མདོ་སྡེ་བྲག། Ι Dodeydrak

Wikipedia ལས།

གནས་ཀྱི་བཀོད་པ་ཕུན་ཚོགས་པའི་སྐོར་དང་འབྲེལ་བའི་ངོ་སྤྲོད།[ཞུན་དག།]

དེ་ཡང་ནམ་མཁའ་ཧོན་མོའི་གུར་སྤུབས་པའི་འོག་ལུ་ ཕྱོགས་བཞི་མཚམས་ལས་ སྤྲིན་དཀར་པོའི་སྤྱན་གཟིགས་དར་དཔྱངས་ཀྱིས་བརྒྱན་པའི་ཐིམ་ཕུག་ རྒྱལ་ས་ལྟེ་བའི་ས་གཞི་རིན་ཆེན་གསེར་གྱི་ཕོ་བྲང་ཕྱོགས་དང་ མཚམས་ལུ་བརྡལ་བའི་ཉི་མ་ནུབ་ཀྱི་ཕྱོགས་ལུ་གཡུའི་མནྡལ་འདྲ་བའི་རི་ལུ་ སྔོ་ཤིང་སྣ་ཚོགས་ཀྱིས་ཕྱོགས་མཚམས་མེད་པར་ གང་བའི་ནགས་ཚལ་ག་ནི་བ་ཉམས་དགའ་བའི་ལོགས་ལུ་ མེ་ཏོག་སྣ་ཚོགས་ཀྱིས་མཛེས་པའི་ཁར་ ལྷའི་ཆུ་བོ་ཡན་ལག་བརྒྱད་ལྡན་བདུད་རྩི་གི་ཚུལ་ལུ་ བབས་ཡོད་པའི་ས་གཞིའི་ངོས་ལས་སྐྱི་སེར་རླུང་མ་གྲོགས་ལུ་འཁོར་བའི་གནས་ གཡས་ཕྱོགས་ལུ་ཕ་ཇོ་ལྡིང་དང་ གཡོན་ཁ་ཐུག་ལུ་རྟ་མགོ་ཆོས་དབྱིངས་རྫོང་ གདོང་ཕྱོགས་ལུ་བཀྲིས་ཆོས་རྫོང་ཚུ་གི་སྦུག་ལུ་ ལེགས་ཆ་ཡོངས་སུ་རྫོགས་པ་ནང་ན་ བྱིན་རླབས་ཆེ་བ་ཕྱི་ལས་ཉམས་དགའ་བ་ཕན་བདེའི་ལེགས་ཚོགས་འབྱུང་བའི་གནས་ མདོ་སྡེ་བྲག་འདི།

བསམ་གཏན་གླིང་དང་ བདེ་ཆེན་ཆོས་གླིང་དགོན་པའི་གསེབ་ལམ་ལས་ ཁ་ཡར་ལྟ་འགྱོཝ་ད་ཆུ་ཚོད་༢ དེ་ཅིག་གི་ས་ཁར་ག་ནི་བ་ ཉམས་དགའ་ཏོག་ཏོ་སྦེ་ ཆགས་ཏེ་ཡོད་པའི་དགོན་པ་ཅིག་ཨིན།

མདོ་སྡེ་བྲག་གི་གནས་བཤད།[ཞུན་དག།]

༡༽ མདོ་སྡེ་བྲག་ཟེར་སླབ་དགོ་པའི་ཁུངས།[ཞུན་དག།]

བྱག་གླངམ་ཆེན་བཟུམ་སྦེ་ཡོད་མི་འདི་ རང་བཞིན་གྱིས་ཁ་གས་ཏེ་ ཕྱེད་ཀ་གདན་དང་ཕྱེད་ཀ་རྒྱབ་གཡོགས་སྦེ་ ཡོད་པའི་བྱག་འདི་གི་ནང་ལུ་ མདོ་སྡེ་སྐལ་བཟང་གཏེར་ལས་ བྱུང་ཡོད་པའི་བྱག་སྦེ་ནི་འདི་གིས་རྫོང་ཁ་ལས་བྱག་ལུ་ ཆོས་སྐད་ལས་བྲག་ཟེར་སླབ་ཨིནམ་ལས་ མདོ་སྡེ་སྐལ་བཟང་བྱུང་ཡོད་པའི་བྲག་སྦེ་ནི་འདི་གིས་ མཚན་ཡང་མདོ་སྡེ་བྲག་ཟེར་བྱུང་ནུག།

སླབ་སྲོལ་ལས་ ད་ལྟོ་ལྷ་ཁང་ནང་ན་ཡོད་པའི་མདོ་སྡེ་བྱུང་སའི་བྱག་གུར་ ཆོས་པོ་ཏི་གི་དབྱིབས་ཡོད་ས་ སྐལ་བ་ཅན་ཚུ་གིས་ཉནམ་ད་ མདོ་སྡེ་སྐལ་བཟང་ལྷག་པའི་སྒྲ་གོ་ནི་ཡོད་ཟེར་བཤད་ནི་འདུག།

མདོ་སྡེ་དེ་སྲུང་བའི་ཚུལ་ལུ་དྲང་སྲོང་དང་། ཀླུ་བཙན་རྡོ་རྗེ་འབར་བ་ཇོ་མོ་བློ་གྲོས་བཟང་མོ་ཚུ་ཡང་ མཐའ་བསྐོར་ཏེ་བཞུགས་ཡོདཔ་ཨིན་ཟེར་བཤདཔ་ཨིན་མས།

༢༽ རྩ་རི་གཉིས་པ་ཟེར་ཞུ་དགོ་པའི་ཁུངས།[ཞུན་དག།]

“དེ་ཡང་རྗེ་བཙུན་ཡོན་ཏན་མཐའ་ཡས་རིན་པོ་ཆེ་ཙཱ་རི་གནས་བསྐོར་ལུ་བྱོན་པའི་གཟིགས་སྣང་ལུ་ ཙཱ་རིའི་བདག་མོ་ཞིང་སྐྱོང་དབང་མོ་འདི་ རིན་པོ་ཆེའི་རྒྱན་གྱིས་བརྒྱན་ མནའ་མར་ལེན་པའི་ཚུལ་སྦེ་ ཁོ་རའི་ཆ་རོགས་ཅིག་གི་རྒྱབ་ཁར་འབག་སྟེ་ འབྲུག་ལུ་འགྱོཝ་ད་ ཨམ་སྲུ་དེ་གིས་ང་མདོ་སྡེ་བྲག་ལུ་རང་དགའ་བས་ ཁྱོད་ལུ་གཞན་ཕན་གྱི་བསམ་པ་སྦོམ་ཡོདཔ་ལས་ སྤུངས་ཐངས་ཁ་ལུ་བཞག་པ་ཅིན་ ལྷོ་རོང་སྤྱི་ལུ་ཕན་ཐོགས་འོང་ དེ་སྦེ་མེན་པ་ཅིན་ང་ནཱ་ལུ་རང་སྡོད་ནི་ཨིན་ཟེར་ མདོ་སྡེ་བྲག་གི་འོག་ལུ་ཐང་ཅིག་ནང་ ཐབ་གཉིས་བཙུགས་ཏེ་ཆ་རོགས་ཚུ་དང་གཅིག་ཁར་བཞུགསཔ་གཟིགས་མི་དང་། ཇོ་མོ་བློ་གྲོས་བཟང་མོའི་རི་འདི་ག་ར་ རྡོ་རྗེ་གཡུ་སྒྲོལ་མའི་སྐུ་སྦོམ་ཅིག་སྦེ་གཟིགས་མི་དང་།

ཞབས་དྲུང་ལྷ་ཁང་ནང་ བྲག་རང་བྱོན་གྱི་ལོགས་ལས་ རྩ་རི་གནས་དང་ཆུ་མོ་ཕུག་འདྲ་བའི་བྱག་གི་དབྱིབས་ཕག་ཞལ་གྱི་ཆས་སྦེ་བྱོན་ཡོད་མི་དང་། གཞན་ཡང་སྐྱབས་རྗེ་པདྨ་བཟང་པོ་གིས་ དཔལ་ལྡན་ལྷ་མོའི་བསྙེན་སྒྲུབ་གནངམ་ད་ དཔལ་ལྡན་ལྷ་མོའི་ཆིབས་བོང་ཀུ་ངོ་མ་སྦེ་བྱོན་ཞིནམ་ན་ གསང་ཆབ་དྲི་ཆེན་ད་ལྟོ་ཡང་བཞུགས་ཡོདཔ་ལས་ སྒྲུབ་ཐག་ཉེ་བའི་རྟགས་དང་མཚན་མ་ལུ་བརྟེན་”ཙཱ་རི་གཉིས་པ་ཟེར་ཞུཝ་ཨིན།

ད་རུང་གཙུག་ལག་ཁང་གི་གཡས་ཕྱོགས་ལུ་ ཙཱ་རིའི་ཆུ་འགྲོ་བ་འདྲེན་པ་དང་ ཁྱད་པར་མེད་པའི་སྒྲུབ་ཆུ་མཇལ་ནི་ཡོད་མི་འདི་རྗེ་ཡོན་ཏན་ཙཱ་རི་གནས་བསྐོར་ལུ་བྱོན་པའི་སྐབས་ ཙཱ་རའི་གནས་རྡོ་ཅིག་བསྣམས་བྱོན་ཏེ༌ སྒྲུབ་ཆུའི་རྐ་འགོ་ལུ་བཙུགས་བཞག་མི་འདི་ལུ་ རྗེ་འཇམ་དབྱངས་རྒྱལ་མཚན་གྱིས་མཆོད་རྟེན་ཅིག་ བཞེངས་གནང་གནངམ་ཨིན་མས།

གཞན་ཡང་རྡོེ་རྣམ་འཇོམ་མའི་སྔགས་རྡོ་ནག་གུར་བརྐོ་སྟེ་ བཙུགས་གནང་ཡོདཔ་ལས་ ཆུ་འདི་འཐུང་ཚེ་གཅིགཔ་ག་ར་ ཚེ་རིང་ནི་དང་། ལས་སྒྲིབ་དག་ནི། རྒྱུ་ནོར་ལོངས་སྤྱོད་ཉམས་དང་རྟོགས་པ་ཚུ་ གོང་འཕེལ་འགྱོ་ཚུགས་པའི་བྱིན་རླབས་ཡོདཔ་ལས་ ཙཱ་རིའི་སྒྲུབ་ཆུ་དང་ཁྱད་པར་མེདཔ་ཨིན།

འདི་གི་སྦོ་ལོག་ཁར་དགེ་བ་དང་སྡིག་པ་ལྕི་ཡང་བལྟ་སའི་གནས་རྡོ་ ཡ་མཚན་ཆེ་ཏོག་ཏོ་ཅིག་ཡང་མཇལ་ནི་ཡོདཔ་ཨིན།

༣༽ གདན་ས་ཆགས་དགོ་པའི་སྐོར།[ཞུན་དག།]

རྗེ་ཡོན་ཏན་མཐའ་ཡས་མཚན་ཉིད་སློབ་དཔོན་སྦེ་བཞུགས་པའི་གཟིགས་སྣང་ཅིག་ལུ་ མདོ་སྡེ་བྲག་གི་ ཇོ་མོ་བློ་གྲོས་བཟང་མོའི་རི་འདི་ རྡོེ་གཡུ་སྒྲོལ་མའི་རི་སྦེ་གཟིགས་མི་དང་། སྐྱབས་རྗེ་ལས་དགོངསམ་ཞུ་སྟེ་ ཕ་ཇོ་ལྡིངས་ལུ་བཞུགས་པའི་སྐབས་ཅིག་ན་ རྗེ་བཙུན་མི་ལ་འཕུར་བྱོན་པའི་གཟིགས་ལམ་ན་ རྗེ་ཁོ་ར་ཡང་བཤུལ་བདའ་སྟེ་འཕུར་ཏེ་བྱོནམ་གཟིགས་མི་ཡང་ མདོ་སྡེ་བྲག་ལུ་ཕོགས་ནི་ཨིནམ་ད་ འཁྲུལ་ཞིག་རིན་པོ་ཆེ་ན མ་མཁའི་རྣལ་འབྱོར་གྱིས་དུས་རབས་༡༤ དང་༡༥ པའི་ནང་བྱིན་གྱིས་བརླབས་གནང་བའི་ས་གནས་བྱིན་ཅན་ཅིག་སྦེ་ནི་འདི་གིས་ གདན་ས་ཕྱག་བཏབ་གནང་ནུག།

༤༽ ད་ལྟོ་ཡོད་པའི་ལྷ་ཁང་གཟིམ་ཅུང་འོག་མའི་བཤད་པ།[ཞུན་དག།]

སྐྱབས་རྗེ་གསང་བདག་ཡོན་ཏན་མཐའ་ཡས་རིན་པོ་ཆེ་མཆོག་ དགུང་ལོ་༥༦ བཞེས་པའི་གནམ་ལོ་ས་ཕག། སྤྱི་ལོ་༡༧༧༩ ལུ་ཧེ་མ་ལུང་བསྟན་བྱུང་བའི་གནས་འདི་ནང་ ཞབས་ཀྱིས་བཅགས་ཏེ། བདེ་མཆོག་འཁོར་ལོ་སྡོམ་པའི་གསུང་ཆོག་གི་སྒོ་ལས་ ས་བསླངས་རྟེན་འབྲེལ་བརྩིས་ གཙུག་ལག་ཁང་ཐོག་གཉིས་སྦེ་མི་ཅིག་བཞེངས་གནང་བའི་ཁར་ ཤུལ་ལས་སྡེ་སྲིད་༡༣ པ་གོང་ས་འཇིགས་མེད་སེངྒེ་མཆོག་གིས་ གཡོན་ཁ་ཐུག་ལས་རྒྱ་བསྐྱེད་གནང་ནུག།

ད་རུང་ཤུལ་ལས་ རྗེ་འཇམ་དབྱངས་རྒྱལ་མཚན་གྱིས་མཛེས་ཆའི་དོན་ལུ་ གཡས་ཁ་ཐུག་ལས་ཡང་རྒྱ་བསྐྱེད་མཛད་གནངམ་མ་ཚད་སྡེ་སྲིད་༢༠ པ་མི་དབང་བསོད་ནམས་རྒྱལ་མཚན་གྱིས་བྱག་གི་རྩེ་མོ་ལུ་ གསེར་ཏོག་བསྐྱལ་གནངམ་ད་ ལྷ་ཁང་རིང་ཚད་དང་མཐོ་དམན་མ་མཉམ་པའི་སྐྱོན་གྱིས་ རྗེ་འཇམ་དབྱངས་རྒྱལ་མཚན་གྱིས་ ཐོག་གཅིག་བསྣན་ཏེ་ལྷ་ཁང་ཐོག་གསུམ་སྦེ་བཟོ་གནང་ནུག།

གཙུག་ལག་ཁང་འདིའི་སྟེང་ཐོག་ལུ་ ནང་རྟེན་ཞབས་དྲུང་ཁམས་གསུམ་ཟིལ་གནོན་དང་། བྱག་གུར་ཕུན་སུམ་ཚོགས་པའི་ལྡེབས་རིས། ཕག་མོའི་ཞལ་རང་བྱོན། དེ་ལས་མགོན་ཁང་སྤྱི་དང་ གནས་བདག་ཀླུ་བཙན་རྡོེ་འབར་བ་དང་ ཇོ་མོ་བློ་གྲོས་བཟང་མོ། རྗེ་ཡོན་ཏན་གྱི་གཟིགས་སྣང་ ཙཱ་རི་གནས་ཀྱི་ཞིང་བཀོད་ཚུ་དང་། བར་ཐོག་ལུ་ དུས་གསུམ་སངས་རྒྱས། རྗེ་ཡོན་ཏན། རྗེ་འཇམ་དབྱངས་རྒྱལ་མཚན། རྗེ་པདྨ་བཟང་མོ། ཐུགས་སྤྲུལ་འཇིགས་མེད་གྲགས་པ་སྦེ་ རྒྱལ་བ་ཡབ་སྲས་བཞིའི་སྐུ་འདྲ་དང་། སྤྱན་ཆབ་བསིལ་བའི་འཕགས་པ་ སྤྱན་རང་རས་གཟིགས་བཅུ་གཅིག་ཞལ་མ། རྣམ་རྒྱལ་མ། སྤྱན་རས་གཟིགས། ཚེ་དཔག་མེད། དཔལ་ལྡན་ཞིང་སྐྱོང་དབང་མོའི་སྐུ་འདྲ་དང་། བུམ་པ་ལྗགས་གླེབ་མ་དང་། རྒྱན་དྲུག་མཆོག་གཉིས་ཀྱི་ལྡེབས་རིས་ཚུ་ཡང་ བཞུགས་ཏེ་ཡོདཔ་ད། མདོ་སྡེ་སྐལ་བཟང་གཏེར་ལས་བྱུང་སའི་བྲག་དང་། ཀླུ་བཙན་རྡོ་རྗེ་འབར་ཚུ་ཡང་མཇལ་ནི་ཡོད།

དེ་བཟུམ་སྦེ་རང་འོག་ཐོག་ལུ་སྦེ་བ་ཅིན། རྗེ་འཇམ་དབྱངས་རྒྱལ་མཚན་གྱི་ཕྱག་བཟོ་ བླ་མ་མཆོད་པའི་དཀྱིལ་འཁོར་བློས་བླངས་དང་། རྣམ་སྲས་ཕོ་བྲང་། ཕྱག་བྲིས་སངས་རྒྱས་སྟོང་། ཕྱག་བཟོ་དཔེ་ཆའི་པར་ཚུ་ག་ནི་བ་ཡ་མཚན་ཆེ་ཏོག་ཏོ་སྦེ་མཇལ་ནི་ཡོད།

༥༽ གཟིམས་ཅུང་གོང་མ།[ཞུན་དག།]

དེ་གི་ལྟག་ལུ་ཡོད་པའི་གཟིམ་ཅུང་གོང་མ་འདི། རྗེ་ཡོན་ཏན་མཆོག་གིས་ཞབས་བཅག་བྱིན་གྱིས་བརླབས་མ་ཚད་ རྡོ་རྗེ་མི་འཁྲུགས་པའི་སྦྱིན་བསྲེག་གནང་སའི་གནས་ བྱིན་ཅན་ཅིག་འབདཝ་ལས་བརྟེན། ཤུལ་ལས་ རྗེ་འཇམ་དབྱངས་རྒྱལ་མཚན་གྱིས་བཞེངས་གནང་ཡོདཔ་ད་ ནང་རྟེན་གཙོ་བོ་ཡང་ སྟོན་པ་བྱིན་ཅན་ཚུ་བཞུགས་ཡོདཔ་ཨིན།

བཤད་སྲོལ་ལས་ སྟོན་པ་བྱིན་ཅན་འདི་ ཞལ་ཤར་ཁ་ཐུག་ལུ་ བཞུགས་སུ་གསོལ་ཏེ་ཡོད་པའི་གདོང་ཁ་ལུ་ཡོད་པའི་ དུར་ཁྲོད་ཅིག་ཡོད་མི་ནང་ སྟོན་པ་འདིའི་བྱིན་རླབས་ལས་བརྟེན་ཏེ་ མི་ཤི་དབང་བསྐུར་ཡང་འབད་མི་དགོ་ཟེར་ཨིན་མས།

༦༽ ལྷ་ཁང་གསར་པའི་བཤད་པ།[ཞུན་དག།]

གཟིམ་ཅུང་གོང་འོག་གཉིས་ཀྱི་སྦུག༌ལུ་ཡོད་པའི་ལྷ་ཁང་གསརཔ་འདི་ རང་ལུགས་འདས་ལོ་༡༢༩ རབ་བྱུང་༡༣ པའི་སྤྱི་ལོ༡༧༧༩ ས་ཕག་གི་ལོ་ལུ་ རྗེ་མཁན་ཁྲི་རབས་༢༧ པ་པདྨ་བཟང་པོ་མཆོག་གིས་བཞེངས་གནང་ནུག།

ནང་རྟེན་གྱི་གཙོ་བོ་ཚེ་ལྷ་རྣམ་གསུམ་དང་། ཞབས་དྲུང་ཁམས་གསུམ་ཟིལ་གནོན། རྗེ་པདྨ་བཟང་མོའི་སྐུ་འདྲ་དང་། དཔལ་ལྡན་ལྷ་མོའི་ཆིབས་ཀྱི་གསང་ཆབ་ཚུ་ བཞུགས་ཏེ་ཡོདཔ་ཨིནམ་ད།

ལྷ་ཁང་འདི་གི་ཟུར་ཁ་ དགའ་ལྡན་མཇལ་སའི་མཆོད་རྟེན་ཨིན་ཟེར་ རྣམ་རྒྱལ་མཆོད་རྟེན་ཅིག་ཡང་མཇལ་ནི་ཡོདཔ་ཨིན།

བཤད་གྲྭ་འགོ་ཐོག་བཙུགས་གནང་པའི་སྐོར་ལས་མཇུག་བསྡུ།[ཞུན་དག།]

རང་ལུགས་གནམ་ལོ་མེ་ཕོ་སྟག་ལོ་ སྤྱི་ལོ་༡༩༨༦ རང་ཟླ་༧ པའི་ཚེས་༣ གཟའ་ཚེས་དགེ་བའི་ཉིནམོ་ལུ་ གཙུག་ལག་སློབ་དཔོན་སྐུ་བགྲེས་བསམ་གཏན་རྡོ་རྗེ་མཆོག་ བཤད་གྲྭའི་དབུ་འཛིན་འགོ་དང་པ་མཛད་ཐོག་ལས་ བཤད་སྒྲུབ་ཀྱི་སྡེ་བཙུགས་གནང་སྟེ་ཡོདཔ་ཨིན། དེ་ལས་ཚུར་ ད་ལྟོའི་བར་ན་ཡང་བཤད་སྒྲུབ་འཁོར་ལོ་གཉིས་ཀྱི་སྡེ་ དབྱར་གྱི་མཚོ་བཞིན་དུ་འཕེལ་ཏེ་ལུང་དང་རྟོགས་པ་ པདྨའི་མཛེས་པ་ས་གསུམ་ལུ་ཁྱབ་སྟེ་ སྐལ་ལྡན་གཞོན་ནུ་འདུས་པའི་རྐང་དྲུང་ཕན་བདེའི་སྦྲང་རྩི་ལུ་སྤྱོད་པའི་ དགའ་སྟོན་གྱི་ངང་ལུ་ འདི་ཕྱིའི་སྐྱིད་པའི་བྲོ་གར་ཉིན་མཚན་མེད་པར་འཁྱིལ་བའི་དགའ་སྟོན་ སུམ་རྩེན་ལྷ་ཡི་གཡུས་ལུ་འགྲན་པའི་ གནས་མདོ་སྡེ་བྲག་གི་སྐོར་ལས་རྫོགས་སོ།།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།[ཞུན་དག།]

མདོ་སྡེ་བསྐལ་བཟང་།

མ་ཎི་བཀའ་འབུམ།

དཀར་བརྒྱུད་གསེར་ཕྲེང་།

ཆོས་འབྱུང་བསྟན་པ་རྒྱས་པའི་ཉིན་བྱེད།

ཆོས་འབྱུང་འཇམ་མགོན་སྨན་མཐའི་ཕྲེང་བ།

ལྷོ་འབྲུག་ཆོས་འབྱུང་།

རྗེ་ཡོན་ཏན་གསུང་འབུམ།

རྒྱལ་བ་རྗེའི་གསུང་འབུམ།

"https://dz.wikipedia.org/w/index.php?title=མདོ་སྡེ་བྲག།_Ι_Dodeydrak&oldid=31622" ལས་ སླར་འདྲེན་འབད་ཡོདཔ།