སྤྱན་རས་གཟིགས། Ι Avalokitesvara

Wikipedia ལས།

དོན་ཚན། [༡][ཞུན་དག།]

༡༽ སྤྱན་རས་གཟིགས་ཀྱི་འབྱུང་ཁུངས།

༢༽ སྤྱན་རས་གཟིགས་ཀྱི་ངོ་སྤྲོད།

༣༽ སྤྱན་རས་གཟིགས་འདི་སྙིང་རྗེའི་རང་གཟུགས་ཨིནམ་ལས་རང་གི་རྒྱུད་ལུ་སྙིང་རྗེ་སྒོམ་ཚུལ།

༤༽ སྤྱན་རས་གཟིགས་ལུ་མཚན་གྱི་རྣམ་གྲངས་བཅུ་གཅིག་ཞལ་ཟེར་ཞུ་དགོ་པའི་ཁུངས།

༥༽ སྤྱན་རས་གཟིགས་སྒོམ་བཟླས་དང་མཚན་སྔགས།

༡༽ སྤྱན་རས་གཟིགས་ཀྱི་འབྱུང་ཁུངས།[ཞུན་དག།]

སྤྱན་རས་གཟིགས་ཀྱི་འབྱུང་ཁུངས་ཞུ་བ་ཅིན་ འདི་ཡང་ ༼སྐྱབས་རྗེ་བདུད་འཇོམས་ འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གསུངས་ དད་ལྡན་རྣ་བའི་བདུད་རྩི་ལས་ ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོའི་སྒྲུབ་ཐབས། རྫོང་ཁ་ལུ་སྐད་བསྒྱུར་འབད་དེ་ཡོད་༽ སངས་རྒྱས་ཐམས་ཅད་ཀྱི་བསྟན་པའི་མེས་པོ་ཟུམ་ ཆོས་སྐུ་ཀུན་ཏུ་བཟང་པོ་ཟེར་ཞུ་རུང་ སངས་རྒྱས་སྣང་བ་མཐའ་ཡས་ཟེར་ཞུ་རུང་ གཅིག་རང་ཨིན་མས། སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་ཐུགས་ ཞི་བ་ཆོས་ཀྱི་དབྱིངས་ལས་མི་གཡོ་བ་བཞུགས་ཞིནམ་ལས་ རིགས་དྲུག་གི་སེམས་ཅན་ཐམས་ཅད་ལུ་ ཐུགས་རྗེའི་གཟིགས་ནིའི་སེམས་མི་གཡལ་བར་ ཐུགས་བརྩེ་བ་ཆེན་པོའི་ སྙིང་རྗེ་གི་གདངས་ཤར་བ་འདི་ གཞན་སེམས་ཅན་ཐམས་ཅད་ལུ་ ཕན་ཐོགས་གོ་མནོ་བའི་བསམ་པ་ སེམས་བསྐྱེད་འདི་ལུ་ འཕགས་མཆོག་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཟེར་ཞུཝ་ཨིན་མས།

༢༽ སྤྱན་རས་གཟིགས་ཀྱི་ངོ་སྤྲོད།[ཞུན་དག།]

༼སྐྱབས་རྗེ་བདུད་འཇོམས་ འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གསུངས་ དད་ལྡན་རྣ་བའི་བདུད་རྩི་ལས་ ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོའི་སྒྲུབ་ཐབས། རྫོང་ཁ་ལུ་སྐད་བསྒྱུར་འབད་དེ་ཡོད་༽ འཕགས་པ་སྤྱན་རས་གཟིགས་ཟེར་མི་འདི་ སངས་རྒྱས་ཐམས་ཀྱི་གསུང་ སྙིང་རྗེ་ཆེན་པོའི་རང་གཟུགས་འདི་ལུ་ འཕགས་མཆོག་ཐུགས་རྗེ་ཆེན་པོ་ སྤྱན་རས་གཟིགས་ཟེར་ཞུ་དོ་ཡོདཔ་ཨིན།

༣༽ སྤྱན་རས་གཟིགས་འདི་སྙིང་རྗེའི་རང་གཟུགས་ཨིནམ་ལས་རང་གི་རྒྱུད་ལུ་སྙིང་རྗེ་སྒོམ་ཚུལ།[ཞུན་དག།]

འདི་ཡང་ སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་ གསུངས་བཅུད་དོན་བདུད་རྩི་ཉིང་ཁུ། ཤོག་གྲངས་༡༣ པ་ནང་ལས།

སྙིང་རྗེ་སྒོམ་དགོཔ་དེ་ཡང་ དང་པ་སྙིང་རྗེའི་སྒོ་ལས་ འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ དགྲ་དང་གཉེན་གྱི་དབྱེ་བ་སྤུ་ཙམ་ཡང་མེད་པར་ གཏང་སྙོམས་ལུ་བསྒོམ་སྟེ་ དུས་དང་རྣམ་པ་ཀུན་ཏུ་སྙིང་རྗེའི་སྒོ་ལས་ ཐ་ན་དཀར་མེ་ཕུད་རྡོག་གཅིག་ མ་གཏོགས་མ་ཕུལ་རུང་ འགྲོ་བ་སེམས་ཅན་ཆ་མཉམ་ལུ་ཕན་ཐོགས་བཅུག་ཟེར་བའི་མནོ་བསམ་གཏང་དགོཔ་ཨིན།


དེ་འབདཝ་ད་ སྙིང་རྗེ་བསྐྱེདཔ་ཙམ་ཅིག་གིས་སེམས་ཅན་ཆ་མཉམ་ལུ་ ཕན་ཐོགས་ངོ་མ་འབྱུང་མི་ཚུགས་ནི་ཨིནམ་ལས་ སྙིང་རྗེ་ཟེར་མི་འདི་ག་ཅི་བཟུམ་ཅི་དགོཔ་ཨིན་ན་ དཔྱེ་འབད་བཤད་པ་ཅིན་ རྐང་ལགཔ་རྐྱང་སྐུམ་འབད་མ་ཚུགས་མི་ ཨའི་ཅིག་གིས་མོ་རའི་བུ་དེ་ ཆུ་གིས་ཕྱག་འབག་འགྱོ་སར་མཐོང་སྟེ་འབད་རུང་གྲོགས་རམ་ག་ཅི་ཡང་ འབད་མ་ཚུགས་པར་སྡུག་བསྔལ་མྱོང་དོ་བཟུམ་ཅིག་དགོཔ་ཨིན་མས།


དེ་སྦེ་སེམས་ཅན་དེ་ཚུ་ ག་ར་འཁོར་བའི་སྡུག་བསྔལ་ལས་འདྲེན་སྟེ་ སངས་རྒྱས་ཀྱི་གོ་འཕང་ལུ་བཀོད་ནི་དོན་ལས་ ག་ཅི་རང་འབད་དགོཔ་འདུག་ག་ཟེར་བ་ཅིན་ ང་བཅས་ཀྱིས་དང་པ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་ གཉིས་པ་སངས་རྒྱས་བྱོན་ཏེ་ཆོས་གསུངས་པའི་འཛམ་གླིང་འདི་ནང་སྐྱེས་ གསུམ་པ་ཆོས་སྟོན་མི་བླམ་དགེ་བའི་བཤེས་གཉེན་དང་མཇལ་ཏེ་ ཆོས་ཞུ་ཚུགས་ནི་དེ་གི་ སྐལ་བ་བཟང་ཡི་ཟེར་བསམ་དགོ། མི་ལུས་རིན་པོ་ཆེ་འདི་ གཡོག་བཀོལ་ཏེ་ཐར་པའི་གོ་འཕང་ཐོབ་ཚུགས་མི་ཚུགས་འདི་ ང་བཅས་རང་ལུ་རག་ལསཔ་ཨིན། རྒྱུ་མཚན་དེ་འབད་ནི་འདི་གི་ རང་གི་རྒྱུད་ལུ་ཡོད་པའི་ བརྩེ་བའི་སེམས་སྙིང་རྗེ་འདི་ལུ་ མཚན་ཡང་ཐུགས་རྗེ་ཆེན་པོ་ཟེར་ཞུཝ་ཨིན་མས། འ་ནི་ཐུགས་རྗེ་ཆེན་པོ་འདི་ལུ་ མཚན་བཏགས་ད་འཕགས་པ་སྤྱན་རས་གཟིགས་ཟེར་ཞུཝ་ཨིན་མས།

༤༽ སྤྱན་རས་གཟིགས་ལུ་མཚན་གྱི་རྣམ་གྲངས་བཅུ་གཅིག་ཞལ་ཟེར་ཞུ་དགོ་པའི་ཁུངས།[ཞུན་དག།]

༼སྐྱབས་རྗེ་བདུད་འཇོམས་ འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གསུངས་ དད་ལྡན་རྣ་བའི་བདུད་རྩི་ལས་ ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོའི་སྒྲུབ་ཐབས། རྫོང་ཁ་ལུ་སྐད་བསྒྱུར་འབད་དེ་ཡོད་༽ ཤོག་གྲངས་༨༠ པ་ལས།


སྤྱན་རས་གཟིགས་ཀྱིས་ སངས་རྒྱས་འོད་དཔག་མེད་ཀྱི་སྐུ་མདུན་ལུ་ དམ་བཅའ་དེ་སྦེ་ཕུལ་ནུག། ང་གིས་ཁམས་གསུམ་གྱི་སེམས་ཅན་ཚུ་ག་ར་མ་སྟོང་གི་བར་ན་ ང་སངས་མི་རྒྱས་པར་སྡོད་ནི་ཨིན། ང་བྱང་ཆུབ་སེམས་དཔའི་གཟུགས་འབད་བསྡད་ནི་ཨིན་ཟེར་ ཁས་ལེན་དམ་བཅའ་བཞེས་འདི་ སེམས་ཅན་ཐམས་ཅད་འཁོར་བའི་དོང་ལས་སྤྲུགས་ཏེ་ སངས་རྒྱས་ཀྱི་སར་བཀོད་མ་ཚར་ཚུན་ཚོད་ ང་སངས་མི་རྒྱས་པར་སྡོད་ནི་ཟེར་དམ་བཅའ་བཞེས་ནུག།


དེ་ལས་ཚུར་ ཐུགས་སྙིང་རྗེ་ཆེན་པོའི་སྒོ་ལས་ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཚར་གཅིག་ བདེ་བ་ཅན་གྱི་ཞིང་ཁམས་ལུ་ཡར་དྲང་ནུག། དྲངས་ཚར་ཞིནམ་ལས་ ད་འབདན་འཁོར་བ་ནང་ལུ་ སེམས་ཅན་ཕུད་རྡོག་གཅིག་ཡང་ལུས་ལུསཔ་མེད་མནོ་བསམ་བཏང་སྟེ་ ལོག་མར་འཁོར་བ་ལུ་གཟིགསཔ་ད་  འཁོར་བའི་སེམས་ཅན་འདི་ཚུ་ ད་རུང་ཧེ་མ་བཟུམ་མངཔོ་སྦེ་མེད་རུང་ ཉུངཔོ་སྦེ་རྩ་ལས་རང་མེདཔ་འབད་གཟིགས་ཞིནམ་ལས་ ཉིནམ་ཁ་ས་རང་ ང་གིས་སེམས་ཅན་ཚུ་ག་ར་ཡར་སངས་རྒྱས་ཀྱི་འགོ་ཕང་ལུ་ བཀོད་ཚར་ཚརཝ་ཅིག་ ཉིནམ་ད་རེས་ད་རུང་ཡང་ མར་ཕབ་མ་འགྱོ་བར་ དེ་འབད་ཅོག་ཐདཔ་སྦེ་ར་ སྐྱེ་སྡོད་སྡོདཔ་མཐོང་ཞིནམ་ལས་ དེ་ལས་སྤྱན་རས་གཟིགས་ ཡིད་མུག་ཏེ་ ཨཱ་ཟའེ་ད་ཁམས་གསུམ་གྱི་སེམས་ཅན་ ཡར་སངས་རྒྱས་ཀྱི་འགོ་ཕང་ལུ་འདྲེན་ཚར་ནི་དུས་ཚོད་གཅིག་ མ་པ་ལས་མི་ཤར་ཨིན་མས་མ་རེད་ཟེར་ མནོ་བསམ་བཏངམ་ཙམ་ཅིག་གིས་ ཧེ་མ་ལེན་འདི་ཡོད་པའི་དམ་བཅའ་ཤོར་སྟེ་ ཁོ་གི་དབུ་དུམ་བུ་བཅུ་གཅིག་ལུ་གས་འགྱོ་ནུག། དེ་ལས་ ཁོ་གི་སྐུ་གཟུགས་དུམ་བུ་སྟོང་ཕྲག་གཅིག་ལུ་གས་འགྱོ་ནུག།


དེ་ལས་ སངས་རྒྱས་སྣང་བ་མཐའ་ཡས་མངོན་སུམ་སྦེ་ སྤྱན་རས་གཟིགས་ཀྱི་སྐུ་མདུན་ལུ་ཕེབས་ཞིནམ་ལས་ རིགས་ཀྱི་བུ་ ཁྱོད་ཀྱི་སེམས་ཀྱི་དམ་བཅའ་ ཤོར་སོངམ་འདྲས་མེན་ན་ཟེར་གསུངས་ཏེ་ ད་རུང་ཧེ་མ་བཟུམ་སྦེ་རང་ སེམས་བསྐྱེད་དེ་དམ་བཅའ་འབད་དེ་ སེམས་ཅན་གྱི་དོན་ལུ་ལཱ་འབད་ཤིག་ཟེར་ དབུ་དུམ་བུ་ བཅུ་གཅིག་གས་ཡོད་མི་འདི་ ཞལ་བཅུ་གཅིག་ལུ་བྱིན་གྱིས་བརླབས་གནང་ནུག དེ་ལས་ སྐུ་གཟུགས་དུམ་བུ་སྟོང་སྦེ་གས་ཡོད་མི་འདི་ ཕྱག་སྟོང་སྦེ་བྱིན་གྱིས་བརླབས་གནང་ནུག། ཕྱག་རེ་རེའི་མཐིལ་ནང་ལུ་ སྤྱན་རེ་རེ་བྱིན་གྱིས་བརླབས་ཞིནམ་ལས་ ཕྱག་སྟོང་སྤྱན་སྟོང་བཅུ་གཅིག་ཞལ་ལུ་བྱིན་གྱིས་བརླབས་གནང་སྟེ་ སེམས་ཅན་ག་ར་ལུ་འགྲོ་དོན་ལས་ཤ་མཛད་དེ་ཡོདཔ་ཨིན། འདི་བཟུམ་སྦེ་ སྤྱན་རས་གཟིགས་ཀྱི་ཐུགས་བསྐྱེད་དང་སྨོན་ལམ་ལས་ ཕྱག་སྟོང་ལས་འཁོར་ལོ་བསྒྱུར་བའི་རྒྱལ་པོ་སྟོང་། སྤྱན་སྟོང་ལས་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་སྦེ་སྤྲུལ་པ་སྟོན་ཡོདཔ་ཨིན། དུས་ད་ལྟོའི་བར་ན་ཡང་ སངས་རྒྱས་སྟོང་གི་སྤྲུལ་པ་བྱོན་མི་འདི་ཡང་ རྩ་བོ་ངོ་མ་རང་ འཕགས་པ་ཐུགས་རྗེ་ཆེན་པོའི་རྣམ་སྤྲུལ་ལུ་བརྟེན་ཏེ་བྱུངམ་ཨིན་པས།

རྒྱུ་མཚན་འདི་ལས་ཚུར་ སྤྱན་རས་གཟིགས་ལུ་ མིང་གི་རྣམ་གྲངས་བཅུ་གཅིག་ཞལ་ ཟེར་དར་ཁྱབ་སོང་སྟེ་ཡོདཔ་ཨིན།

༥༽ སྤྱན་རས་གཟིགས་སྒོམ་བཟླས་དང་མཚན་བསྔགས།[ཞུན་དག།]

དཔལ་ལྡན་འབྲུག་པའི་ལུགས་ཀྱི་ཞལ་འདོན་ཕྱོགས་བསྡེབས་བྱང་ཆུབ་བགྲོད་པའི་ལམ་བཟང་། ཤོག་གྲངས་ ༥༦༠ ནང་ལས།  སྤྱན་རས་གཟིགས་ཀྱི་ སྒོམ་བཟླས་བྱ་ཚུལ་གསལ་བའི་སྒྲོན་མེ་ནང་ལས་ གསུངས་དོ་བཟུམ་འབད་བ་ཅིན།

དང་པ་སྐྱབས་འགྲོ།

བསླུ་མེད་སངས་རྒྱས་ཆོས་དང་དགེ་འདུན་ཏེ།།

དཀོན་མཆོག་གསུམ་དངོས་སྤྱན་རས་གཟིགས་དབང་ལ།།

བདག་དང་མཐའ་ཡས་འགྲོ་དྲུག་སེམས་ཅན་རྣམས།།

བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི།། ལན་གསུམ།


སེམས་བསྐྱེད།

འགྲོ་བའི་རང་བཞིན་སངས་རྒྱས་ཉིད་གྱུར་ཀྱང་།།

མ་རིག་འཁྲུལ་པའི་འཁོར་བ་འཁྱམས་པ་ལ།།

བཟོད་མེད་སྙིང་རྗེས་བྱང་ཆུབ་སྨོན་པའི་སེམས།།

བསྐྱེད་ནས་ཟབ་མོའི་ལམ་ལ་འཇུག་པར་བགྱི།། ལན་གསུམ།

ཨཱཿརང་ལུས་ཐ་མལ་ཉིད་དུ་འཛིན་པ་ཡི།།

ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ།།

མི་དམིགས་སྟོང་པ་ཉིད་དུ་གྱུར་པ་ནི།།

དཔེར་ན་སྤྲིན་ཕུང་ནམ་མཁར་ཡལ་བ་བཞིན།།

ངོ་བོ་སྟོང་ཡང་རང་བཞིན་འགག་མེད་གསལ།།

ཤེལ་དང་ཤེལ་འོད་འཕྲོ་བ་ཇི་བཞིན་ནོ།།

དེ་ལྟར་གསལ་སྟོང་ངང་ལས་མ་གཡོས་བཞིན།།

སྣང་སྟོང་ལྷ་སྐུ་འདི་ལྟར་བསྒོམ་པར་བྱ།།

ཉེས་པའི་སྐྱོན་བྲལ་པད་དཀར་བད་བརྒྱད་སྟེང་།།

སྲིད་པའི་ཚ་གདུང་ཞི་བྱེད་ཟླ་བའི་སྟེང་།།

དེ་ཡི་ལྟེ་བར་ས་བོན་ཧྲཱིཿཡིག་དཀར།།

དེ་ལས་འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད།།

སེམས་ཅན་དོན་བྱས་ཚུར་བསྡུས་ཧྲཱིཿལ་ཐིམ།།

ཧྲཱིཿཡིག་དེ་ཉིད་ཡོངས་སུ་གྱུར་པ་ལས།།

ངོ་བོ་དུས་གསུམ་རྒྱལ་བའི་སྙིང་རྗེའི་གཏེར།།

རྣམ་པ་འཕགས་པ་འཇིག་རྟེན་དབང་ཕྱུག་ནི།།

སྲིད་ཞིའི་སྒྲིབ་པ་ཀུན་ལས་གྲོལ་བའི་བརྡར།།

ཕྱག་བཞིའི་དང་པོ་ཐུགས་ཀར་ཐལ་མོ་སྦྱར།།

འགག་མེད་ལོངས་སྐུས་འགྲོ་དོན་མཛད་པའི་ཕྱིར།།

གཡོན་གྱི་གཉིས་པས་པད་དཀར་སྡོང་བུ་བསྣམས།།

སྤྲུལ་སྐུས་འགྲོ་དྲུག་འདྲེན་མཛད་ཐུགས་རྗེའི་རྟེན།།

གཡས་ཀྱི་འོག་མས་ཤེལ་དཀར་འཕྲེང་བ་འཛིན།།

སྣ་ཚོགས་དར་དང་རིན་ཆེན་རྒྱན་གྱིས་བརྒྱན།།

ཡེ་ཤེས་རང་འོད་འཁྲིགས་པའི་ཀློང་དཀྱིལ་ན།།

ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས།།

སྣང་ལ་མ་གྲུབ་འཇའ་ཚོན་བཞིན་དུ་གསལ།།

གནས་གསུམ་ཨོཾ་ཨཱ་ཧཱུཾ་ལས་འོད་ཟེར་འཕྲོས།།

ཕྱོགས་བཅུའི་ཞིང་ནས་རང་འདྲའི་ཡེ་ཤེས་པ།།

དཔག་ཏུ་མེད་པ་སྤྱན་དྲངས་རང་ལ་ཐིམ།།

ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར།།

སླར་ཡང་ཐུགས་ལས་འོད་འཕྲོས་དབང་གི་ལྷ།།

རིགས་ལྔ་སྤྱན་དྲངས་དབང་བསྐུར་ཆུ་རྒྱུན་གྱིས།།

ལུས་གང་དྲི་དག་ལྷག་མ་སྤྱི་བོར་འཁྱིལ།།

རིགས་བདག་འོད་དཔག་མེད་ཀྱིས་དབུ་བརྒྱན་གྱུར།།


བཟླས་དམིགས་ནི།

ཐུགས་ཀའི་ཆ་སྨད་ཟླ་སྟེང་ཧྲཱིཿཡིག་མཐར།།

ཡིག་དྲུག་སྔགས་འཕྲེང་གཡས་སུ་འཁོར་བ་ལས།།

འོད་འཕྲོས་རྒྱལ་བ་སྲས་བཅས་ཐམས་ཅད་མཆོད།།

སྐུ་གསུང་ཐུགས་བྱིན་མ་ལུས་ཚུར་ལ་བསྡུས།།

སླར་ཡང་ཡི་གེ་དྲུག་གི་འོད་ཟེར་གྱིས།།

རིགས་དྲུག་སྡུག་བསྔལ་དྲུག་དང་དེ་ཡི་རྒྱུ།།

ཉོན་མོངས་དྲུག་གི་སྒྲིབ་པ་ཀུན་བྱང་ནས།།

ཕྱི་སྣོད་འཇིག་རྟེན་བདེ་ཅན་གྱི་ཞིང་།།

ནང་བཅུད་སེམས་ཅན་ཐུགས་རྗེ་ཆེན་པོའི་སྐུ།།

ཁམས་གསུམ་མ་ལུས་དག་པའི་ཞིང་དུ་གྱུར།།

དེ་ཡི་བྱིན་རླབས་མ་ལུས་འོད་ཟེར་གྱིས།།

ཚུར་བསྡུས་སྔགས་འཕྲེང་རྣམས་ལ་ཐིམ་པར་གྱུར།།

ཨོཾ་མ་ཎི་པདྨེ་ཧཱུཾཿ ཞེས་ཅི་ནུས་བཟླ་བར་བའོ།།


བསྡུ་རིམ་ནི།

སྣོད་བཅུད་ལྷ་རྣམས་འོད་ཞུ་རང་ལ་ཐིམ།།

རང་ཡང་སྒྱུ་མའི་འཕྲུལ་འཁོར་ཞིག་པ་བཞིན།།

གང་ནས་མ་འོང་གང་དུའང་སོང་བ་མེད།།

གནས་ལུགས་བསམ་བརྗོད་བྲལ་བའི་ངང་ལ་ཞོག།

བཅས་རང་བབ་ཀྱི་གཤིས་ལ་མཉམ་པར་བཞག་པའི་མཐར། དེ་ནས།

ཨོཾ་མ་ཎི་པདྨེ་ཧཱུཾཿ ཞེས་པས་སླར་ཡང་སྒྱུ་མའི་ལྷ་སྐུར་ལྡང་། ཞེས་བརྗོད་ཅིང་བསམ་མོ།། དགེ་བ་བསྔོ།

དགེ་བ་འདི་ཡིས་མྱུར་དུ་བདག།

སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས།།

འགྲོ་བ་གཅིག་ཀྱང་མ་ལུས་པ།།

དེ་ཡི་ས་ལ་འགོད་པར་ཤོག། ཞེས་སྨོན་ལམ་དང་བཀྲ་ཤིས་བརྗོད་པར་བྱའོ།།


༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

རྒྱབ་རྟེན་དཔེ་ཐོ།[ཞུན་དག།]

༡༽   སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གསུངས་ དད་ལྡན་རྣ་བའི་བདུད་རྩི་ལས་ ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོའི་སྒྲུབ་ཐབས། རྫོང་ཁ་ལུ་སྐད་བསྒྱུར་འབད་དེ་ཡོད།

༢༽   དཔལ་ལྡན་འབྲུག་པའི་ལུགས་ཀྱི་ཞལ་འདོན་ཕྱོགས་བསྡེབས་བྱང་ཆུབ་བགྲོད་པའི་ལམ་བཟང་། ཤོག་གྲངས་ ༥༦༠ ནང་ལས།

༣༽   སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་ གསུངས་བཅུད་དོན་བདུད་རྩི་ཉིང་ཁུ། ཤོག་གྲངས་༡༣་པ་ནང་ལས།