འབྲུག་གི་རྒྱལ་ཡོངས་ཚོགས་འདུ། Ι National Assembly

Wikipedia ལས།

ངོ་སྤྲོད།[ཞུན་དག།]

འབྲུག་གི་རྒྱལ་ཡོངས་ཚོགས་འདུ་འདི་ སྤྱི་ལོ་༡༩༥༣ ལུ་ མི་དབང་ཞིང་གཤེགས་དམ་པ་ འབྲུག་རྒྱལ་གསུམ་ དཔལ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ རྩ་ཚན་༨ ཅན་མའི་ཡིག་ཆ་ འབངས་གཞུང་ལྷ་མི་སྲིད་སྡེ་གཅིག་སྒྲིལ་གི་སྤྱི་མི་ཚོགས་གཏམ་ལུ་ གཞིར་བཞག་སྟེ་ གཞི་བཙུགས་གནང་ཡོདཔ་ཨིན་མས། རྒྱལ་ཡོངས་ཚོགས་འདུ་འདི་ འགོ་དང་པ་རང་ འཐུས་མི་༣༦ གིས་ འགོ་བཙུགས་ཡོདཔ་དང་ འཐུས་མི་ཚུ་ཡང་ གཞུང་གྲྭ་ཚང་ནང་ལས་ སྐུ་ཚབ་༥ དང་ གཞུང་གིས་བསྐོ་བཞག་གྲུབ་པའི་ དཔོན་ཁག་༡༦ དེ་ལས་ མི་སེར་སྤྱི་མི་༡༥ ཨིན་མས།

རྒྱལ་ཡོངས་ཚོགས་འདུ་ གཞི་བཙུགས་གནང་དགོ་པའི་གནད་དོན་ངོ་མ་གསུམ་ཡོད་མི་དེ་ཡང:[ཞུན་དག།]

Ø མི་སེར་སྐུ་ཚབ་ཚུ་གིས་ ཚོགས་འདུའི་སྐབས་ གྲོས་གཞི་ཕུལ་མི་ཚུ་ མི་སེར་གྱི་མཐའ་དོན་ལུ་གསུང་གྲོས་གནང་སྟེ་ དཀའ་ངལ་སེལ་ཐབས་ལུ་ ཐབས་ལམ་ཚུ་བཏོན་ཐབས།

Ø རྒྱལ་ཡོངས་ཚོགས་འདུ་གིས་ རྒྱལ་ཁབ་གོང་འཕེལ་དང་ རྩ་བརྟན་ལུ་ འཆར་གཞི་བརྩམ་ནི་དང་ གནས་སྐབས་ཚུ་བཏོན་ནི།

Ø གཞུང་དང་ གོང་འཕེལ་གྱི་ལས་སྣ་ཚུ་གི་དོན་ལུ་ ཟད་འགྲོ་གཏང་ཐོ་དང་ འོང་འབབ་ཀྱི་རྩིས་ཁྲ་ཚུ་ ཐོ་བཀོད་འབད་ནི།

Ø འབྲུག་གི་རྒྱལ་ཡོངས་ཚོགས་འདུ་གི་ ཚོགས་དཔོན་འགོ་དང་པ་ སྤ་རོ་རྫོང་ཚབ་དྲགོས་སྐལ་བཟང་ཟླ་བ་གིས་ མཛད་གནང་ནུག

རྒྱལ་ཡོངས་ཚོགས་འདུ་ གཞི་བཙུགས་མཛད་དེ་ ཚོགས་ཐེངས་དང་པ་དེ་ཡང་ སྤུ་ན་ཁ་རྫོང་ནང་ཚོགས་གནང་པའི་ཤུལ་ལས་ རྒྱལ་ཡོངས་ཚོགས་འདུ་དེ་ ཐིམ་ཕུག་བཀྲིས་ཆོས་རྫོང་(ཚོགས་ཐེངས་༢ པ་དང་༡༣ པ) དང་ སྤ་རོ་རིན་སྤུངས་རྫོང་(ཚོགས་ཐེངས་༡༤ པ་དང་༢༨ པ) དེ་ལས་ ད་རུང་རང་ ཐིམ་ཕུག་བཀྲིས་ཆོས་རྫོང་(ཚོགས་ཐེངས་༢༩ པ་དང་༧༣ པ) ཚུ་ནང་ལུ་ ཚོགས་གནང་ཡོདཔ་ཨིན་མས། སྤྱི་ལོ་༡༩༩༣ ལས་ཚུར་ ད་ཚུན་གྱི་བར་དུ་ ད་ལྟོ་གི་ རྒྱལ་ཡོངས་ཚོགས་ཁང་ནང་ལུ་ ཚོགས་གནང་དོ་ཡོདཔ་ཨིན།

རྒྱལ་ཡོངས་ཚོགས་འདུའི་འཐུས་མི་གྲངས་ཚད་དེ་༡༥༠ ལུ་ ཡར་སེང་སོང་ཡོདཔ་དང་ འདི་ནང་ལུ་ མི་སེར་གྱི་སྐུ་ཚབ་སྤྱི་མི་༩༩ དང་ བློ་གྲོས་ཚོགས་སྡེའི་འཐུས་དཔོན་༦ གཞུང་གིས་བསྐོ་བཞག་གྲུབ་པའི་སྐུ་ཚབ་༣༥ དེ་ལས་ གྲྭ་ཚང་ཆོས་དོན་གྱི་སྐུ་ཚབ་༡༠ ཡོདཔ་ཨིན།

དམིགས་ཡུལ།[ཞུན་དག།]

འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་དམིགས་ཡུལ་དེ་ ཀུན་ཚང་ནུས་ཤུགས་ལྡན་པའི་དམངས་གཙོའི་རིང་ ལུགས་ཐོག་ རྩ་ཁྲིམས་ཆེན་མོའི་དགོངས་དོན་ལྟར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འགྲུབ་ནི་འདི་ཨིན།

དམིགས་དོན།[ཞུན་དག།]

དམིགས་དོན་འདི་ ཁྲིམས་བཟོ་ཁྱད་ཚབ་དང་ ནན་ཞིབ་ ངོ་ཚབ་ཀྱི་འགན་ཁུར་ཚུ་དོན་སྨིན་ཅན་སྦེ་ མི་སེར་གྱི་ རེ་འདོད་འགྲུབ་ནི་འདི་ཨིན།

རྒྱལ་ཡོངས་ཚོགས་འདུའི་དབང་ཚད།[ཞུན་དག།]

དམངས་གཙོའི་གཞུང་ལུགས་འདི་ འགོ་མ་བཙུགས་པའི་སྔ་གོང་ལུ་ རྒྱལ་ཡོངས་ཚོགས་འདུ་འདི་ ཚོགས་པ་གཅིག་རྐྱང་གཞུང་འཛིན་གྱི་དབང་ཚད་ཡོདཔ་ཨིན་རུང་ ཤུལ་ལས་ རྒྱལ་ཡོངས་ཚོགས་འདུ་ གཞི་བཙུགས་གནང་ཡོདཔ་ཨིན། དེ་བསྒང་ རྒྱལ་ཡོངས་ཚོགས་འདུ་འདི་ ཁྲིམས་བཟོའི་གྲོས་ཆོད་གནང་མི་ འདུས་ཚོགས་མཐོ་ཤོས་ཅིག་ཨིན་མས།

རྒྱལ་ཡོངས་ཚོགས་འདུ་འདི་ སྒྲིང་སྒྲིང་སྦེ་གཞི་བཙུགས་གནང་ཐབས་ལུ་ རྒྱལ་ཡོངས་ཚོགས་འདུའི་ཚོགས་ཐེངས་༣ ནང་ལུ་ རིམ་ལུགས་དེ་ལུ་ ངོས་ལེན་མེད་པའི་བསམ་འཆར་བཀོད་དེ་རང་འབད་རུང་ འབྲུག་མངའ་བདག་རྒྱལ་པོ་མཆོག་གིས་ རྒྱལ་བརྒྱུད་ལུ་ ཡིད་ཆེས་མེད་པའི་ཚོགས་རྒྱན་གྱི་རིམ་ལུགས་འདི་ གཞི་བཙུགས་མཛད་གནང་ནུག རིམ་ལུགས་འདི་གི་དམིགས་དོན་དེ་ཡང་ བཀག་དམ་དབང་ཚད་དང་ ཁྲིམས་བཟོའི་དབང་ཚད་ཧྲིལ་བུམ་ རྒྱལ་ཡོངས་ཚོགས་འདུ་ལུ་གནང་ཡོདཔ་ཨིན་མས།

འཐུས་མི་འགྲུབ་ཚུལ།[ཞུན་དག།]

འབྲུག་གི་རྒྱལ་ཡོངས་ཚོགས་སྡུ་འདི་ནང་བསྡོམས་ཀྱི་འཐུས་མི་༤༧ ཡོདཔ་ཨིན། འཐུས་མི་ཚུ་ཡང་འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་ བཙག་འཐུ་ཡི་ བྱ་དགོ་དང་འཁྲིལ་རྫོང་ཁག་༢༠ གི་འདེམས་ཁོངས་ཚུ་ལས་རང་སོའི་ མི་སེར་གྱི་ བཙག་འཐུ་འབདཝ་ཨིན། བཅད་མཚམས་ལྷན་ཚོགས་ཀྱིས་ དོན་ཚན་༤ པའི་དགོས་དོན་ལྟར་ རྫོང་ཁག་རེ་རེ་ལུ་ རྒྱལ་ཡོངས་ཚོགས་སྡུའི་ འདེམས་ཁྲིའི་གྱངས་ཁ་འདི་ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མིའི་མི་རློབས་ཀྱི་ཆ་ཚད་དང་བསྟུན་ བྱ་སྟབས་གང་བདེའི་བགོ་བཀྲམས་འབད་དགོཔ་ཨིན། ཨིན་རུང་ རྫོང་ཁག་གཅིག་ལུ་ རྒྱལ་ཡོངས་ཚོགས་སྡུའི་ འདེམས་ཁོངས་གཉིས་ལས་མ་ཉུངམ་ཅིག་དང་  བདུན་ལས་མ་ལྷགཔ་ཅིག་འབད་དགོཔ་ཨིན།

འདི་བཟུམ་འབད་ བཅད་མཚམས་ལྷན་ཚོགས་ཀྱིས་ དོན་ཚན་༥ པའི་དགོས་དོན་ལྟར་ རྫོང་ཁག་རེ་རེ་བཞིན་དུ་ རྫོང་ཁག་རང་སོ་ལུ་བགོ་བཀྲམ་བཏང་ཡོད་པའི་ འདེམས་ཁྲིའི་གྲངས་ཚད་དང་འདྲན་འདྲ་འབད་ སྤྱི་ཚོགས་ཀྱི་འདེམས་ཁོངས་ཚུ་ལུ་དཔྱ་བགོ་རྐྱབ་ནི་གི་དོན་ལས་ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་སྐྱུར་མིའི་མི་རློབས་འདི་ བྱ་སྟབས་གང་བདེའི་ཐོག་ལས་ དེ་ལུགས་ཀྱི་འདེམས་ཁོངས་རེ་རེའི་ནང་བགོ་བཀྲམའདྲ་མཉམ་གཏང་དགོཔ་ཨིན་མས། 

ཚོགས་འདུའི་ཚོགས་དཔོན།[ཞུན་དག།]

རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་འདི་ གསང་བའི་ཚོགས་རྒྱན་བཙུགས་ཐོག་ རྒྱལ་་ཡོངས་ཚོགས་འདུའི་འཐུས་མི་ཚུ་གི་གྲལ་ལས་བཙག་འཐུ་འབདཝ་ཨིན། ཚོགས་དཔོན་གྱི་བྱ་སྒོ་ཚུ་ཡང་ རྒྱལ་ཡོངས་ཚོགས་འདུ་ནང་ ཚོགས་གཙོ་འབད་ནི་དང་ བྱ་རིམ་ཚུ་ སྒྲིག་ལྡན་གྱི་སྒོ་ལས་ འགོ་འདྲེན་འཐབ་ནིའི་དོན་ལས་ ཚོགས་ཁང་གི་སྒྲིག་ཁྲིམས་བསྟར་སྤྱོད་འབད་ནི་ ཚོགས་ཁང་གི་དབུ་ཕངས་དང་ ཚོགས་ཁང་ནང་སྒྲིགས་ཁྲིམས་བདག་འཛིན་འཐབ་ནི་དང་ འཐུས་མི་ཚུའི་བར་ན་ སྒྲིགས་ལམ་བདག་འཛིན་འཐབ་ནི་ དེ་ལས་ སྤྱི་ཚོགས་ཀྱིས་ཆ་འཇོག་གྲུབ་ཚར་བའི་ བཅའ་ཁྲིམས་གུ་ ཕྱག་རྟགས་བཀོད་ནི་ དེ་མ་ཚད་ རྒྱལ་ཡོངས་ཚོགས་འདུའི་སྐུ་ཚབ་སྦེ་ འབྲུག་རྒྱལ་པོ་མཆོག་དང་ དྲང་ཁྲིམས་ལྷན་སྡེ་ འཛིན་སྐྱོང་ལྷན་སྡེ་ཚུ་དང་ མཐུན་ལམ་གྱི་ཐོག་ལས་འབྲེལ་བ་འཐབ་ནི་ཚུ་ཨིན།

ཚོགས་སྡུའི་གནས་ཡུན།[ཞུན་དག།]

རྒྱལ་ཡོངས་ཚོགས་སྡུའི་བཞུགས་རིམ་དང་པའི་ཚེས་གྲངས་ལས་ ལོ་ལྔའི་རིང་ རྒྱལ་ཡོངས་ཚོགས་སྡུ་འདི་འཕྲོ་མཐུད་གནས་དགོཔ་ཨིན།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།[ཞུན་དག།]

༡༽   འབྲུག་གི་རྒྱལ་ཡོངས་ཚོགས་སྡེ། https://web.archive.org/web/20231113104609/https://www.nationalcouncil.bt/en

༢༽   འབྲུག་གི་རྒྱལ་ཡོངས་ཚོགས་སྡུ། https://web.archive.org/web/20231202121402/https://www.nab.gov.bt/en/

༣༽   འབྲུག་གི་བཙག་འཐུ་ལྷན་ཚོགས། https://www.ecb.bt/elections/

༤༽   འབྲུག་གི་སྤྱི་ཚོགས། ༼གནམ་ལོ་མེད་༢༠༠༨༽ འབྲུག་བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མ། https://www.ecb.bt/wpcontent/uploads/2013/04/ElectionActEnglish.pdf

Https://w.wiki/9ew9