ཧཱ་རང་རྩེ་གནས། Haa Rangtse

Wikipedia ལས།

༉ འབྲུག་ནུབ་ཕྱོག་རྫོང་ཁག་གི་ཡ་གྱལ་ ཧཱ་རྫོང་ཁག་ནང་ཡོད་པའི་རང་རྩེ་གནས་དེ་ཡང་ ཡོངས་གྲགས་ཅན་གྱི་གནས་ཅིག་སྦེ་བརྩི་དོ་ཡོདཔ་དང་ དེ་ཡང་སྐྱབས་རྗེ་དགེ་འདུན་རིན་ཆེན་གྱིས་ལྷོ་འབྲུག་ཆོས་འབྱུང་བློ་གསར་རྣ་བའི་རྒྱན་ ༼རྫོང་ཁ་༽ ༢༠༢༢ ཅན་མ་དང་འཁྲིལ་བ་ཅིན་ ཧཱ་རྫོང་ཁག་འོག་གི་དགའ་སྐྱིད་གླིང་་རྒེད་འོག་ནང་ལུ་ངོ་མཚར་ཆེ་ཏོག་ཏོ་སྦེ་ཆགས་ཏེ་ཡོད་པའི་ རང་རྩེ་གནས་བྱིན་ཅན་འདི་ཨྱོན་གུ་རུ་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་གསང་བའི་གནས་ཁྱད་པར་ཅན་ཅིག་ཨིནམ་སྦེ་གསུངས་ཡོདཔ་ཨིན། དེ་ཡང་ཆུ་འཛོམས་ལས་ དུས་ཡུན་ཆུ་ཚོད་བཞི་དེ་ཅིག་སྣུམ་འཁོར་ནང་འགྲོ་འགྲུལ་འབད་དེ་ ཨ་མོ་ཆུ་བདའ་སྟེ་ མཐོ་ཚད་མི་ཊར་ ༤༡༣༥ འབད་མི་གཏེར་སྒོ་ལ་བརྒལ་ཏེ་འགྱོ་དགོཔ་ཨིན་མས། འ་ནཱི་གཏེར་སྒོ་ལ་འདི་བརྒལ་ཏེ་འགྱོ་བའི་སྐབས་ལུ་ཧེ་མ་གུ་རུ་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ གཏེར་སྦ་བའི་ལུང་གཤོང་ནང་ལུ་ལྷོད་པའི་སྣང་བ་ཚུ་ཤར་ནི་ཡོདཔ་ཨིན་མས། དེ་ལས་གསང་སྦས་ཁ་དྲུང་ཁག་ལུ་ལྷོད་ཞིན་ན་ དུས་ཡུན་ཆུ་ཚོད་གཉིས་དེ་ཅིག་སྣུམ་འཁོར་བཏང་སྟེ་འགྱོཝ་ད་ལུ་ རང་རྩེ་གནས་ཀྱི་སྣུམ་འཁོར་བཞག་ས་ལུ་ལྷོད་དེ་ དེ་ལས་རང་རྩེ་གནས་ཀྱི་འོག་ལུ་ལྷོད་ལྷོད་གནས་ཆུ་ཟེར་མི་རོང་ཆུ་འདི་ ཚར་གསུམ་བརྒལ་ཏེ་འགྱོཝ་ད་དུས་ཡུན་སྐར་མ་ ༤༠ དེ་ཅིག་འགོརཝ་ཨིན་མས། གནས་དེ་གིས་ལྷོ་ཕྱོགས་མཐའ་ཟུར་གྱི་རྒེད་འོག་གཉིས་གསང་སྦས་ཁ་དང་དགའ་སྐྱིད་གླིང་ལུ་ ལྟ་བཤལ་པ་འོང་བཅུག་ནི་གི་གནས་གལ་ཅན་ཅིག་ཨིན་མས། (མར་བཱེ་ལསི་བྷོ་ཊན། གནམ་ལོ་མེད། སྤྱི་ལོ་ ༢༠༢༣)

རང་རྩེ་གནས་འདི་སྤྱི་ལོ་ ༢༠༡༧ སྤྱི་ཟླ་ ༡༢ པའི་སྤྱི་ཚེས་ ༢༣ ལུ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཞབས་ཀྱིས་བཅགས་ཏེ་གཟིགས་སྐོར་མ་གནང་ཚུན་ཚོན་ མི་ག་གིས་ཡང་གནས་ཨིན་ཟེར་མ་ཤེསཔར་ལུས་ཡོད་ཨིན་མས། གནས་འདི་ཡ་མཚན་ཆེ་དགོ་མི་འདི་ས་འོག་གི་ལམ་བདའ་ཆོས་དང་འབྲེལ་རྟགས་མཚན་ལེ་ཤ་མཇལ་ནི་ཡོདཔ་ཨིན། རང་རྩེ་གནས་དེ་ཁར་རྩ་ཆེ་ཏོག་ཏོ་གི་མཐོང་སྣང་ཡང་ གནས་དེ་གི་སྒོ་ཁར་ར་སྡིག་པ་རྭ་ཙ་དམ་ལ་བཏགས་མི་ལས་བྱུང་བའི་ རྡོ་རུས་སྦལ་བཟུམ་དང་རྡོའི་དྲྭ་མིག་མཎྜལ་ཕུལ་ཕུལཝ་བཟུམ་མཇལ་ནི་ཡོདཔ་ཨིན་མས། གནས་དེ་གི་སྒོ་དང་པ་འདི་ཀ་ར་གི་བྱག་ཕུག་འདི་ལས་འོག་བཙུགས་ཏེ་ ནང་ན་སྒོ་བདུན་ཡོདཔ་སྦེ་བཤད་ནི་ཡོདཔ་མ་ཚད་སྒོ་ཚུ་ཡང་ ཡར་འགྱོ་ཡི་འགྱོ་ཡི་ས་གོ་ཆུང་སུ་ཆུང་སུ་སྦེ་འགྱོཝ་ཨིན་མས། ཚར་གཅིག་གནས་སྒོ་དང་པ་ནང་ལུ་འཛུལ་ཚར་ཞིནམ་ལས་ དེ་ཁ་ལས་འགྱོ་ས་ལམ་ཁག་གཉིས་སྦེ་ཡོདཔ་ཨིན་མས། དེ་ཡང་གཅིག་གུ་རུ་རིན་པོ་ཆེ་གི་སྒྲུབ་ཁང་དང་ གཅིགཔ་འདི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྒྲུབ་ཁང་འདི་ཨིན་མས། གནས་དེ་གི་ནང་ན་ལུ་གུ་རུ་གི་རྡོ་རྗེ་དང་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་གསང་བའི་བྷ་ག་གི་མཚན་རྟགས་དང་ གཞན་ཡང་ཚེ་ཡི་བུམ་པ་ཚུ་རང་བཞིན་གྱིས་བྱུང་བྱུངམ་ག་ནི་བ་ཧ་ལས་སི་སི་སྦེ་ མཇལ་ནི་ཡོདཔ་མ་ཚད་ས་འོག་ལམ་བརྒྱུད་དེ་རྒྱ་གར་སི་ཀིམ་ལུ་ཡོད་པའི་ གནས་ནང་འཐོན་ཚུགས་ནི་ཡོད་པའི་ལོ་རྒྱུས་ཚུ་ཡིད་ཆེས་ཏོག་ཏོ་སྦེ་བཤད་ནི་འདུག།

དགའ་སྐྱིད་གླིང་རྡོ་རི་མཐའ་ས་ལས་ཨིན་མི་ཡེ་ཤེས་རྡོ་རྗེ་གིས་སླབ་མི་ནང་ལུ་ ནམ་ཅིག་གི་ཚེ་ང་བཅས་རའི་འཛམ་གླིང་ནང་གི་མི་རིགས་ཚུ་ག་ར་ཡལ་འགྱོ་ནི་ཨིན་པའི་ཡིད་ཆེས་བསྐྱེད་དོ་ཡོདཔ་ཨིན་མས། དེ་གི་ཤུལ་ལས་འ་ནཱི་རང་རྩེ་གནས་ལས་སྦེ་མི་རིགས་གསརཔ་འབྱུང་སྟེ་ མི་ཚུ་ལུ་གོ་ལ་དང་བཟའ་འཐུང་གི་རིགས་ག་ར་རང་རྩེ་གནས་ཀྱིས་བྱིན་ནི་ཨིན་པའི་ཁུངས་ཡང་ གནས་ཀྱི་ནང་ན་ལུ་དོང་ཅིག་ཡོད་མི་ནང་ལུ་དེ་བཟུམ་འབྱུང་ནི་ཨིན་མི་བརྡ་སྟོན་ཚུ་ཡོདཔ་ཨིན་མས། གནས་འདི་ཡོངས་གྲགས་ཅན་གྱི་བླམ་མ་ཎིཔ། དགེ་བཤེས་ཀུན་དགའ་རིན་ཆེན་དང་དགེ་བཤེས་རྡོ་ཏི་ཚུ་གིས་ཞབས་ཀྱིས་བཅགསཏེ་ གནས་འདི་ངོས་འཛིན་མཛད་ཞིན་ན་བྱིན་གྱིས་བརླབས་ཡོད་རུང་ཡང་ མི་དེ་ཚུ་གིས་རང་རྩེ་གནས་འདི་གི་སྐོར་ལས་དེ་ཅིག་ར་ཧ་མ་གོ་བར་ལུས་ཡོདཔ་ཨིན་རུང་ མི་དབང་མངའ་བདག་རིན་པོ་ཆེ་གིས་གནས་འདི་ལུ་གཟིགས་ཞིབ་གནང་པའི་ཤུལ་ལས་ གནས་འདི་གནམ་མེད་ས་མེད་ཡོངས་གྲགས་སོང་ཡོདཔ་ཨིན་མས། ད་རེས་ནངས་པ་གནས་དེ་ཁར་སྣུམ་འཁོར་ལམ་ཡང་ཡོདཔ་ལས་ འབྲུག་དང་རྒྱ་གར་གྱི་མི་མང་ཆེ་བ་གིས་ར་མཇལ་བར་འོང་དོ་ཡོདཔ་ཨིན་མས། (འབྲུག་རྒྱང་བསྒྲགས། གནམ་ལོ་མེད། སྤྱི་ལོ་ ༢༠༡༧)

སྤྱི་ལོ་ ༢༠༢༠ གི་ལོ་ལུ་ཀུན་གསལ་ལས་ཕུརཔ་སྒྲོལམ་གིས་སྙན་ཞུ་འབད་མི་ནང་ལུ་ བསམ་རྩེ་རྫོང་ཁག་བདག་སྐྱོང་གི་རང་རྩེ་གནས་གོང་འཕེལ་ལས་རིམ་གྱི་དོན་ལུ་གཞུང་གི་ལྟ་བཤལ་དམིགས་བསལ་གྱི་ལས་རིམ་ལས་ འཆར་དངུལ་ལས་མ་དངུལ་གྲོགས་རམ་དངུལ་ཀྲམ་ས་ཡ་ ༡༠ གི་ཞུ་བ་ཕུལ་ཡོད་རུང་གཞུང་གིས་ས་ཡ་ ༦.༥ ཆ་འཇོག་འབད་ཡོདཔ་ཨིན་མས། མ་དངུལ་དེ་གིས་རང་རྩེ་གནས་ཀྱི་གུར་སྤུབ་སའི་ས་གོ། རྡོ་ཆུ་སྦང་ས། གློག་མེ་གཞི་བཙུགས། ཐེམ་སྐས་བཟོ་ནི་དང་རྐང་ལམ་ཚུ་བཟོ་ནིའི་དོན་ལུ་ལག་ལེན་འཐབ་ནི་ཨིན་མས།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

༡. འབྲུག་རྒྱང་བསྒྲགས་ལས་འཛིན། མི་དབང་མངའ་བདག་རིན་པོ་ཆེ་གིས་ཧཱ་ལུ་རང་རྩེ་གནས་སྒོ་འབྱེད་གནང་ཡོདཔ། གནམ་ལོ་མེད། སྤྱི་ལོ་ ༢༠༡༧། ཡོངས་འབྲེལ་ཁ་བྱང་། http://www.bbs.bt/news/?p=87082

༢. ཕུརཔ་སྒྲོལམ། ཧཱ་རྫོང་ཁག་གི་རང་རྩེ་གནས་ཀྱི་མཐུན་རྐྱེན་ཚུ་ཡར་དྲག་བཟོ་ནི་འཆར་གཞི། གནམ་ལོ་མེད། སྤྱི་ལོ་ ༢༠༢༠། ཡོངས་འབྲེལ་ཁ་བྱང་། https://kuenselonline.com/haa-plans-to-improve-facilities-around-rangtse-nye/

༣. མར་བཱེ་ལསི་བྷུ་ཊན་ཊ་ཝལ། རང་རྩེ་གནས། གནམ་ལོ་མེད། སྤྱི་ལོ་མེད། ཡོངས་འབྲེལ་ཁ་བྱང་། https://w.wiki/9XJ4