ཨོཾ་བྷ་གནས། OM Ba ney

Wikipedia ལས།

༉ དེ་ཡང་གུ་རུ་པདྨ་བསམ་བྷ་ཝ་གིས་ཐུགས་རབ་གསང་བ་རྒྱ་མཁྱེན་ནང་ལུ་ འབྲུག་རྒྱལ་ཁབ་ནང་ལུ་ང་གིས་ཞབས་ཀྱིས་མ་བཅགས་པ་དང་ བྱིན་གྱིས་མ་བརླབས་པའི་ས་གནས་རྟ་རྨིག་ཙམ་དང་ཏིལ་འབྲུ་ཙམ་ཡང་མེད་ཟེར་གསུངས་ཡོདཔ་བཞིན་དུ་ རྒྱལ་ཁབ་ཀྱི་ས་གནས་རི་རྡོ་བྲག་ཚུ་ག་ར་གུ་རུ་གིས་བྱིན་གྱིས་བརླབས་ཡོདཔ་ཨིན། ཨོཾ་བྷ་གནས་འདི་འགོ་ཐོག་ར་ གུ་རུ་ཆོས་དབང་གི་གདུང་བརྒྱུད་ཅིག་གིས་སྒོ་ཕྱེ་གནང་ཡོདཔ་ཨིན་མས། དེ་གི་ཤུལ་ལས་འབྲུག་གི་གཏེར་ཆེན་གྱི་རྒྱལ་པོ་པདྨ་གླིང་པ་གིས་ཡང་ ཞབས་ཀྱིས་བཅགས་ཏེ་བྱིན་གྱིས་བརླབས་ཡོདཔ་མ་ཚད་ ཁོ་གི་དི་བུམོ་ཨ་ཎི་མཆོད་རྟེན་བཟང་མོ་གིས་ གནས་དེ་ཁར་ལོ་མང་རབས་ཅིག་ཐུགས་དམ་གནང་སྟེ་བཞུགས་ཡོདཔ་ཨིན་མས། ཨོཾ་བྷ་གནས་འདི་ཡང་སྤ་རོ་སྟག་ཚང་བཟུམ་སྦེ་བྱག་གུར་ཆགས་ཏེ་ཡོདཔ་མ་ཚད་ ཧ་ཅང་གིས་ཡ་མཚན་ཅན་གྱི་གནས་ཅིག་ཨིན་མས།

བཀྲིས་གཡང་རྩེ་གཙང་པོ་ཆེན་ལས་དུས་ཡུན་ཆུ་ཚོད་ ༢ དེ་ཅིག་རྐང་ཐང་སྦེ་ལམ་འགྱོ་དགོཔ་ཨིན་མས། རྐང་ལམ་འདི་སྟོད་མཚོ་རྒེད་འོག་གི་སྤོ་ཏོ་དང་ལུང་གཤོང་ལེ་ཤ་བརྒྱུད་དེ་ ཆུ་རྡོ་གིས་གང་སྟེ་ཡོད་མི་སྦྱིས་ཤིང་གི་ཚལ་མ་ནང་ལས་འགྱོ་དགོཔ་ཨིན་མས། ཨོཾ་བྷ་གནས་ཀྱི་འོག་ལུ་གཡུས་ཚན་ནང་ལུ་ལྷོད་དེ་ལྟཝ་ད་ ལྷ་ཁང་དང་གུ་རུ་གི་སྐུ་འདྲ་འདི་བྱག་གུར་འཇའ་ཆི་ཆི་སྦེ་མཇལ་ཚུགསཔ་ཨིན་མས། གུ་རུ་རིན་པོ་ཆེ་གིས་འབྲུག་རྒྱལ་ཁབ་ནང་ལུ་ འདྲེ་བདུད་ཚུ་དམ་ལུ་བཏགས་ཏེ་ནང་པའི་ཆོས་སྤེལ་ནི་དོན་ལུ་ དུས་རབས་ ༨ པའི་ནང་ལུ་བྱོན་ཡོདཔ་ཨིན། འབྲུག་མི་ཚུ་གིས་འབྲུག་རྒྱལ་ཁབ་ནང་ལུ་གུ་རུ་གིས་ཞབས་ཀྱིས་བཅགས་ཏེ་ བྱིན་གྱིས་མ་བརླབས་པའི་ས་ཆ་རྟའི་རྐང་མིག་ཙམ་ཡང་མེད་ཟེར་ཡིད་ཆེས་བསྐྱེདཔ་ཨིན་མས། གུ་རུ་གིས་བྱིན་གྱིས་བརླབས་པའི་བྱིན་ཅན་གྱི་གནས་གསུམ་ཡོད་མི་ནང་ལས་ ཨོཾ་བྷ་གནས། ཨ་བརྒྱ་གནས་དང་ཧཱུཾ་རལ་གནས་གསུམ་ཨིན་མས། འ་ནཱི་གནས་གསུམ་འདི་ཡི་གུ་ཨོཾ་ཨཱ་ཧཱུཾ་གསུམ་སྦེ་བརྩི་དོ་ཡོདཔ་དང་ དེ་ཡང་ཡིག་འབྲུ་གསུམ་དེ་ གནས་དེ་ཚུ་གི་རྡོ་གུར་བྲིས་ཡོད་ནི་དེ་གིས་ཨིནམ་དང་ ཡི་གུ་ཨོཾ་ཨཱ་ཧཱུཾ་འདི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཨིན་མས།

མ་གཞི་ ཨོཾ་བྷ་གནས་ཀྱི་གནས་ཡིག་ནང་ལུ་ གུ་རུ་རིན་པོ་ཆེ་ནམ་བྱོན་ཏེ་ གནས་འདི་བྱིན་གྱིས་བརླབས་ཅི་ག་གི་སྐོར་ལས་ཁ་གསལ་ག་ཅི་ཡང་མེད་རུང་ ས་གནས་ཀྱི་མི་ཚུ་གིས་ཁག་གཉིས་སྦེ་བཤདཔ་ཨིན་མས། དེ་ཡང་ གུ་རུ་རིན་པོ་ཆེ་གིས་ གནས་འདི་རྫོང་ཁག་འདི་ནང་ལུ་ཡོད་པའི་སྒོམ་ཕུག་སྐོར་ར་དང་ གོང་ཟ་གནས་འདི་བྱིན་གྱིས་བརླབས་པའི་ཤུལ་ལས་བྱིན་གྱིས་བརླབས་ཡོད་པའི་ཡིད་ཆེས་བསྐྱེདཔ་ཨིན་མས། གུ་རུ་འདི་ཨོཾ་བྷ་གནས་ལུ་ཁོ་རའི་དག་སྣང་ལུ་ རྒྱ་གར་ཨ་རུ་ན་ཅཱལ་པཱརདེཤ་གི་མོན་ཡུལ་ཤཝ་སྟག་ཤང་ལུ་གཟིགས་ཏེ་ བྱོན་ཡོད་པའི་ཡིད་ཆེས་བསྐྱེདཔ་ཨིན་མས། དོ་རུང་གུ་རུ་འདི་ལུང་བསྟན་དང་འཁྲིལ་ཏེ་ཨོཾ་བྷ་གནས་ལུ་ཡོད་པའི་སྦུལ་གྱི་བདུད་ཅིག་ཡོད་མི་དེ་གིས་ ས་གནས་ཀྱི་མི་ཚུ་ལུ་གནོདཔ་བསྐྱལ་མི་བཏུལ་བར་བྱོན་ཡོདཔ་སྦེ་བཤདཔ་ཨིན་མས། གནས་འདི་བཀྲིས་གཡང་རྩེ་ལུ་ཧ་ཅང་གིས་གལ་ཅན་གྱི་གནས་ཅིག་ཨིན། གནས་འདི་བྱིན་གྱིས་བརླབས་ཏེ་བྱིན་ཅན་གྱི་ས་གོ་ཅིག་ལུ་བཟོ་བའི་ཤུལ་ལས་ མོང་སྒར་ཤེར་མུ་ཧཱུཾ་ལུ་ཡོད་པའི་ཨ་བརྒྱ་གནས་ལུ་བྱོན་ཡོདཔ་སྦེ་བཤདཔ་ཨིན་མས། ཨོཾ་བྷ་གནས་གཙོ་ཅན་ལུ་མ་ལྷོད་པའི་ཧེ་མར་ བྱག་གུར་ཡི་གུ་ཨོཾ་ཟེར་བྲིས་ཡོདཔ་མཐོང་ཚུགསཔ་ཨིན་མས། བྱག་དེ་ཁར་ཡི་གུ་ཨོཾ་བརྒྱ་ལས་ལྷག་སྟེ་ཡོད་ནི་དེ་གིས་ གནས་དེ་གི་མཚན་ཡང་དེ་སྦེ་བཏགས་ཡོད་པའི་རྒྱུ་མཚན་བཀོདཔ་ཨིན་མས།

ས་གནས་དེ་གི་གཡོན་ཕྱོགས་ཁ་ཐུག་གི་བྱག་ཕུག་ནང་ལུ་ གུ་རུ་གིས་དེ་ཁར་ཟླཝ་གཉིས་སྒོམ་གནང་བཞུགས་ཡོདཔ་ཨིན་མས། གུ་རུ་གིས་བཞོན་ཏེ་ས་གནས་དེ་ཁར་ཡོད་པའི་སྦུལ་གྱི་བདུད་འདི་རྟ་གཅིག་གུར་སྤྲུལ་ཏེ་བཏུལ་ཞིན་ན་ ཨོཾ་བྷ་གནས་ལུ་གཏེར་ཚུ་སྦ་ནི་བཞག་སྟེ་གུ་རུ་གིས་མ་འོངས་པའི་ནང་ལུ་ གཏེར་བཏོན་མི་ཅིག་གིས་གཏེར་ཚུ་བཏོན་ཏེ་ལུང་ཕྱོགས་འདི་ནང་དང་འཛམ་གླིང་ག་ར་ལུ་ དམ་པའི་ཆོས་དར་འོང་ཟེར་བའི་ལུང་བསྟན་ཡང་བཞག་ཡོདཔ་ཨིན་མས། ས་གནས་ཀྱི་མི་ཚུ་གིས་སླབ་མི་ནང་ལུ་ གཏེར་ཚུ་ད་ལྟོ་འཚོལ་མ་ཐོབ་པར་ཡོད་ཟེར་བཤདཔ་ཨིན་མས། བྱག་གུར་བྱིན་ཅན་གྱི་ཡི་གུ་ཚུ་ཡིག་བཀོད་དེ་ཡོད་མི་གིས་མ་དོ་བར་ གཞན་ཡང་ས་གནས་དེ་ཁར་གུ་རུ་རིན་པོ་ཆེ་གིས་ཐུགས་དམ་ནང་ལུ་བཞུགས་པའི་བྱག་ཕུག་དང་ རྡོ་གུར་མཆོད་རྟེན་གྱི་རྗེས་ཤུལ་དང་ གཏེར་མཛོད་དང་གུ་རུ་གི་གཏེར་སྒྲོམ་ དེ་ལས་གུ་རུ་རིན་པོ་ཆེ་གི་ཕྱག་འཁར་ཚུ་ ཧ་ལས་སི་སི་སྦེ་མཇལ་ནི་ཡོདཔ་ཨིན་མས། དེ་གུར་ལྷ་ཁང་གི་ལྟག་ལུ་ཡོད་པའི་རྡོ་གུར་གུ་རུ་གི་སྐུ་འདྲ་གསརཔ་བཞེངས་ཡོདཔ་ཨིན་མས།

འབྲུག་པའི་མི་སེར་ཚུ་མང་ཤོས་ཀྱི་གནས་འདི་ཁར་ཡོད་པའི་ངོ་མཚར་ཅན་གྱི་ཡིག་བཀོད་ཚུ་ མཇལ་བར་འགྱོ་དོ་ཡོདཔ་ཨིན་མས། ཨིན་རུང་ཡང་ས་གནས་ཀྱི་གནས་ཀྱི་འགྲེལ་བཤད་འདི་ལེགས་ཤོམ་མེད་མི་ལུ་བརྟེན་ཏེ་ གནས་མང་ཤོས་ར་ངོས་འཛིན་འབད་མ་ཚུགས་པར་ལུས་ཏེ་ཡོད་ཟེར་ ས་གནས་ཀྱི་མི་སེར་ཚུ་གིས་སླབ་ཨིན་མས། ད་རེས་ནངས་པ་བཟུམ་ཅིག་འབད་བ་ཅིན་ ཕྱི་རྒྱལ་ཁབ་ཀྱི་ལྟ་བཤལ་པ་དང་ནང་གི་གནས་སྐོརཔ་ཚུ་ལོ་གཅིག་གི་རིང་ནམ་འབྱོན་རུང་ སྟབས་བདེ་ཏོག་ཏོ་ཡོདཔ་ཨིན། ས་གནས་དེ་ཁར་གུར་སྤུབ་སྡོད་ནི་གི་ས་གོ་ཚུ་ཡང་ག་ནི་བ་ཡངས་ཏོག་ཏོ་སྦེ་ཡོདཔ་མ་ཚད་ དེ་ཁ་ལུ་མགྲོན་ཁྱིམ་ཚུ་ཡང་གནས་ཚད་དང་ལྡན་ཏོག་ཏོ་སྦེ་ཡོདཔ་ཨིན། ཨིན་རུང་ཡང་དུས་ཚོད་གནམ་མེད་ས་མེད་ལེགས་ཤོམ་ཅིག་ལུ་ཨོཾ་བྷ་གནས་ལུ་གནས་སྐོར་འབྱོན་ནི་གི་ཐུགས་འདོད་ཡོད་པ་ཅིན་ སྤྱི་ཟླ་ ༣ པ་དང་ ༤ པའི་བར་ན་འབྱོན་དགོཔ་བཤདཔ་ཨིན་མས། (ཧེ་བྷན་ལི་བྷོ་ཊན་ཊ་བཱལ། གནམ་ལོ་མེད། སྤྱི་ལོ་ ༢༠༡༩)

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

༡. ཧེ་བྷན་ལི་བྷོ་ཊན་ཊ་བཱལ། བཀྲིས་གཡང་རྩེ་ཨོཾ་བྷ་གནས། གནམ་ལོ་མེད། སྤྱི་ལོ་ ༢༠༡༩། ཕེསི་བྷུག། ཡོངས་འབྲེལ་ཁ་བྱང་། https://www.facebook.com/113952175379521/posts/om-bha-nye-trashi-yangtseom-bha-nye-is-located-on-the-rocky-cliff-like-taktshang/2074116972696355/

"https://dz.wikipedia.org/w/index.php?title=ཨོཾ་བྷ་གནས།_OM_Ba_ney&oldid=31526" ལས་ སླར་འདྲེན་འབད་ཡོདཔ།