཧ་ཅང་གིས་སྟོབས་ཤུགས་ཅན་བཟོ་ནི་གིས་དམ་བཅའ་བཞེས་ནུག། ཞབས་དྲུང་དགོངསམ་ཁྲེལ་ཏེ་ཨཔ་དགེ་བསྙེན་གྱི་ཟ་ལྟབ་གཡོནམ་གུར་ལྡན་ལྕག་བླུགསཔ་ད་ རྣམ་ཅོ་བྱ་རྡུགས་སོང་ཡོདཔ་ལས་ ད་རེས་ནངས་པ་ཨཔ་དགེ་བསྙེན་སྤྱན་དྲངམ་ད་ དགེ་སློང་ཚུ་གིས་བྱི་སི་རྐྱབ་སྟེ་རོལམ་དང་རྔ་ཚུ་ཤུགས་སྦེ་ བརྡུང་དགོ་མི་གི་རྒྱུ་མཚན་འདི་ལུ་བརྟེན་ཏེ་ཨིན་ཟེར་བཤདཔ་ཨིན་མས། ཨཔ་དགེ་བསྙེན་འདི་ཐིམ་ཕུག་ལུ་རྐྱངམ་གཅིག་མ་དོ་བར་ འབྲུག་ཤར་ཕྱོགས། དགེ་ལེགས་ཕུག། བོད་དང་བལ་ཡུལ་ཚུ་ནང་ཡང་བསྟེན་དོ་ཡོདཔ་ཨིན་མས། ཇག་པ་མེ་ལེན་འདི་ད་ལྟོ་སངས་མ་རྒྱས་པར་ཡོད་རུང་ གུ་རུ་དང་བླམ་ལེ་ཤ་ལས་ཆོས་ཞུ་མི་དེ་གིས་ནམ་ཅིག་སངས་རྒྱས་འོང་ཟེར་ཨིན་མས། (འབྲུག་ནང་པའི་བསྟན་པ། གནམ་ལོ་མེད། སྤྱི་ལོ་ ༢༠༢༡)

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

༡༽        འབྲུག་ནང་པའི་བསྟན་པ། དགེ་བསྙེན་ཇག་པ་མེ་ལེན་གྱི་བྱུང་རབས། གནམ་ལོ་མེད། སྤྱི་ལོ་ ༢༠༢༡། ཕེསི་བྷུག། ཡོངས་འབྲེལ་ཁ་བྱང་། https://www.facebook.com/147962355782812/posts/history-of-genyen-jagpa-milen-ap-genyen-jagpa-milen-or-simply-ap-genyen-he-comma/957932724785767/

དགེ་བསྙེན་གྱི་བསངས་མཆོད།