Jump to content

ཀརྨ་པ་ ༡༦ པ་རང་བྱུང་རིག་པའི་རྡོ་རྗེ། 16th Karmapa

Wikipedia ལས།

༉ ཀརྨ་པ་ ༡༦ རང་བྱུང་རིག་པའི་རྡོ་རྗེ་འདི་དུས་རབས་ ༡༥ པའི་ཤིང་བྱི་ལོ་སྤྱི་ལོ་ ༡༩༢༤ ལུ་བོད་ཁམས་ཀྱི་གཡུས་ཚན་གདན་ཁོག་ཟེར་ས་ལུ་བདེན་ཁྲིམས་འདུན་བདེན་ཨ་སྟོབས་ཚེ་རིང་གི་སྐུ་ཆེནམོ་གི་བཟའ་ཚང་ནང་ལུ་ ཡབ་དཔལ་འབྱོར་ཚེ་དབང་དང་ཡུམ་སྐལ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སྦེ་སྐུ་འཁྲུངས་ནུག། ཁོ་གི་ཕོ་རྒནམ་འདི་རྫོགས་ཆེན་དཔོན་སློབ་ ༡༦ པ་འཇིགས་བྲལ་ཚེ་དབང་རྡོ་རྗེ་ ༼༡༩༢༥-༡༩༦༢༽ སྦེ་ངོས་འཛིན་གནང་ཡོདཔ་ཨིན་མས། དེ་ཡང་ཀརྨ་པའི་ཡབ་དང་ཡུམ་འདི་རྫོགས་ཆེན་རིན་པོ་ཆེ་ ༥ པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ ༼༡༨༧༢-༡༩༣༥༽ གི་སྦྱིན་བདག་ཨིནམ་ལས་རྫོགས་ཆེན་རིན་པོ་ཆེ་གིས་ཁོང་གཉིས་ཀྱི་བཟའ་ཚང་ལུ་ བླམ་སྦོམ་ཅིག་སྐུ་འཁྲུངས་འོང་ཟེར་ལུང་བསྟན་གནང་ཡོདཔ་ཨིན། དེ་གིས་སྦེ་ཡུམ་སྐལ་བཟང་སྒྲོལ་མ་འདི་མོ་རའི་ཤུལ་མམ་གི་བུ་མཆེད་མའི་མཇུག་གི་སྐབས་ལུ་ གུ་རུ་པདྨ་བསམ་བྷ་ཝའི་སེངྒེ་རྣམ་རྫོང་ཟེར་མི་གི་བྱག་ཕུག་ནང་ལུ་སྐུ་མཚམས་ལུ་བཞུགས་ནུག། གཏམ་རྒྱུད་ལས་ཁོ་འཁྲུངས་ནི་ཨིན་པའི་ནུབ་མོ་ཨ་ལུ་འདི་ཨའི་གི་མངལ་ལས་ཡལ་ཞིན་ན་ ཞིང་ཁམས་ལུ་སོང་སྟེ་ཉིནམ་གཅིག་སྡོད་ཞིན་ན་ལོག་འོང་ཡོདཔ་སྦེ་བཤདཔ་ཨིན་མས། ཀརྨ་པའི་སྤྲུལ་སྐུའི་རིམ་བྱོན་གྱི་ལུགས་སྲོལ་ནང་ལུ་ ཞིང་ལུ་མ་ཕེབས་པའི་ཧེ་མར་ མ་འོངས་པའི་ཤུལ་མའི་སྤྲུལ་སྐུ་གི་ལུང་བསྟན་བཞག་དགོཔ་ཨིན་མས། འ་ནཱི་ལུང་བསྟན་གྱི་ཕྱག་ཡིག་ཚུ་འཕྲལ་འཕྲལ་སྐབས་སློབ་མ་ཚུ་ལུ་གནང་མི་གའུ་དང་ གཞན་ཁྱོསམ་སྦེ་གནང་མི་ཚུ་ལས་འཐོབ་ཨིན་མས། འ་ནཱི་ཀརྨ་པ་ ༡༦ པ་ལུ་ཀརྨ་པ་སྐུ་ཕྲེང་ ༡༥ པ་མཁའ་ཁྱབ་རྡོ་རྗེ་ ༼༡༨༧༠-༡༩༢༡༽ གིས་ཁོ་རའི་ཤུལ་མའི་སྤྲུལ་སྐུའི་ལུང་བསྟན་འདི་ ཁོ་རའི་ཕྱག་ཞུ་མི་བླ་མ་འཇམ་དཔལ་ལུ་གནང་མི་གའུ་གི་ནང་ལས་ཐོབ་ཡོདཔ་ཨིན་མས། ལུང་བསྟན་འདི་གི་ཐོག་ལུ་ཏཱའི་སི་ཏུ་རིན་པོ་ཆེ་སྐུ་ཕྲེང་ ༡༡ པ་པདྨ་དབང་ཕྱུག་རྒྱལ་པོ་གིས་ ༼༡༨༨༦-༡༩༥༢༽ ཉམས་སྣང་ནང་ལུ་ཀརྨ་པ་སྐུ་ཕྲེང་ ༡༥ པའི་སྤྲུལ་སྐུ་འཁྲུངས་མི་གཟིགས་ཡོདཔ་ཨིན་མས། སི་ཏུ་གིས་ལུང་བསྟན་ཕྱག་ཡིག་དང་ཁོ་རའི་ཉམས་སྣང་ལུ་གཟིགས་མི་ལུ་གཞི་བཞག་སྟེ་ སྤྲུལ་སྐུ་འཚོལ་མི་སྡེ་ཚན་གཅིག་བཏང་ཞིན་ན་འཚོལ་ཐོབ་ཡོདཔ་ཨིན་མས། ཏཱའི་སི་ཏུ་རིན་པོ་ཆེ་དང་ཀརྨ་པའི་གདན་ས་གཙོ་བོ་སོར་ཕུག་དགོན་པའི་བདག་སྐྱོང་གིས་སྤྲུལ་སྐུ་འཚོལ་ཐོབ་སྟེ་ ངོས་འཛིན་གྱི་བཅའ་སྒྲིག་རྐྱབ་ཚརཝ་ད་སྤྲུལ་སྐུ་གཙོ་བོ་ཚུ་ངོས་འཛིན་འབད་དེ་ཆ་འཇོག་འབད་ནི་གི་དབང་ཚད་ཡོད་མི་ བོད་ཀྱི་གཞུང་སྐྱོང་ལྟེ་བ་ལྷ་ས་ལས་ཀརྨ་པ་སྐུ་ཕྲེང་ ༡༦ པ་འདི་བོད་ཀརྨ་བཀའ་བརྒྱུད་ཀྱིས་དབང་ཡོད་མི་ལུང་ཕྱོགས་ཚུ་དབང་ནི་འདོད་པ་ཡོད་མི་ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་རླུང་ཤར་ཚེ་རྒྱལ་ ༼༡༨༨༠-༡༩༤༠༽ བོད་ཀྱི་དབུ་ཁྲིད་སྐྱབས་མགོན་ཏཱ་ལའི་བླམ་སྐུ་ཕྲེང་ ༡༣ པ་ཐུབ་བསྟན་རྒྱ་མཚོ་ ༼༡༨༧༦-༡༩༣༣༽ གིས་སྤྲུལ་སྐུ་ངོས་འཛིན་འབད་མི་འདི་ཆ་འཇོག་གི་བཀའ་ཤོག་གནང་ཡོདཔ་ཨིན་མས། སོར་ཕུ་དགོན་པའི་བདག་སྐྱོང་གིས་གཞུང་ལྟེ་བའི་སྤྲུལ་སྐུ་ངོས་འཛིན་འདི་ལུ་མཐོ་གཏུག་འབད་རུང་ ཆ་མེད་བཏང་མ་བཏུབ་ཨིན། དེ་གི་བདེ་སྒྲིག་གི་ལོ་རྒྱུས་འདི་ཧ་ལམ་ལོ་གཅིག་དེ་ཅིག་གི་རིང་རྐྱབ་སྟེ་ མཐའ་མཇུག་ལུ་རླུང་ཤར་གྱི་བུ་འདི་ཁྱིམ་ཐོག་མགུ་ལས་བུད་དེ་གྱོངས་སོ་ནུག། དོ་རུང་སོར་ཕུག་དགོན་པའི་བདག་སྐྱོང་གི་ཁོང་ཆ་ཁྱབ་ཀྱི་མི་ངོ་འདི་ཆ་འཇོག་གནང་དགོ་པའི་ཞུ་བ་ཕུལ་ནུག། ཨིན་རུང་གཞུང་ལྟེ་བ་གིས་སོར་ཕུག་དགོན་པ་ལུ་སྤྲུལ་སྐུ་ངོས་འཛིན་གྱི་བདག་དབང་འདི་མི་བྱིན་ནི་གི་དོན་ལུ་ དོ་རུང་ཁོང་ཆ་ཁྱབ་ཀྱི་ཞུ་བ་འདི་ཆ་འཇོག་འབད་མ་བཏུབ་པས། བཻ་རོ་མཁྱེན་བརྩེ་འཇམ་དབྱངས་མཁྱེན་བརྩེ་འོད་ཟེར་གྱིས་གཞུང་གི་བཀག་ཆ་ལས་གཟུར་ནི་དོན་ལུ་ ཨ་ལུ་གཅིག་གིས་གཅིག་ཨཔའི་བུ་དང་གཅིག་ཨའི་གི་བུ་སྦེ་ཕུལཝ་ད་ ཨའི་གི་བུ་འདི་ཆ་འཇོག་འབད་ནུག། དེ་ལས་འཇམ་མགོན་ཀོང་སྤྲུལ་གཉིས་པ་དང་བཻ་རོ་མཁྱེན་བརྩེ་གིས་ ཁོ་གི་ཁྱིམ་ནང་བྱོན་ཏེ་བྱང་ཆུབ་སེམས་དཔའི་སྡོམ་པ་གནང་སྟེ་སོར་ཕུག་ལས་འབག་མི་ཀརྨ་པ་ ༡༦ པའི་ན་བཟའ་དང་དབུ་ཞྭ་ཚུ་ཕུལ་ཏེ་ དཔལ་དཔུང་ལུ་སྤྲུལ་སྐུའི་ཁྲི་མངའ་གསོལ་ཞུ་ནུག། དེ་གི་ཤུལ་ལས་སོར་ཕུག་དགོན་ལུ་བྱོན་ཏེ་ཞྭ་ནག་གི་གསུང་ཆོག་ཡང་ཡ་མཚན་ཆེ་ཏོག་ཏོ་སྦེ་གནང་ཡོདཔ་ཨིན་མས། (ཨེ་ལེགསི་སེན་ཌར་གཱཌ་ནར། གནམ་ལོ་མེད། སྤྱི་ལོ་ ༢༠༢༡)

དེ་ལས་སྐྱབས་མགོན་ཏཱ་ལའི་བླམ་ ༡༣ པའི་སྐུ་མདུན་ལུ་བཅར་ཏེ་དབུ་སྐྲའི་ཕུད་བཞེས་པའི་ཤུལ་ལས་ རྒྱལ་བ་ཀརྨ་འདི་སོར་ཕུག་དགོན་པ་ནང་ལུ་སི་ཏུ་དང་བཀའ་བརྒྱུད་ཀྱི་བླ་ཆེན་ཚུ་གིས་གཞུང་འབྲེལ་དུ་ཁྲི་མངའ་གསོལ་མཛད་དེ་ སི་ཏུ་དང་ཀོང་སྤྲུལ་རིན་པོ་གཉིས་ཀྱི་ཞབས་ལས་བཀའ་བརྒྱུད་ཀྱི་སྐུ་ཡོན་དང་དབང་ལུང་ཁྲིད་གསུམ་ཡོངས་རྫོགས་སྦེ་གསན་གནང་ནུག། དེ་ལས་གངས་དཀར་རིན་པོ་ཆེ་ལས་མདོའི་ཆོས་ཕལ་ཆེར་གསན་གནང་ནུག། སྤྱི་ལོ་ ༡༩༤༡-༡༩༤༤ གི་བར་ནང་སོར་ཕུག་དགོན་པ་ནང་སྐུ་མཚམས་ལུ་བཞུགས་ཏེ་ དགོན་པ་ཡང་རྒྱ་སྐྱེད་མཛད་གནང་སྟེ་ ཡི་མ་ལ་ཡན་གྱི་ལུང་ཕྱོགས་ཚུ་དང་ ཁྱིམ་ཚང་རྒྱལ་ཁབ་རྒྱ་གར་དང་འབྲུག་ཚུ་དང་མཐུན་ལམ་བཟོ་ནི་འགོ་བཙུགས་ནུག། འབྲུག་གི་རྒྱལ་སྲས་འཇིགས་མེད་རྡོ་རྗེ་དབང་ཕྱུག་གིས་མགྲོན་བརྡ་ཕུལཝ་བཞིན་དུ་ ཞབས་ཀྱིས་བཅགས་ཏེ་བུམ་ཐང་དང་ས་གནས་ལེ་ཤ་ནང་ལུ་ཞབས་བཅགས་གནང་ནུག། སྤྱི་ལོ་ ༡༩༤༧ ལས་རྒྱ་གར་སི་ཀིམ་དང་བལ་ཡུལ་གྱི་ནང་ལུ་སངས་རྒྱས་ཀྱི་བྱིན་གྱིས་བརླབ་པའི་གནས་ཚུ་ནང་བྱོན་གནང་ནུག། དེ་ལས་སྤྱི་ལོ་ ༡༩༥༩ ལུ་བོད་དང་རྒྱ་ནག་གི་བར་ན་ཟིང་འཁྲུགས་ཏེ་ཐོན་ཏེ་ ཀརྨ་པ་འདི་ཏཱ་ལའི་བླམ་ལུ་སྙན་གསན་ཕབ་སྟེ་ཏཱ་ལའི་བླམ་གྱི་ཡོངས་ཁྱབ་དྲུང་ཆེན་གྱིས་རྒྱབ་སྐྱོར་མཛད་དེ་ ཀརྨ་པ་འཁོར་དང་བཅས་པ་སོར་ཕུག་སྤངས་ཏེ་བྱོག་བྱོན་ནུག། དེ་ལས་བྱང་ཕྱོགས་འབྲུག་ལུ་ཕེབས་ད་འབྲུག་གི་འགོ་དཔོན་ཚུ་གིས་ཕེབས་བསུ་ཞུ་ནུག། དེ་ལས་སི་ཀིམ་ཆོས་རྒྱལ་བཀྲིས་རྣམ་རྒྱལ་གྱིས་ཀི་ལིམ་རུམ་ཏིག་གྲྭ་ཚང་ལུ་བྱོན་པའི་ཞུ་བ་ཕུལཝ་བཞིན་ ཟླཝ་གཉིས་ཀྱི་རྒྱབ་ཁ་ལས་དེ་ཁར་བྱོན་གནང་ནུག། དེ་བསྒང་རུམ་ཏིག་ལྷ་ཁང་འདི་ཉམས་ཆག་བྱུང་སྟེ་ཡོདཔ་ལས་ ཀརྨ་པ་དང་འཁོར་ཚུ་གནས་སྐབས་ཀྱི་བཞུགས་སྒར་ནང་ལོ་མང་རབས་ཅིག་བཞུགས་ཏེ་ ལོ་གསུམ་གྱི་ཤུལ་ལས་རྒྱལཔོ་གསརཔ་དང་སི་ཀིམ་གྱི་མི་སེར་ཚུ་གི་ རྒྱབ་སྐྱོར་ལུ་བརྟེན་ཏེ་ལྷ་ཁང་འདི་བཞེངས་ནི་འགོ་བཙུགས་ཏེ་ སྤྱི་ལོ་ ༡༩༦༦ ལུ་གྲུབ་སྟེ་སོར་ཕུག་ཡགི་ནང་རྟེན་ཚུ་དེ་ནང་ཞུ་ཞིན་ན་རབ་གནས་མཛད་ནུག། དེ་ལས་སྤྱི་ལོ་ ༡༩༧༤ ལས་ནང་པའི་བསྟན་པ་འདི་ཕྱིའི་རྒྱལ་ཁབ་ལུ་སྤེལ་ནི་དོན་ལུ་ཞབས་ཀྱི་བཅགས་གནང་ནུག། དེ་ལས་འབྲུག་གཞུང་གི་ཀརྨ་པ་ལུ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་ནི་དོན་ལུ་ ས་ཆ་ཚུ་ཡང་ཕུལ་ནུག། དེ་ལས་སྤྱི་ལོ་ ༡༩༧༩ ལུ་རྒྱ་གར་ལྡི་ལི་ལུ་དཔེ་ལྷབ་ས། སྒོམ་རྐྱབ་ས་དང་སྐད་སྒྱུར་འབད་སའི་ས་གོ་ག་ནི་བ་སྦོམ་དྷརྨ་ཅག་ཀ་ར་གི་ལྟེ་བ་རྐྱབ་གནང་སྟེ་ དམ་པའི་ཆོས་ཀྱི་བསྟན་པ་སྤེལ་གནང་ནུག། དེ་ལས་སྤྱི་ལོ་ ༡༩༨༠-༨༡ གི་ལུ་ཕྱི་རྒྱལ་གིརིསི་ལས་བརྒྱུད་དེ་ ཡུ་རོབ་དང་ཡུ་ཨེསི་ཨེ་དེ་ལས་ཨེ་ཤེ་ཡ་གི་ལུང་ཕྱོགས་ཚུ་ནང་བྱོན་ཏེ་ སངས་རྒྱས་ཀྱི་བསྟན་པ་སྤེལ་གནང་སྟེ་སྤྱི་ལོ་ ༡༩༨༡ ཟླ་ ༡༡ པའི་སྤྱི་ཚེས་ ༥ ལུ་དགོངས་པ་ཆོས་དབྱིངས་ལུ་ཐིམ་གནང་ནུག།  (རྩོམ་པ་པོ་མེད། གནམ་ལོ་མེད། སྤྱི་ལོ་མེད།)

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

༡. ཨེ་ལེགསི་སེན་ཌར་གཱཌ་ནར། མི་ཚེའི་མཛོད་ཆེན། གནམ་ལོ་མེད། སྤྱི་ལོ་ ༢༠༢༡། ཡོངས་འབྲེལ་ཁ་བྱང་། https://treasuryoflives.org/biographies/view/Sixteenth-Karmapa/TBRC_P865#:~:text=The%20Sixteenth%20Karmapa%2C%20Rangjung%20Rigpai%20Dorje%20(karma%20pa%2016%20rang,'dan%20a%20thub%20tshang)

༢. རྩོམ་པ་པོ་མེད། ཀརྨ་པ་ ༡༦ པ་རང་བྱུང་རིག་པའི་རྡོ་རྗེ། གནམ་ལོ་མེད། སྤྱི་ལོ་མེད། ཡོངས་འབྲེལ་ཁ་བྱང་། https://kagyuoffice.org/kagyu-lineage/the-golden-rosary/16th-karmapa/