དགེ་ལེགས་ཕུག་ཁྲོམ་སྡེ། Ι Gelephu Municipality

Wikipedia ལས།

གསར་སྤང་རྫོང་ཁག་གི་མངའ་འོག་གི་རྫོང་ཁག་བདག་སྐྱོང་ལས་ཤར་ཕྱོགས་ཁ་ཐུག་ སྣུམ་འཁོར་ནང་འཛུལ་ཏེ་ཀི་ལོ་མི་ཊར་ ༣༣ དེ་ཅིག་འགྱོཝ་ད་ དགེ་ལེགས་ཕུག་གི་ཁྲོམ་ཁར་ལྷོདཔ་ཨིན་མས།  ཧེ་མ་འབད་བ་ཅིན་དགེ་ལེགས་ཕུག་དེ་ཁྱིམ་གུང་པ་ ༤༠༠ དེ་ཅིག་སྦེ་མོ་ཆུའི་མཐའམ་བདའ་སྟེ་ཡོད་མི་ས་གོ་ཧཱ་ཏི་སར་ ༼གླངམོ་ཆེ་རུ་ཁག་སྦེ་འཐོན་ས་ཟེར་བའི་ས་གོ་དེ་ཁར་སྡོད་ཡོདཔ་ཨིན་མས༽ ཨིན་རུང་སྤྱི་ལོ་ ༡༩༥༣ ལུ་ ཆུ་རུད་ཐོན་པའི་རྐྱེན་ངན་འདི་ལུ་བརྟེན་ཏེ་ ད་ལྟོ་ཁྲོམ་ཆགས་ཏེ་ཡོད་པའི་ས་གོ་འདི་ཁར་སྤོ་ཤུད་འབད་བའི་ཤུལ་ལས་ མི་རློབས་གྱངས་ཁ་ཡར་སེང་འགྱོ་མི་དང་བསྟུན་ཏེ་ རིམ་གྱིས་སྦེ་ཁྲོམ་ཆགས་ནི་འགོ་བཙུགས་ཡོདཔ་ཨིན་མས། སྤྱི་ལོ་ ༢༠༢༠ གི་ཁྲོམ་སྡེའི་སྙན་ཞུ་དང་འཁྲིལ་བ་ཅིན་ དགེ་ལེགས་ཕུག་ཁྲོམ་སྡེ་ནང་ལུ་སྡོད་མི་གི་མི་རློབས་གྱངས་ཁ་ ༡༢༠༧༢ དང་ཁྱིམ་གུང་ཡོངས་བསྡོམས ༢༨༤༧ ཐོ་བཀོད་འབད་དེ་ཡོདཔ་ཨིན་མས། དགེ་ལེགས་ཕུག་གི་ཁྲོམ་དེ་ཡང་མོ་ཆུ་གི་ཤར་ཕྱོགས་ཁ་ཐུག། བསམ་གཏན་གླིང་རྒེད་འོག་གི་ནུབ་ཕྱོགས་ཁ་ཐུག། དེ་བཟུམ་སྦེ་དགེ་ལེགས་ཕུག་རྒེད་འོག་གི་བྱང་ཕྱོགས་ཁ་ཐུག་དང་ རྒྱ་གར་མངའ་སྡེ་ཨ་སམ་གྱི་ལྷོ་ཕྱོགས་ཁ་ཐུག་ལུ་སྦེ་ཆགས་ཡོདཔ་ཨིན། དགེ་ལེགས་ཕུག་གི་ཁྲོམ་སྡེ་གི་ས་ཁོངས་ཁྱབ་ཚད་འདི་གྲུ་བཞི་ཀི་ལོ་མི་ཊར་༡༡.༥༢ ཡོདཔ་ཨིན་མས།

མ་གཞི་གསར་སྤང་གི་རྫོང་ཁག་བདག་སྐྱོང་ལྟེ་བ་འདི་གསར་སྤང་ལུ་ཡོདཔ་ཨིན་རུང་ དགེ་ལེགས་ཕུག་ཁྲོམ་གི་བདག་སྐྱོང་ལྟེ་བ་འདི་དགེ་ཕུག་ལུ་ཡོད་དགོ་མི་དེ་ཡང་ འབྲུག་གི་ཁྲོམ་སྡེའི་བཅའ་ཁྲིམས་ ༢༠༠༧ ཅན་མའི་ཤོག་གྲངས་༣༢ ཀྱི་དགོངས་དོན་ལྟར་དུ་ ཁྲོམ་སྡེ་དང་འབྲེལ་བ་ཡོད་པའི་གོང་འཕེལ་གྱི་ལས་རིམ་ཚུ་ལུ་ རང་གི་ཐབས་ལམ་དང་ལྕོགས་གྲུབ་བཏོན་ཏེ་ གཞུང་ལུ་ག་དེ་དྲག་དྲག་རྒྱབ་སྐྱོར་འབད་དགོ་ཟེར་ གསལ་སྟོན་འབད་ཡོདཔ་བཞིན་དུ་འབྲུག་རྒྱལ་ཁབ་ཀྱི་ལུང་ཕྱོགས་ཚུ་གི་ནང་ལས་ ང་བཅས་རའི་ཁྱིམ་ཚང་རྒྱ་གར་དང་གཅིག་ཁར་ཐད་ཀར་དུ་མཐུད་འབྲེལ་འབད་དེ་ཡོད་པའི་ སའི་ཆགས་ཚུལ། ཚོང་ལམ་གྱི་གོ་སྐབས། དཔལ་འབྱོར་གོང་འཕེལ་གྱི་ལས་སྣ། དེ་ལས་ཁྲོམ་ཚོགས་ཀྱི་འཆར་གཞི་བརྩམ་ནིའི་འོས་འབབ་དང་ ལྟ་བཤལཔ་ཚུ་རང་བཞིན་གྱིས་སེམས་དགའ་ཚུགས་པའི་ས་གོ་ སྦོམ་ཤོས་ཅིག་ཡོད་པའི་ཁྲོམ་སྡེ་ཅིག་སྦེ་ངོས་འཛིན་འབད་ཡོདཔ་ཨིན་མས། དེ་གིས་ཡང་མ་ཚད་པར་དགེ་ལེགས་ཕུག་གི་ཁྲོམ་ཚོགས་འདི་དབུས་ཕྱོགས་དང་ལྷོ་ཕྱོགས་རྫོང་ཁག་དཔེར་ན་ གསར་སྤང་དང་འགྲམ་ཕུག་དེ་ལས་ གཞལ་སྒང་དང་ཀྲོང་གསར་གྱི་རྫོང་ཁག་ཚུ་དང་མཐུད་འབྲེལ་ཡོད་ནི་འདི་གིས་ ཡར་རྒྱས་ཀྱི་ལྟེ་བ་ཅིག་སྦེ་ངོས་འཛིན་འབད་ཡོདཔ་ཨིན་མས། དེ་མ་ཚད་ཁྲོམ་སྡེ་འདི་ཕུན་སུམ་ཚོགས་པའི་རྒྱུ་རྐྱེན་དེ་ཡང་ས་ཆའི་ཆགས་ཚུལ། ཚོང་ལམ་གྱི་གོ་སྐབས། མི་རློབས་ཀྱི་འབོར་ཚད་ཚུ་ལུ་གཞི་བཞག་སྟེ་ ལྷོ་ཕྱོགས་ཀྱི་ལུང་ཕྱོགས་ནང་ལུ་གལ་ཅན་དང་ ཡོངས་གྲགས་ཅན་ཅིག་སྦེ་ངོས་འཛིན་འབད་ཡོདཔ་ཨིན། དགེ་ལེགས་ཕུག་གི་ཁྲོམ་སྡེ་འདི་སྤྱི་ལོ་ ༢༠༡༡ ལུ་ འབྲུག་གི་སྤྱི་ཚོགས་ཀྱིས་འབྲུག་རྒྱལ་ཁབ་ནང་ལུ་ ཁྲོམ་སྡེ་བཞི་གཞི་བཙུགས་འབད་ནི་ཆ་འཇོག་འབད་བའི་སྐབས་ལུ་ བཙག་འཐུ་ལས་གྲུབ་པའི་ཁྲོམ་དཔོན་དང་པ་རྣམ་རྒྱལ་གྱིས་སྐབས་ལུ་ གཞི་བཙུགས་འབད་ཡོདཔ་ཨིན་པས།

དགེ་ལེགས་ཕུག་གི་ཁྲོམ་སྡེ་སྦེ་གཞི་བཙུགས་མ་འབད་བའི་ཧེ་མ་ ཁྲོམ་སྡེ་འདི་ཁྲོམ་སྡེ་ལས་འཛིན་ཅིག་སྦེ་སྡོད་ཡོདཔ་ཨིན་པས། ཁྲོམ་སྡེ་ལས་འཛིན་འདི་ཡང་ སྤྱི་ལོ་༡༩༨༧ ལུ་ཁྲི་འཛིན་འདི་གསར་སྤང་རྫོང་ཁག་གི་རྫོང་བདག་དང་ ཁྲི་འཛིན་འོག་མ་འདི་དགེ་ལེགས་ཕུག་དྲུང་ཁག་གི་དྲུང་པ་གཉིས་ཀྱིས་འགོ་འདྲེན་འཐབ་ཐོག་ལས་ གཞི་བཙུགས་འབད་ཡོདཔ་ཨིན་མས། དེ་བསྒང་ཁྲོམ་སྡེ་ལས་འཛིན་གྱི་ཁ་ཐུག་ལས་ ཁྲོམ་ཁར་ཡོད་པའི་མི་སེར་ཚུ་ལུ་ཞབས་ཏོག་ཚུ་སྤུས་ཚད་ཅན་སྦེ་འཕུལ་ནི་གི་དོན་ལུ་ ལཱ་ཚུ་རྩ་འགེངས་ཏེ་འབད་དེ་ ཁྲོམ་ལམ་བདའ་མེ་བཙུགས་ཏེ་འོང་བབས་ཀྱི་ཁྲལ་བསྡུ་ལེན་གྱི་ཞབས་ཏོག། སྐྱེལ་འདྲེན་ཞབས་ཏོག། འཐུང་ཆུ་བཀྲམ་སྤེལ། གཙང་སྦྲ་འཕྲོད་བསྟེན་གྱི་མཐུན་རྐྱེན། བཟོ་སྐྲུན་གྱི་གནང་བ་སྤྲོད་ནི་དང་ དེ་ལས་ས་འཇལ་དང་ས་མཚམས་ཀྱི་ཞབས་ཏོག་ཚུ་ཡང་བྱིན་ཡོདཔ་ཨིན་མས། ཨིན་རུང་ཡང་ཁྲོམ་ཁར་སྡོད་མི་མི་སེར་ཚུ་ལུ་ ཁྲོམ་སྡེ་ལས་འཛིན་གྱི་ཞབས་ཏོག་ཚུ་ཡུན་བརྟན་གྱི་ཐོག་ལས་ ཁྲོམ་ཁར་གཞི་བཙུགས་འབད་དེ་ཡོད་པའི་མཐུན་རྐྱེན་ཚུ་ཉམས་བཅོས་འབད་དེ་ ཞབས་ཏོག་ཚུ་སྤུས་ཚད་ཅན་སྦེ་ཕུལ་མ་ཚུགས་པའི་དཀའ་ངལ་དང་ དེ་ལས་མི་སེར་ཚུ་ལུ་གོང་འཕེལ་གྱི་གནས་སྟངས་དང་འཁྲིལ་བའི་མཐུན་རྐྱེན་གྱི་ཞབས་ཏོག་གསརཔ་གཞི་བཙུགས་འབད་མ་ཚུགས་མི་དེ་ཡང་གཙོ་བོ་ མ་དངུལ་དང་མི་སྟོབས་ཀྱིས་ལང་མ་ཚུགས་པའི་དཀའ་ངལ་ཚུ་ལུ་བརྟེན་ཏེ་བྱུང་ཡོདཔ་ཨིན་པས།

དགེ་ཕུག་ཁྲོམ་སྡེ་གི་སྣང་འཆར།[ཞུན་དག།]

དགེ་ལེགས་ཕུག་གི་ཁྲོམ་སྡེ་འདི་ལུང་ཕྱོགས་ནང་ལུ་ ཚོང་ལམ་གྱི་གོ་སྐབས་སྦོམ་ཡོད་མི་ལུ་བརྟེན་ཏེ་ རྒྱལ་ཁབ་ནང་ལུ་དཔལ་འབྱོར་གྱི་འོང་འབབ་བཟོ་ཚུགས་པའི་ ག་ནི་བ་ཉམས་དགའ་བའི་སྔོ་ལྗང་ལྡན་པའི་ངལ་སངས་དང་ འཕྲོད་བསྟེན་ཅན་གྱི་ལྟེ་བ་ཅིག་བཟོ་ནི་གིས་འཆར་སྣང་ཡོདཔ་ཨིན་པས།

དགེ་ལེགས་ཕུག་ཁྲོམ་སྡེ་གི་དམིགས་ཡུལ།[ཞུན་དག།]

Ø  དེང་སང་འཕྲུལ་རིག་དང་རིག་རྩལ་ཚུ་ལག་ལེན་འཐབ་ཐོག་ལས་ དཔལ་འབྱོར་གནས་སྟངས་ལུ་གཙོ་རིམ་བཟུང་སྟེ་བཟོ་གྲྭ་གོང་འཕེལ། རྒྱུན་འབྲེལ་ལྟེ་བ། ཚོང་ལམ་གོ་སྐབས་སྣ་ཚོགས་འབྱུང་སའི་ས་ཁོངས་ཅིག་སྦེ་བཟོ་ནི་གིས་དམིགས་གཏད་བསྐྱེདཔ་ཨིན་པས།

Ø  བཙོག་རླུང་མེད་པའི་ནུས་ཤུགས་སྐྱེལ་འདྲེན་ཞབས་ཏོག། རྐང་འཁོར་གྱི་ལམ། རྐང་འགྲུལ་གྱི་ལམ། དགའ་ཉམས་སྐྱོང་སའི་སྐྱེད་ཚལ། ལུས་རྩལ་ས་ཁོངས།  མཛར་ཅུམ་བཟའ་སའི་ས་ཁོངས། རྒན་ཤོས་ཚུ་ངལ་སངས་གནང་ས། ཕོ་མོ་རང་སོའི་གསང་སྤྱོད་ཚུ་འཛིན་སྐྱོང་གི་ཐོག་ལས་ གོང་འཕེལ་གཏང་ནི་གིས་དམིགས་གཏད་བསྐྱེདཔ་ཨིན་མས།

Ø  ཁྲོམ་ཚོགས་འདི་ལས་ རིན་ཚད་དང་ལྡན་པའི་ཡུན་བརྟན་ཅན་གྱི་ཞབས་ཏོག་སྤྲོད་ཚུགས་ནི་གིས་དམིགས་གཏད་བསྐྱེདཔ་ཨིན།

དམིགས་དོན། འཆར་གཞི་གི་གནས་ཡུན་མཇུག་བསྡུཝ་ད་དགེ་ལུགས་ཕུག་ཁྲོམ་སྡེ་འདི་:[ཞུན་དག།]

Ø  རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་གཞི་རྩའི་ཐོག་ལས་ གོང་འཕེལ་གྱི་ལས་སྣ་ཚུ་འགྲུབ་ནི་ལུ་གཙོ་བོར་བཏོན་ནི།

Ø  ཉེན་སྲུང་ལྡན་པའི་འཐུང་ཆུ། འཛིན་སྐྱོང་ལྡན་པའི་བཙོག་ཆུའི་གཡུར་བ། ངལ་སངས་ཀྱི་མཐུན་རྐྱེན། ཉེན་སྲུང་ལྡན་པའི་སྐྱེལ་འདྲེན་དང་སྣུམ་འཁོར་བཞག་སའི་ས་ཁོངས་ཀྱི་མཐུན་རྐྱེན་ཚུ་ཡར་དྲག་གཏང་ནི།

Ø  མི་སྡེ་དང་བཟོ་གྲྭ་མཉམ་འབྲེལ་ཐོག་ལས་སླར་འབྱུང་ཅན་གྱི་གོང་འཕེལ་དང་སྤུས་ཚད་ཅན་གྱི་ཞབས་ཏོག་ལྟེ་བ་ཅིག་སྦེ་བཟོ་ནི་ཚུ་ཨིན་མས།

དགེ་ལེགས་ཕུག་ཁྲོམ་སྡེ་ནང་ལུ་འདེམས་ཁོངས་དྲུག་ཡོད་མི་ཚུ་ཡང་[ཞུན་དག།]

Ø  རབ་སྡེ་གླིང་འདེམས་ཁོངས།

Ø  འཇམ་དཔལ་གླིང་འདེམས་ཁོངས།

Ø  བསམ་གྲུབ་དགའ་ཚལ་འདེམས་ཁོངས།

Ø  ནམ་མཁའ་གླིང་འདེམས་ཁོངས།

Ø  བསམ་གྲུབ་གླིང་འདེམས་ཁོངས།

Ø  བཀྲ་ཤིས་གླིང་འདེམས་ཁོངས།

དེ་ལས་ཁྲོམ་སྡེའི་འོག་ལུ་ཡོད་པའི་སློབ་གྲྭ་ཁག་ཚུ།[ཞུན་དག།]

Ø  དགེ་ལེགས་ཕུག་འབྲིང་རིམ་སློབ་གྲྭ་གོང་མ།

Ø  དགེ་ལེགས་ཕུག་འབྲིང་རིམ་སློབ་གྲྭ་བར་མ།

Ø  དགེ་ལེགས་ཕུག་འབྲིང་རིམ་སློབ་གྲྭ་འོག་མ།

Ø  ཀུན་གྲུབ་འབྲིང་རིམ་སློབ་གྲྭ་གོང་མ། (སྒེར་སྡེ།)

དགེ་ལེགས་ཕུག་ཁྲོམ་སྡེའི་ཡིག་ཚང་ནང་ལུ་རང་ར་སོ་སོའི་འགན་འཁྲི་དང་འགན་ཁུར་སོ་སོ་སྦེ་འབག་སྟེ་ ལཱ་འབད་མི་སྡེ་ཚན་ཁག་༨ ཡོདཔ་ཨིན་མས། དེ་ཡང་བདག་སྐྱོང་དང་འབྲེལ་བ་ཡོད་མི་ཚུ་ ཁྲོམ་དཔོན་དང་བཀོད་ཁྱབ་དྲུང་ཆེན་གྱིས་འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས། དེ་ཡང་བཙག་འཐུ་ལས་གྲུབ་པའི་ཁྲོམ་དཔོན་གྱི་འོག་ལུ་ ཞི་གཡོག་ལས་བཀོད་ཁྱབ་དྲུང་ཆེན་ཅིག་ཡོདཔ་ཨིན། དེ་གི་འོག་ལུ་ཁྲོམ་སྡེ་འཆར་གཞི་དང་བཟོ་བཀོད་སྡེ་ཚན། ཐོ་བཀོད་དང་ས་འཇལ་སྡེ་ཚན། རྟེན་གཞི་རྒྱུན་སྐྱོང་གོང་འཕེལ་སྡེ་ཚན། དྲུང་ཆེན་སྡེ་ཚན། ཤེས་རིག་སྡེ་ཚན། ཁྲིམས་མཐུན་གྱི་སྡེ་ཚན། མཐའ་འཁོར་དང་མི་དམངས་གསོ་བའི་སྡེ་ཚན་དང་ བརྡ་དོན་འཕྲུལ་རིག་ཕྱོགས་སྒྲིག་སྡེ་ཚན་ཚུ་ཨིན་མས།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།[ཞུན་དག།]

༡༽   དགེ་ལེགས་ཕུག་ཁྲོམ་སྡེ། གནམ་ལོ་མེད། སྤྱི་ལོ་ ༢༠༠༥། ཡོངས་འབྲེལ་ཁ་བྱང་། https://ccba.in/project/་gelephu-structure+plan/

༢༽   དགེ་ལེགས་ཕུག་ཁྲོམ་སྡེ། འབྲུག་གི་ཁྲོམ་སྡེའི་བཅའ་ཡིག་ ༢༠༠༧ ཅན་མ། གནམ་ལོ་མེད། སྤྱི་ལོ་ ༢༠༠༧།

༣༽   དགེ་ལེགས་ཕུག་ཁྲོམ་སྡེ། གནམ་ལོ་མེད། སྤྱི་ལོ་ ༢༠༡༩། ཡོངས་འབྲེལ་ཁ་བྱང་། https://www.gelephuthromde.gov.bt