དངུལ་རྩིས་ལྷན་ཁག། Ι Ministry of Finance

Wikipedia ལས།

དངུལ་རྩིས་ལྷན་ཁག། Ι Ministry of Finance[ཞུན་དག།]

དངུལ་རྩིས་ལྷན་ཁག་གི་རྒྱལ་རབས།[ཞུན་དག།]

དངུལ་རྩིས་ལྷན་ཁག་འདི་ གཞི་བཙུགས་ཀྱི་གོམས་ཐེང་དང་པ་འདི་ སྤྱི་ལོ་ ༡༩༦༡ ལུ་རྒྱལ་ཡོངས་ཚོགས་འདུ་ཐེངས་ ༡༦ པའི་འགོ་བཙུགས་གནང་ནུག། དེ་ཡང་ཧེ་མའི་ཚོགས་འདུ་གི་གྲོས་ཆོད་དང་གྲོས་ཐག་བཅད་མི་ཚུ་ལུ་གཞི་བཞག་ཏེ་ ཚོགས་འདུའི་སྐབས་ རྩིས་ཁྲ་དང་ རྩིས་ཞིབ་ཀྱི་ཚོགས་པ་ རྒྱལ་རྩིས་ཁ་ལོ་བ་ཟེར་མི་གཅིག་གཞི་བཙུགས་མཛད་ནི་སྦེ་གྲོས་ཐག་བཅད་གནང་ནུག།

རྒྱལ་རྩིས་ཁ་ལོ་བ་ཟེར་མི་ཚོགས་པ་དེ་ནང་ འཐུས་མི་བཞི་ཡོདཔ་ཨིན། དེ་ཡང་མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་ཚབ་གཅིག། ལྷན་རྒྱས་ཀྱི་སྐུ་ཚབ་གཅིག མི་སེར་གྱི་སྐུ་ཚབ་གཅིག་དང་ གྲྭ་ཚང་གི་སྐུ་ཚབ་གཅིག་བཅས་བཞི་ཨིན། ཚོགས་པ་འདི་གི་ལས་འགན་ཡང་གཙོ་བོ་ འོང་འབབ་དང་རྒྱུ་དངོས་ཚུ་འཛིན་སྐྱོང་མཛད་ནི་འདི་ཨིན་མས། གཞུང་གི་ཟད་འགྲོ་མ་བཏང་བའི་ཧེ་མ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་ཤོག་ཕྱག་བྲིས་མ་གཅིག་ངེས་པར་དགོ་པའི་ཁར་ ཟད་རྩིས་ཚུ་ཡང་འཐུས་མི་བཞི་གིས་མཉམ་འབྲེལ་ཐོག་འཛིན་སྐྱོང་འབད་དོ་ཡོདཔ་ཨིན།  དེ་ལས་ལོ་ལྟར་གྱི་ཟད་རྩིས་དང་ རྩིས་ཁྲ་གི་ཁ་གསལ་ཚུ་མི་དབང་མངའ་ཞབས་མཆོག་ལུ་ཕུལཝ་ཨིན་མས།

རྫོང་ཁག་སོ་སོའི་འོང་བབས་ཚུ་ མི་དབང་མངའ་ཞབས་མཆོག་གིས་ ཐུགས་འདོད་དང་བསྟུན་གོ་བཀྲམ་བཏང་དོ་ཡོདཔ་ཨིན། དེ་ལས་ཡར་རྒྱས་ཀྱི་འཆར་གཞི་མང་སུ་འཐོནམ་ལས་ སྤྱི་ལོ་ ༡༩༦༨ ལུ་བློན་པོ་གསརཔ་གཉིས་བསྐོ་བཞག་གནང་བའི་གྲལ་ལས་ དྲག་ཤོས་ཆོས་རྒྱལ་འདི་རྩིས་བློན་སྦེ་ གསར་བསྐོས་གནང་ནུག། རྩིས་བློན་བསྐོ་བཞག་གནང་བའི་ཤུལ་ལུ་ རྒྱལ་རྩིས་ཁ་ལོ་བའི་ལཱ་དང་འགན་ཁུར་ཚུ་ དངུལ་རྩིས་ལྷན་ཁག་གིས་ཕྱག་ཕྱིད་ཞུ་ཡོདཔ་ཨིན། དེ་ཁར་ རྒྱལ་ཡོངས་ཚོགས་འདུ་ཐེངས་ ༣༠ པའི་ཤུལ་ དངུལ་རྩིས་ལྷན་ཁག་ལུ་ ཁྲལ་གྱི་རིགས་གསརཔ་བཙུགས་ནི་དང་ དང་ལེན་འབད་ནི་དང་འབྲེལ་བའི་ཞིབ་འཚོལ་གྱི་འགན་ཁུར་ཐེབས་འབག་དགོ་པའི་ བཀོད་ཁྱབ་གནང་ནུག། ལྷག་པར་དུ་ཚོགས་འདུ་ཐེངས་ ༣༣ པ་སྐབས་དངུལ་རྩིས་ལྷན་ཁག་ལུ་ འོང་བབས་ཀྱི་ལམ་ལུགས་ལེགས་ལྡན་གཅིག་བཟོ་ནིའི་འགན་ཁུར་བསྐྱལ་གནང་ནུག།

སྤྱི་ལོ་ ༡༩༨༠ ལུ་ འཆར་དངུལ་གོང་འཕེལ་འདི་ དངུལ་རྩིས་ལྷན་ཁག་ལུ་སྤྲོད་དེ་འཆར་དངུལ་ལས་ཁང་འདི་ གསར་བཟོ་འབད་ནུག། སྤྱི་ལོ་ ༡༩༨༥ ལུ་འཆར་དངུལ་ལས་ཁང་འདི་ རྩིས་ཁྲ་ལྟེ་བའི་སྡེ་ཚན་ནང་བསྡབ་སྟེ་ རྒྱལ་ཡོངས་འཆར་དངུལ་དང་རྩིས་ཁྲ་ལས་ཁུངས་ཟེར་མིང་གསརཔ་བཏགས་ནུག། སྤྱི་ལོ་ ༡༩༩༢ ལུ་གྲོགས་རམ་འགོ་འདྲེན་གྱི་ལཱ་འགན་ཚུ་ འཆར་གཞི་ལྷན་ཚོགས་ལས་དངུལ་རྩིས་ལྷན་ཁག་གི་རྒྱལ་ཡོངས་འཆར་དངུལ་དང་རྩིས་ཁྲ་ ལས་ཁུངས་ལུ་གནས་སོར་འབད་ནུག། རྒྱལ་ཡོངས་འཆར་དངུལ་དང་ རྩིས་ཁྲ་ལས་ཁུངས་འདི་རྒྱལ་ཡོངས་འཆར་དངུལ་དང་ གྲོགས་རམ་འགོ་འདྲེན་སྡེ་ཚན་ཟེར་མིང་གསརཔ་བཏགས་ནུག།

སྤྱི་ལོ་ ༢༠༠༠ ལུ་གཞུང་གི་སྤྱི་བསྡོམས་གཞི་སྒྱུར་གྱི་ཕྱོགས་བཟུམ་སྦེ་ རྒྱལ་ཡོངས་འཆར་དངུལ་དང་ གྲོགས་རམ་འགོ་འདྲེན་སྡེ་ཚན་འདི་ཁག་གཉིས་ལུ་གྱེས་ཏེ་ དེ་ཡང་ རྒྱལ་ཡོངས་འཆར་དངུལ་དང་རྩིས་ཁྲ་ལས་ཁུངས་དང་།  གྲོགས་རམ་དང་བུ་ལོན་འཛིན་སྐྱོང་ལས་ཁུངས་ཟེར་ ལས་ཁུངས་སོ་སོ་གཉིས་ལུ་བཟོ་ནུག། སྤྱི་ལོ་ ༢༠༠༣ ལུ་ གཞུང་གི་བཀའ་རྒྱ་དང་འཁྲིལ་ འཆར་གཞི་ལྷན་ཚོགས་འདི་ཧྲམ་གཏང་སྟེ་ དྲུང་ཆེན་ཡིག་ཚང་འདི་ དངུལ་རྩིས་ལྷན་ཁག་ནང་ལུ་ གནས་སོར་འབད་དེ་ འཆར་གཞི་ལས་ཁུངས་ཟེར་མིང་གསརཔ་བཏགས་གནང་ནུག། གོང་གི་ལས་ཁུངས་ཚུ་ལས་ལོག་སུ་སྦེ་ དངུལ་རྩིས་ལྷན་ཁག་གིས་འོང་འབབ་དང་ཅ་དམ་ལས་ཁུངས་དང་ རྒྱལ་ཡོངས་གཞུང་ཆས་ལས་ཁུངས་ཚུ་ཡང་བལྟཝ་ཨིན་མས།

མི་དབང་མཆོག་གི་སྐུ་ཚབ།[ཞུན་དག།]

རྒྱལ་ཡོངས་ཚོགས་འཛོམས་ཐེངས་ ༣༦ པའི་སྐབས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མི་དབང་ཨ་ཞེ་བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་ དངུལ་རྩིས་ལྷན་ཁག་ནང་མི་དམང་རྒྱལ་པོའི་སྐུ་ཚབ་སྦེ་ བསྐོ་བཞག་མཛད་གནང་ནུག། མི་དབང་ཨ་ཞེ་མཆོག་སྐུ་ཚབ་སྦེ་བཞུགས་པའི་རིང་ལུ་ ཁྲལ་གྱི་ནང་ལུ་ཕན་བདེའི་ལས་འཆར་མང་རབས་ཅིག་ གཞི་བཙུགས་གནང་ཡོདཔ་ད་ དེ་ཡང་ དམིགས་བསལ་དུ་མི་ཉམས་ཆུང་ཚུ་གི་མཐའ་དོན་ལུ་དམིགས་ཏེ་ཨིན་མས། སྤྱི་ལོ ༡༩༩༡ ལོ་མཇུག་བསྡུ་ཁམས་ལུ་ མི་དབང་ཨ་ཞེ་མཆོག་མི་དབང་རྒྱལ་པོའི་སྐུ་ཚབ་སྦེ་ དངུལ་རྩིས་ལྷན་ཁག་ལས་སོ་ནམ་ལྷན་ཁག་ནང་བྱོན་ནུག།

འཆར་སྣང་དང་ དམིགས་སྐྱེད།[ཞུན་དག།]

དང་པ་དངུལ་རྩིས་ལྷན་ཁག་གི་ འཆར་སྣང་དེ་ཡང་ ཁྱད་རིག་གི་ལཱ་རྒྱ་སྐྱེད་ཐོག་ལས་གཞུང་གི་དངུལ་འབྲེལ་འཛིན་སྐྱོང་ནང་མཆོག་འགྱུར།

གཉིས་པ་དངུལ་རྩིས་ལྷན་ཁག་གི་དམིགས་སྐྱེད་དེ་ཡང་ ཟད་འགྲོ་ཚུལ་མཐུན་འཛིན་སྐྱོང་ དོན་སྨིན་ཅན་གྱི་དངུལ་ཁུངས་རྩིས་སྤྲོད་དང་མཛོད་ཁང་ལག་ལེན་ཚུ་ འཇོན་ཐང་ཆེ་བའི་སྒོ་ལས་འབད་དེ་ མི་མང་ཐོན་སྐྱེད་ཚུ་དོན་སྨིན་ཅན་ཅིག་སྦེ་ ལག་ལེན་འཐབ་ཡོདཔ་ངེས་བརྟན་བཟོ་ནི།

གསུམ་པ་དངུལ་རྩིས་ལྷན་ཁག་གི་ ཁྱད་བཅུད་དེ་ཡང་ འོག་ལུ་བཀོད་དེ་ ཡོད་མི་ཚུ་ཨིན།

Ø  དྲང་བདེན།

Ø  དངོས་ཡོད།

Ø  དྭངས་གསལ།

Ø  འགན་འཁྲི།

Ø  ཁྱད་རིག་གི་ལཱ།

དངུལ་རྩིས་བློན་པོ།[ཞུན་དག།]

དངུལ་རྩིས་ལྷན་ཁག་གི་དབུ་ཁྲིདཔ་སྦེ་ དངུལ་རྩིས་བློན་པོ་ཅིག་བསྐོ་བཞག་འབད་སྲོལ་ཡོདཔ་ཨིན། ད་རེས་ དམངས་གཙོའི་རིང་ལུགས་ནང་ བཙགས་འཐུ་གྲུབ་པའི་ གཞུང་སྐྱོང་ཚོགས་པ་ལས་ དངུལ་རྩིས་བློན་པོ་ཅིག་ལོ་ལྔའི་རིང་ལུ་བསྐོ་བཞག་འབད་དོ་ཡོདཔ་ཨིན།

དངུལ་རྩིས་ལྷན་ཁག་འོག་གི་ལས་ཁུངས།[ཞུན་དག།]

༡༽ དཔལ་འབྱོར་དངུལ་ཁུངས་དང་དངུལ་རྩིས་འགོ་འདྲེན་ལས་ཁུངས།[ཞུན་དག།]

རྒྱ་ཆེ་དཔལ་འབྱོར་ལས་འབྲེལ་ལས་ཁུངས་འདི་རྒྱ་ཁྱབ་དཔལ་འབྱོར་གྱི་སྲིད་བྱུས་དང་ལས་རིམ་ཚུ་བཟོ་ནི་ ལྟ་རྟོག་དང་འགོ་འདྲེན་འཐབ་ནི།  དེ་མ་ཚད་ དཔལ་འབྱོར་གྱི་སྲིད་བྱུས་འགོ་འདྲེན་འཐབ་མི་ངོ་མ་ཅིག་ཨིནམ་དང་ གཞུང་ལུ་རྒྱ་ཁྱབ་དཔལ་འབྱོར་དང་ མི་མང་དངུལ་རྩིས་འཛིན་སྐྱོང་གི་སྲིད་བྱུས་ཚུ་གི་ གྲོས་སྟོན་བྱིནམ་ཨིན། འདི་གིས་དངུལ་རྩིས་སྲིད་བྱུས་དང་འབྲེལ་བའི་གནད་དོན་ དཔེར་ན་ཐོན་སྐྱེད་འཚོལ་སྒྲུབ་འབད་ནི་ ཟད་འགྲོ་འགབ་ནི་ མི་མང་བུ་ལོན་འཛིན་སྐྱོང་ མ་རྩའི་ཚོང་ལམ་གོང་འཕེལ་ ཟུང་ཕྱོགས་དང་མང་ཕྱོགས་དངུལ་རྩིས་གཙུག་སྡེ་ཚུ་དང་མཐུན་འབྲེལ་ཚུ་འབདཝ་ཨིན།

༢༽ མདོ་ཆེན་ཡིག་ཚང་ཞབས་ཏོག།[ཞུན་དག།]

ལས་ཁུངས་འདི་གི་འོག་ལུ་ སྡེ་ཚན་ལྔཔོ་དེ་ཡང་ བདག་སྐྱོང་དང་དངུལ་རྩིས་སྡེ་ཚན་གྱི་ལཱ་འགན་དང་འགན་ཁུར། བརྡ་དོན་བརྒྱུད་འབྲེལ་དང་འཕྲུལ་རིག་སྡེ་ཚན། མི་སྟོབས་སྡེ་ཚན། ཁྲིམས་དོན་སྡེ་ཚན་ཚུ་ཨིན་མས།

༣༽ འཆར་གཞི་འཆར་དངུལ་དང་གྲུབ་འབྲས་ལས་ཁུངས།[ཞུན་དག།]

རྒྱལ་ཡོངས་འཆར་དངུལ་ལས་ཁུངས་ལུ་སྡེ་ཚན་བཞི་ཡོད། སྡེ་ཚན་རེ་རེ་ལུ་ལཱ་སྡེ་དང་འཁྲིལ་ ལས་སྡེ་ཚུ་ཡོདཔ་ཨིན། དེ་ཡང་ མི་སྡེ་དང་སྔར་སྲོལ་སྡེ་ཚན། དཔལ་འབྱོར་དང་བརྒྱུད་འབྲེལ་སྡེ་ཚན། ས་གནས་གཞུང་སྡེ་ཚན་དང་ རང་སྐྱོང་དང་རྩ་ཁྲིམས་ཅན་གྱི་སྡེ་ཚན་ཚུ་ཨིན། འ་ནཱི་སྡེ་ཚན་བཞི་འདི་ངེས་པར་དུ་གོང་གི་ལཱ་འགན་ཚུ་དམིགས་ཡུལ་དང་བཅས་ལས་ཚབ་ཚུ་ལུ་ཞབས་ཏོག་བྱིན་དགོཔ་ཨིན། བརྡ་དོན་འཕྲུལ་རིག་ལས་ཚན་གྱིས་སྡེ་ཚན་ག་ར་ལུ་རྒྱབ་སྐྱོར་བྱིནམ་ཨིན།

༤༽ རྒྱལ་ཡོངས་མཁོ་སྒྲུབ་དང་རྒྱུ་དངོས་ལས་ཁུངས།[ཞུན་དག།]

ལས་ཁུངས་འདི་གི་འོག་ལུ་ སྡེ་ཚན་དྲུགཔོ་དེ་ཡང་ བདག་སྐྱོང་ཞབས་ཏོག་སྡེ་ཚན། གཞུང་གི་མཁོ་སྒྲུབ་དང་རྒྱུ་དངོས་འཛིན་སྐྱོང་སྡེ་ཚན། རིན་བསྡུར་དང་ཐོ་བཀོད་ལས་ཚན། ཉམས་བཅོས་དང་རྒྱུན་སྐྱོང་སྡེ་ཚན། ལག་ཤེས་སྒྱུ་རྩལ་དང་ལག་བཟོ་སྡེ་ཚན་ཚུ་ཨིན།

༥༽ དངུལ་མཛོད་དང་དངུལ་རྩིས་ལས་ཁུངས།[ཞུན་དག།]

ལས་ཁུངས་འདི་གི་འོག་ལུ་ སྡེ་ཚན་གསུམ་དེ་ཡང་ ཕྱག་མཛོད་འཛིན་སྐྱོང་སྡེ་ཚན། དངུལ་ཁུངས་རྩིས་སྤྲོད་དང་ལྟ་རྟོག་སྡེ་ཚན། རྩིས་ལས་སྡེ་ཚན། རྒྱལ་ཡོངས་དངུལ་རྩིས་ཞབས་ཏོག་ལས་ཚན་ཚུ་ཨིན།

༦༽ འོང་འབབ་དང་ཅ་དམ་ལས་ཁུངས།[ཞུན་དག།]

ལས་ཁུངས་འདི་གི་འོག་ལུ་ སྡེ་ཚན་ལྔཔོ་དེ་ཡང་ ཁྲལ་གྱི་བདག་སྐྱོང་སྡེ་ཚན། ཅ་དམ་དང་ཅ་ཁྲལ་སྡེ་ཚན། འོང་འབབ་རྩིས་ཞིབ་དང་རྩིས་ཁྲ་སྡེ་ཚན། ཚོང་ཁྲལ་སྡེ་ཚན། བརྡ་དོན་སྡེ་ཚན་ཚུ་ཨིན།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

རྒྱབ་རྟེན་དཔེ་ཐོ།[ཞུན་དག།]

༡༽   དངུལ་རྩིས་ལྷན་ཁག། https://www.mof.gov.bt/feedback/

༢༽   འབྲུག་གི་སྤྱི་ཚོགས། ༼གནམ་ལོ་མེད་༢༠༠༨༽ འབྲུག་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མ། https://www.ecb.bt/wpcontent/uploads/2013/04/ElectionActEnglish.pdf