སྤ་རོ་ཆུ་མོ་ཕུག་གནས། Ι Chumphu Nye

Wikipedia ལས།

སྤ་རོ་ཆུ་མོ་ཕུག་གནས། Ι Chumphu Nye[ཞུན་དག།]

སྤ་རོ་རྫོང་ཁག་དེ་ནང་སངས་རྒྱས་གཉིས་པ་ཨོ་རྒྱན་གྱི་མཧཱ་གུ་རུ་ པདྨ་སམྦྷ་བ་མཆོག་གིས་གཙོས་པའི་ མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་མང་རབས་ཅིག་བྱོན་ཏེ་ ཞབས་ཀྱིས་བཅགས་ སྦས་ཡུལ་ལུ་བྱིན་གྱིས་བརླབས་གནང་བའི་གནས་ ཁྱད་པར་ཅན་ལེ་ཤ་ཡོདཔ་ཨིན། དེ་ཚུ་གི་གྲས་ལས་རྩ་ཅན་དང་བྱིན་རླབས་ཆེ་ཤོས་ཅིག་ ཆུ་མོ་ཕུག་གི་གནས་འདི་ཨིན།  ཆུ་མོ་ཕུག་གི་གནས་འདི་ བྱིན་རླབས་ཅན་གྱི་གནས་ཆེན་མང་རབས་ཅིག་གིས་བསྐོར་བའི་སྦུག་ལུ་ རིན་པོ་ཆེ་སྤུངས་སྤུངམ་དང་འདྲ་བའི་བྱག་གི་རྐེད་པར་ དཔལ་རི་པདྨ་འོད་ཀྱི་ཕོ་བྲང་དང་ དབྱེ་བ་མེད་པའི་ལྷ་ཁང་ཅིག་ཆགས་ཏེ་ཡོད་པའི་ཁར། ལྷ་ཁང་གི་ནང་རྟེན་ཡང་ ག་ནི་བ་ཡ་མཚན་ཆེ་ཏོག་ཏོ་ཙང་ཙ་མཇལ་ནི་ཡོདཔ་ལས་ མཇལཝ་ཙམ་གྱིས་ངན་སོང་གི་སྐྱེ་སྒོ་ ཆོད་ཚུགས་པའི་ཕན་ཡོན་སྦོམ་ཡོདཔ་ཨིན་པས།

དེ་ཡང་དགའ་བ་བརྒྱ་ལྡན་སྤ་གྲོ་ཚོང་འདུས་ཁྲོམ་ཁ་ལས་ སྔོན་དུས་རབས་བཅུ་བཞི་པའི་ནང་ གྲུབ་ཆེན་ལྕགས་ཟམ་པ་ཐང་སྟོང་རྒྱལ་པོ་མཆོག་གིས་ ས་བདག་ཀླུ་གཉན་གྱི་གནོད་པ་ཞི་ཐབས་སུ་ བཞེངས་གནང་བའི་ཟླུམ་བརྩེགས་ལྷ་ཁང་བརྒལ་ཏེ་ དོསཔ་ཤར་རི་ཟམ་པ་ལས་ དོས་སྟེང་ལྷ་ཁང་ཐང་ཚུན་ སྣུམ་འཁོར་ནང་འགྱོ་བའི་ཤུལ་ལུ་ དེ་ནང་ལས་ཐོན་སྟེ་ ཤིང་དང་མེ་ཏོག་སྣ་ཚོགས་ཀྱིས་གང་སྟེ་ཡོད་པའི་ནགས་ཚལ་གྱི་སྦུག་ན་ལས་ཕར་ རང་བཞིན་གྱིས་བསིལ་ཉམས་ལྡན་པའི་སྐྱི་སེར་རླུང་མ་འཕུ་སྟེ་ ཚ་བའི་གདུང་བ་སེལ་བའི་ཁར་ ཡན་ལག་བརྒྱད་ལྡན་གྱི་ཆུ་ཕྲན་ཚུ་སྔགས་ཀྱི་རང་སྒྲ་སྒྲོག་སྟེ་ རྒྱ་ཡུལ་པདྨའི་ཐང་ལུ་འབབ་པའི་ཞོར་ཁར་ གནས་མཇལ་བར་འགྱོ་མི་ཚུའི་སྐོམ་པའི་གདུང་བ་སེལ། སར་གནས་ཀྱི་སེམས་དཔའ་འདབ་ཆགས་ཀྱི་གཟུགས་སུ་སྤྲུལ་ཏེ་ འུ་སྡུག་ཐང་ཆད་དེ་ལམ་འགྲུལ་འབད་མི་ཚུ་ལུ་ སྒྲ་སྙན་པའི་མཆོད་པ་ཕུལ་ཏེ་ ངལ་བའི་གདུང་བ་སངས་ཐབས་མཛདཔ་ཨིན་པས།

ལྷ་ཁང་ཐང་ལས་དུས་ཡུན་སྐར་མ་དག་པ་ཅིག་འགྱོཝ་ད་ སྣུམ་འཁོར་ལམ་གྱི་ཟུར་ཁར་ སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་ཕྱག་བཏབ་གནང་བའི་དུར་ཁྲོད་ཅིག་ཡོདཔ་དང་། དེ་ཁ་ལས་ཡར་ གནས་སྒོ་དང་པ་ བར་མ་གོང་མ་ཚུ་རིམ་པ་བཞིན་བརྒྱུད་དེ་འགྱོཝ་ད་ ལམ་གྱི་གཡས་དང་གཡོན་ལུ་ ས་རྡོ་རི་བྲག་ཡོད་ཚད་གཅིག་པོའི་གུར་ ཨོ་རྒྱན་རིན་པོ་ཆེ་དང་ བཅོམ་ལྡན་རྡོ་རྗེ་ཕག་མོ་ ཡི་དམ་དཔའ་བོ་རྟ་མགྲིན་དང་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ ལ་སོགས་པའི་སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཚུ་གི་ཕྱག་ཞབས་ཀྱི་རྗེས་དང་ ནད་རིགས་སྣ་ཚོགས་ཞི་བའི་གྲུབ་ཆུ། ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་ཚུ་མཇལ་ཡི་ར་འགྱོཝ་ད་ ཆུ་མོ་ཕུག་གནས་ཀྱི་མཇུག་ལུ་ཡོད་པའི་ཁང་བཟང་མཆོད་རྟེན་གྱི་རྩ་བར་ལྷོདཔ་ཨིན།

དེ་ནང་ལས་ཡར་ལྟཝ་ད་ བྱག་རི་སྣ་ཚོགས་ཀྱིས་གཏམས་པའི་སྦུག་ལུ་ ཆུམོ་ཕུག་གནས་ཀྱི་ལྷ་ཁང་འདི་ ཁྲ་ལམ་ལམ་སྦེ་མཇལ་ཚུགས་པས། དེ་ཡང་ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་ལེའུ་གསུམ་པ་ལས། “ཟངས་མདོག་དཔལ་གྱི་རི་བོ་ཙིཏྟའི་དབྱིབས། །རྩ་བ་ཀླུ་ཡི་རྒྱལ་པོའི་གནས་སུ་ཟུག །སྐེད་པ་ལྷུན་ཆགས་མཁའ་འགྲོའི་གནས་ན་བརྗིད། །རྩེ་མོ་ཚངས་པའི་འཇིག་རྟེན་སྙེགས་པ་འདྲ། །རི་རྒྱལ་ཁྱད་པར་ཅན་ལ་གསོལ་བ་འདེབས།།” ཟེར་གསུངས་མི་ཁྱད་ཆོས་ཚུ་ མ་ཚང་ཚངམ་སྦེ་མཇལཝ་ལས་ མ་དག་འཁོར་བའི་ལུས་རྟེན་འདིའི་ཐོག་ལུ་ར་ དཔལ་རི་པདྨ་འོད་ཀྱི་ཞིང་ཁམས་ནང་ མངོན་སུམ་ལྷོད་པའི་ཉམས་ཚུ་ཤར་ཚུགས་པས། 

དེ་ཁ་ལས་གྱེན་འཛེགས་ཏེ་འགྱོ་བའི་སྐབས་ ལམ་ཁ་འབྱལ་ཅིག་ཡོད་མི་དེ་ནང་ལས་ རོང་ཆུ་བདའ་སྟེ་འགྱོཝ་ད་ འཐུང་བ་ཙམ་གྱིས་ནད་རིགས་བཞི་བརྒྱ་རྩ་བཞི་ ཞི་ཚུགས་པའི་འཆི་མེད་ཚེའི་གྲུབ་ཆུའི་རོ་ མྱོང་ནིའི་གོ་སྐབས་འཐོབ་ནི་ཡོདཔ་མ་ཚད་ དེ་ལས་ཨ་ཙི་ཡར་འགྱོཝ་ད་ དམ་པའི་ཆོས་ཀྱི་གླེགས་བམ་ བརྩེགས་བཞག་བཞགཔ་བཟུམ་ཡོད་པའི་བྱག་སྦོམ་ཅིག་གི་སྦུག་ན་ལས་ ལམ་ཆུང་ཀུ་ཅིག་ཡོད་མི་དེ་བདའ་སྟེ་འགྱོཝ་ད་ གཏེར་སྟོན་འབྲུག་སྒྲ་རྡོ་རྗེ་ (༡༦༨༧ - ༡༧༤༦) མཆོག་དང་ རྗེ་མཁན་ཁྲི་རབས་དགུ་པ་ ཐུབ་དབང་ཤཱཀྱ་རིན་ཆེན་(༡༧༤༤ - ༡༧༥༥) རྣམ་གཉིས་ཀྱིས་གཙོས་པའི་ བླ་ཆེན་ལེ་ཤ་ཅིག་ཡི་དམ་ལྷའི་བསྙེན་སྒྲུབ་གནང་སྟེ་ བཞུགས་སའི་སྒྲུབ་ཕུག་ ཡ་མཚན་ཅན་ཚུ་མཇལ་ཚུགསཔ་མ་ཚད། ཨོ་རྒྱན་རིན་པོ་ཆེ་གིས་ མཐའ་བཞིའི་དམག་དཔུང་འདུལ་བའི་དོན་ལུ་ གནམ་ལྕགས་ཨུ་མའི་རལ་གྲི་ གཏེར་ལུ་སྦ་བཞག་སའི་བྱག་ཕུག་ཡ་མཚན་ཅན་དང་། དེའི་ལྟག་ལུ་ ལས་སྡིག་སྒྲིབ་ཕྱེ་སའི་བྱག་ཕུག་ཚུ་མཇལ་ནི་ཡོདཔ་ཨིན་པས།

ཆུ་མོ་ཕུག་གི་གནས་ནང་ ཆོས་ནོར་ཟབ་གཏེར་གྱི་རིགས་ཡང་ གྱངས་ཁ་མ་ཆོདཔ་ཅིག་གཏེར་ལུ་སྦ་སྟེ་ཡོད་མི་དེ་ཡང་ གཏེར་སྟོན་ཆེན་པོ་རིག་འཛིན་འབྲུག་སྒྲ་རྡོ་རྗེའི་ཉམས་སུ་འཆར་བའི་ལུང་བསྟན་ (གནམ་ལོ་མེད་༢༠༡༦ ཤོག་གྲངས་ ༤༣) ལས་ “བྲག་ཟླ་གམ་དབང་ཆེན་ཕུག་པའི་ནང་། །ཆོས་འཆི་མེད་བསྒྲུབ་པའི་ཟབ་གཏེར་ཡོད། །རི་ཉིན་སྲིབས་མཚོན་ཆ་གཟིངས་འདྲ་ལ། །བཀའ་ཇི་བཞིན་བསྒྲུབ་པའི་གཏེར་བདག་ཡོད། །བྲག་ཆོས་འབྱུང་འདྲ་བའི་ཕུག་པའི་ནང་། །རྟེན་གནམ་ལྕགས་ཨུ་མའི་རལ་གྲི་ཡོད། །བྲག་གླེགས་བམ་བརྩེགས་པའི་སྐེད་པ་ན། །ཆོས་སྙིང་ཐིག་མ་བུ་སྐོར་གསུམ་ཡོད། །རྡོ་ལྷ་བཤོས་འདྲ་བའི་རྩ་བ་ན། །རྗེ་ལྷ་སྲས་གཞོན་ནུའི་སྙན་རྒྱན་ཡོད། །བྲག་སྲིང་མོ་ཁ་གདངས་ལྟ་བུའི་ནང་། །ཆོས་མ་གཤིན་ཕུར་གསུམ་སྣ་བསྡུས་ཡོད། །རྡོ་ཅེ་སྤྱང་མི་ཤ་ཟ་འདྲ་ལ། །ཡུལ་རི་སྐེད་གྲོང་ཁྱེར་སེར་པོ་ན། །གྲོགས་མཚོ་རྒྱལ་སྤྲུལ་པའི་རིགས་ལྡན་ཡོད།།” ཟེར་གསུངས་པའི་ཁར། གཞན་ཡང་ ལུང་དེ་ཉིད་ཀྱི་འཕྲོར། “གནས་ཆུ་བྲག་འཐབ་པའི་རྐེད་པ་ན། །རྗེ་གུ་རུའི་སྐུ་རྗེས་ཕུག་པའི་ནང་། །ཆོས་འཆི་མེད་ཟབ་གཏེར་མང་པོ་དང་། །རྟེན་རྫོགས་སངས་རྒྱས་ཀྱི་རིང་བསྲེལ་ཚོགས། །རྗེ་མ་སྐྱེས་དགྲ་ཡིས(ཡི)་རྟེན་གྱི་འཕྲོས། །སྣོད་ཤེལ་གྱི་སྒྲོམ་བུ་བཀང་སྟེ་ཡོད།།” ཟེར་གསུངས་དོ་བཟུམ་ འཆི་མེད་སྒྲུབ་པའི་ཟབ་གཏེར། རྟེན་གནམ་ལྕགས་ཨུ་མའི་རལ་གྲི། སྙིང་ཐིག་མ་བུ་སྐོར་གསུམ། ལྷ་སྲས་གཞོན་ནུའི་སྙན་རྒྱན། ཆོས་མ་གཤིན་ཕུར་གསུམ་སྣ་བསྡུས། རྫོགས་པའི་སངས་རྒྱས་ཀྱི་རིང་བསྲེལ། མ་སྐྱེས་དགྲའི་རྟེན་ ལ་སོགས་པ་ཟབ་གཏེར་གྱི་རིགས་ཚད་མེདཔ་ཅིག་ཡོདཔ་སྦེ་ཐོན་དོ་བཟུམ་ཨིན་པས།

གནས་དེ་ནང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བྱོན་ཏེ་ ཆོས་ནོར་ཟབ་གཏེར་གྱི་རིགས་ བསམ་གྱིས་མ་ཁྱབ་ཅིག་གཏེར་ལུ་སྦ་ཞིན་ན་ ཙཱ་རི་གཉིས་པ་སྦེ་ བྱིན་གྱིས་བརླབས་གནང་བའི་ཤུལ་ལུ་ དུས་རབས་བཅོ་བརྒྱད་པ་ སྤྱི་ལོ་ ༡༧༠༢ གནམ་ལོ་ཆུ་རྟ་ ཟླཝ་བརྒྱད་པའི་ཚེས་ཉེར་གསུམ་ལུ་ གཏེར་སྟོན་འབྲུག་སྒྲ་རྡོ་རྗེ་མཆོག་གནས་དེ་ནང་བྱོན་ཏེ་ གཏེར་གྱི་ཁ་བྱང་ཚུ་ཕྱག་ལུ་བཞེས་ཏེ་ རིམ་པ་བཞིན་གཏེར་ཚུ་བཞེས་གནང་ཡོདཔ་དང་། དེ་གི་ཤུལ་ལུ་ རྒྱལ་བ་ཤཱཀྱ་རིན་ཆེན་ རྗེ་མཁན་པོའི་གསེར་ཁྲི་ཁར་མ་ཕེབས་པའི་ཧེ་མ་ རྟ་མགོའི་བླམ་མཛད་དེ་བཞུགས་པའི་སྐབས་ ཆུ་མོ་ཕུག་གི་གནས་ནང་འབྱོན་ཚུལ་ཡང་། རྒྱལ་བ་ཤཱཀྱ་རིན་ཆེན་གྱི་རྣམ་ཐར་ཆེན་མོ་ལྷག་པའི་བསམ་པ་བསྐུལ་ཞིང་ བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་གཏམ་ དམ་པའི་ཆོས་ཀྱི་གཎྜིའི་སྒྲ་དབྱངས་སྙན་པའི་ཡན་ལག་རྒྱ་མཚོ་ (གནམ་ལོ་མེད་ ༢༠༡༨ ཤོག་གྲངས་༡༢༩) ལྟར་དུ་འབད་བ་ཅིན་ ཆུ་མོ་ཕུག་གི་གནས་ནང་སྒྲུབ་པ་གནང་སྟེ་བཞུགས་མི་ པད་དཀར་ཆོས་འཕེལ་གྱིས་གནས་དེ་ནང་ འབྱོན་དགོ་པའི་གསོལ་འདེབས་ཞུཝ་བཞིན་དུ་ སྤུས་མོ་ལ་ལས་སྦེ་བྱོན་ཏེ་ཆུ་རྦ་ཀློང་འཁྲུགས་པའི་ངོགས་ལས་ རིམ་པ་བཞིན་མཐའ་ཕྲ་མོ་ཟེར་བའི་གནས་ནང་ཕེབས་དང་ དེ་ནང་སྒྲུབ་པ་གནང་སྟེ་བཞུགས་མི་ཚུ་གིས་ཕེབས་བསུ་ཞུ་ཡོདཔ་དང་། དེ་ནང་ གུ་རུའི་སྐུ་རྗེས་དང་ ཕྱག་དང་ཞབས་ཀྱི་རྗེས་ གཏེར་ཚག་ལ་སོགས་པ་མཇལ་ཏེ་ རྡོ་སྦོམ་ཅིག་གི་ངོས་ལུ་ཆོས་འབྱུང་བྷ་གའི་དབྱིབས་སྦེ་ ཆགས་པའི་རྡོ་རྗེ་ཕག་མོའི་དབུ་རང་བྱོན་སྦེ་ཐོན་ཏེ་ ག་ནི་བ་གསལ་ཏོག་ཏོ་སྦེ་ཡོད་མི་དེ་ཁར་ ཕག་མོ་བདེན་གཉིས་ཞལ་གྱི་ཆོ་གའི་སྒོ་ལས་ཚོགས་འཁོར་བསྐོར་ཏེ་ དེ་ནང་བཞུགས་མི་ཚུ་ལུ་ བླ་མ་མཆོད་པ་ལ་སོགས་པའི་ལུང་གནང་སྟེ་ ཞག་བཞི་བཅུ་དེ་ཅིག་བཞུགས་ཡོདཔ་དང་། དེ་གི་ཤུལ་ལས་ ཆུ་མོ་ཕུག་གོང་འོག་གཉིས་དང་ གུ་རུའི་སྐུ་རྗེས་སྒྲུབ་ཕུག་དང་ གུ་རུའི་པང་མཚོ་ལ་སོགས་པའི་གནས་ཚུ་གཟིགས་ཞིབ་གནང་སྟེ་ སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་ཡོདཔ་སྦེ་ གསུངས་ཏེ་ཡོད་དོ་བཟུམ་དང་། གཞན་ཡང་བླ་ཆེན་དང་སྤྲུལ་པའི་སྐུ་ མང་རབས་ཅིག་གིས་ཞབས་ཀྱིས་བཅགས་ཏེ་ བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་ཅིག་ཨིན་པས།

ཆུ་མོ་ཕུག་ལུ་གནས་གོང་འོག་གཉིས་སྦེ་ཡོདཔ་དང་ གདན་ས་འོག་མ་ལྷ་ཁང་རྙིང་པའི་ཆགས་ཤུལ་དེ་ དུས་རབས་བརྒྱད་པའི་ནང་ཨོ་རྒྱན་རིན་པོ་ཆེ་གིས་ བྱིན་གྱིས་བརླབས་གནང་བའི་གནས་ཁྱད་པར་ཅན་ཅིག་ཨིནམ་དང་། ད་ལྟོ་མཇལ་ནི་ཡོད་པའི་ལྷ་ཁང་དེ་ དུས་རབས་ག་དེམ་ཅིག་ཁར་ ཕྱག་བཏབ་གནང་ཡོདཔ་ཨིན་ན་གི་སྐོར་ལས་ ཡིག་ཐོག་ལུ་བཀོད་བཀོདཔ་ཅིག་མཇལ་ས་མེད་རུང་ བཤད་སྲོལ་ལྟར་དུ་འབད་བ་ཅིན་ ཤེལ་ལ་བྲག་མགོའི་ཆོས་རྗེ་ པདྨ་འབྱུང་གནས་ཀྱིས་ཕྱག་བཏབ་གནང་གནངམ་ཨིན་ཟེར་སླབ་ཨིན་པས།

གསོལ་འདེབས་ལེའུ་གསུམ་པ་ལས། “རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས་པའི་གནས། །མ་མོ་མཁའ་འགྲོ་ཐམས་ཅད་འདུ་བའི་གླིང་། །གསང་སྔགས་བརྡ་ཡི་རང་སྒྲ་དི་རི་རི། །གནས་དེར་ཕྱིན་པ་ཙམ་གྱིས་བྱང་ཆུབ་ཐོབ། །གནས་མཆོག་ཁྱད་པར་ཅན་ལ་གསོལ་བ་འདེབས།།” གསུངས་དོ་བཟུམ་ ལྷ་ཁང་གི་ནང་རྟེན་གཙོ་བོ་ གཏེར་མ་ལས་བྱོན་མི་མཁའ་འགྲོ་ཡོངས་ཀྱི་གཙོ་མོ་ བཅོམ་ལྡན་རྡོ་རྗེ་ཕག་མོའི་སྐུ་གསུམ་ཡོདཔ་ཨིན་པས། དེ་ཡང་ (ཆུ་མོ་ཕུག་གི་བླམ་བཙན་སྐྱོགས་ངོ་རྐྱང་རྒྱུན་འབྲེལ། སྤྱི་ལོ་༢༠༢༣ སྤྱི་ཟླ་༠༩ པའི་ཚེས་༠༨) ལུ་འགྲུལ་འཕྲིན་གྱི་ཐོག་ལས་གསུངས་མིའི་ནང་ རྗེ་མཁན་ཁྲི་རབས་དགུ་པ་ རྒྱལ་བ་ཤཱཀྱ་རིན་ཆེན་གྱིས་གུ་རུའི་ཕང་མཚོ་ནང་ལས་ཞུ་མི་ རྡོ་རྗེ་ཕག་མོའི་སྐུ་དབུ་གནམ་ལུ་མ་རེག་ ཞབས་ས་ལུ་མ་རེག་པར་ བར་སྣང་ཁམས་ལུ་བཞེངས་ཏེ་བཞུགས་མི་ཅིག་མཇལ་ནི་ཡོདཔ་དང་། བཤད་སྲོལ་ལྟར་དུ་འབད་བ་ཅིན་ རྗེ་མཁན་མཆོག་གིས་གུ་རུའི་ཕང་མཚོ་ནང་ལས་ གཏེར་སྦེ་བཞེས་པའི་ཤུལ་ལུ་ཕྱི་ཁའི་སྐུ་གཟུགས་གྱི་རྣམ་པ་དེ་ རྗེ་ཁོ་རའི་ཞལ་སློབ་རྗེ་མཁན་ཁྲི་རབས་༡༢ པ་ངག་དབང་ཡོན་ཏན་མཐའ་ཡས་དང་ རྗེ་མཁན་ཁྲི་རབས་༡༣ པ་ཀུན་དགའ་རྒྱ་མཚོ་རྣམ་པ་གཉིས་ཀྱིས་ བཞེངས་ཡོདཔ་སྦེ་བཤདཔ་ཨིན་པས།

ལོ་རྒྱུས་སོ་སོ་ཅིག་ལས་འབད་བ་ཅིན་ སྐུ་དེའི་མ་དཔེ་དང་ཚད་གཞི་འདི་ ཙཱ་རི་ལུ་ཡོད་པའི་རྡོ་རྗེ་ཕག་མོའི་སྐུ་འདྲ་དེ་ལས་ བློས་བསླངས་ཏེ་བཞེངས་བཞེངསམ་ཨིནམ་སྦེ་བཤདཔ་ཨིན་པས། དེ་ཡང་རྗེ་མཁན་ཁྲི་རབས་དགུ་པ་ རྒྱལ་བ་ཤཱཀྱ་རིན་ཆེན་གྱི་ཞལ་སློབ་ རྗེ་ཡོན་ཏན་མཐའ་ཡས་དང་ ཀུན་དགའ་རྒྱ་མཚོ་རྣམ་གཉིས་ཀྱིས་ཙཱ་རི་ལས་ ཁ་ཤ་གུར་ཚད་རྐྱབ་ཞིན་ན་བསྣམས་བྱོན་ཡོདཔ་དང་ ནཱ་ལུ་རྡོ་རྗེ་ཕག་མོའི་སྐུ་བཞེངས་པའི་སྐབས་ ཚད་དེ་ལས་ཨ་ཙི་ཆུང་སོཔ་ལས་ ཐུགས་ཕམ་སྟེ་བཞུགས་པའི་སྐབས་ སྐུ་དེ་གིས་གསུང་བྱོན་ཏེ་ ཞབས་ཡར་འཐུ་ཞིན་ན་ བར་སྣང་ཁམས་སུ་བཞེངས་ཏེ་བཞུགསཔ་ད་ ཚད་གཞི་འདྲན་འདྲ་ཡར་སོཔ་ཨིན་ཟེར་བཤདཔ་ཨིན་པས།

ནང་རྟེན་གཞན་ཡང་ སྨན་འདམ་ལས་གྲུབ་པའི་གུ་རུའི་སྐུ་དང་ གཏེར༌གཏོན༌འབྲུག༌སྒྲ༌རྡོ༌རྗེ་གིས་ཕག༌མོའི༌བླ༌མཚོ༌ནང་ལས༌ གཏེར༌སྦེ༌བཞེས༌པའི༌ འོག་ཀླུ་ཡུལ་གྱི་ཕག༌མོའི༌སྐུ༌འདྲ༌དང༌། གཏེར༌གཏོན༌ཚེ༌བརྟན༌རྒྱལ༌མཚན༌གྱིས༌ གནས༌གོང༌མ༌ལས༌ བཞེས༌པའི༌སྟེང་ལྷ་ཡུལ་གྱི་ རྡོ་རྗེ༌ཕག༌མོའི༌སྐུ༌འདྲ༌ཚུ༌ཡང༌ ད༌ལྟོའི་བར༌ན་ཡང༌ བྱིན་རླབས་ཀྱི་མཚན་ཁ་མ་ཉམས་པར་ བྱིན་ཆགས་ཏོག་ཏོ་སྦེ་བཞུགས་ཏེ་ཡོདཔ་ལས་ ལོ་ཨ་རྟག་ར་རང་ཟླ་ ༡ པའི་ཚེས་ ༡༥ ལུ་མཇལ་ཁ་གནང་ནི་ཡོདཔ་ཨིན་པས། ལྷ་ཁང་གི་འོག་ལུ་བཅོམ་ལྡན་རྡོ་རྗེ་ཕག་མོའི་ཕག་ཞལ་དང་ ཆུམོ་དཀར་དམར་གཉིས་གཏེར་ལུ་སྦས་བཞག་སའི་བྱག་ གུ་རུའི་དམར་གཏོར་དང་ གཞན་ཡང་ བྱང་ཆུབ་ལྟུང་བཤགས་ལྷ་སོ་ལྔའི་སྣང་བརྙན་ཡོད་སའི་བྱག་ ལ་སོགས་པའི་གནས་ཆེ་ཆུང་མང་རབས་ཅིག་ མཇལ་ནི་ཡོདཔ་ཨིན།

སྤྱིར་བཏང་གནས་མཇལ་ནི་འདི་ རང་གི་ལུས་ཀྱི་སྒྲིབ་པ་ཚུ་དག་སྟེ་ ཚེ་རིང་ནད་མེད་གཟུགས་ཁམས་བདེ་བའི་ངང་ལུ་ གནས་ཚུགས་ནིའི་དགོས་པ་ཡོདཔ་དང་ ཕྱི་མ་གནས་སྐབས་མཐོ་རིས་དང་ མཐར་ཐུག་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་འཐོབ་ནིའི་རྒྱུ་ཅིག་ཡང་ཨིནམ་ལས་ གནས་མཇལ་ནི་འདི་གལ་ཆེ་བའི་ཁར་ ལྷག་པར་དུ་ཆུ་མོ་ཕུག་གི་གནས་འདི་ ཙཱ་རི་གཉིས་པ་ཨིནམ་ལས་ འ་ནཱི་གནས་འདི་མཇལ་ཚུགས་པ་ཅིན་ ཙཱ་རི་མཇལ་བའི་ཁྱད་ཆོད་ནི་འདི་གིས་ དད་ལྡན་བསོད་ནམས་ཅན་གྱི་སྐྱེ་བོ་ཕོ་མོ་ག་ར་གིས་ ཆུ་མོ་ཕུག་གི་གནས་འདི་ངེས་པར་དུ་མཇལ་ཚུགས་པ་ཅིན་ ལེགས་ཤོམ་འོང་ནི་ཨིན་པས་གོ།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་། (གནམ་ལོ་མེད་༢༠༡༦) གཏེར་སྟོན་ཆེན་པོ་རིག་འཛིན་འབྲུག་སྒྲ་རྡོ་རྗེའི་ཉམས་སུ་འཆར་བའི་ལུང་བསྟན། འབྲུག། ཐིམ་ཕུག།

ཆུ་མོ་ཕུག་གི་བླམ་བཙན་སྐྱོགས་ངོ་རྐྱང་རྒྱུན་འབྲེལ། (༢༠༢༣ སྤྱི་ཟླ་༠༩ པའི་ཚེས་༠༨)

རྒྱལ་བ་ཤཱཀྱ་རིན་ཆེན་གྱི་རྣམ་ཐར་ཆེན་མོ་ལྷག་པའི་བསམ་པ་བསྐུལ་ཞིང་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་གཏམ་དམ་པའི་ཆོས་ཀྱི་གཎྜིའི་སྒྲ་དབྱངས་སྙན་པའི་ཡན་ལག་རྒྱ་མཚོ་ (གནམ་ལོ་མེད་ ༢༠༡༨)