Jump to content

ཀུན་བཟང་བྲག། Ι Kuenzang Dra Monastery

Wikipedia ལས།

འབྱུང་ཁུངས།

[ཞུན་དག]

འབྲུག་རྒྱལ་ཁབ་ཀྱི་དབུས་ཕྱོགས་བུམ་ཐང་རྫོང་ཁག་ སྟངས་རྒེད་འོག་གི་ལུང་གཤོང་གཅིག་ནང་ག་ནི་བ་བདེ་ཉམས་ཆེ་བ་དང་ བལྟ་ན་ མཛེས་སྡུག་ཆེ་བའི་ བྱིན་ཅན་གྱི་གནས་ ཀུན་བཟང་བྲག་ཟེར་མི་འདི་མཐོ་ཚད་མི་ཀྲར་༣༣༥༠༼ཕིཊ་༡༠,༩༩༠༽ གི་ས་གནས་ཁར་ བྱག་ཧོག་ཀ་ཅིག་ནང་འབད་ཆགས་ཏེ་ཡོད། འབྱུང་ཁུངས་ཅིག་དང་འཁྲིལཔ་ད་ གནས་དེ་ཁར་ དུས་རབས་བརྒྱད་པའི་སྨད་ཙམ་ལུ་ གུ་རུ་རིན་པོ་ཆེ་དང་ ཁོ་རའི་སློབ་མ་ ནམ་མཁའི་སྙིང་པོ་ཁོང་ར་གཉིས་ བསྒོམ་གནང་སྟེ་བཞུགས་ཡོད་པའི་ལོ་རྒྱུས་བཤདཔ་ཨིན་པས། གནས་དེ་ཁར་ ད་ལྟོ་མཇལ་བཞིན་པ་ཡོད་པའི་ ལྷ་ཁང་ཅིག་ཡོད་མི་འདི་ སྔོན་སྤྱི་ལོ་༡༤༨༨ ལོ་ལུ་ མགོན་ པདྨ་གླིང་པ་ཁོ་ར་གིས་བཞེངས་ཡོད་པའི་མགོན་པ་ཅིག་ཨིནམ་ད་ མགོན་པ་དེ་ནང་ པདྨ་གླིང་པ་ཁོ་ར་གི་བཞུགས་གནས་ཀྱིས་མ་ཚད་པར་ སྤྱན་རས་གཟིགས་ ཕྱག་སྟོང་སྤྱན་སྟོང་གི་སྐུ་འདྲ་ངོ་མ་མཇལ་སའི་དབང་ཁང་། ཨོ་ཟེར་ཕུག་ ཟེར་ པདྨ་གླིང་པའི་ཐུགས་སྲས་ཟླ་བ་རྒྱལ་མཚན་ཁོ་ར་ བསྒོམ་གནང་སྟེ་བཞུགས་ཡོད་པའི་ཕོ་བྲང་ཅིག་དང་། རྒྱུ་ཟངས་ལས་གྲུབ་ཡོད་པའི་ པདྨ་གླིང་པའི་སྐུ་འདྲ་ཅིག་མཇལ་ནི་འདུག། མཁའ་འགྲོ་མའི་ལྷ་ཁང་ཟེར་ ལྷ་ཁང་ཟུར་གཅིག་འབད་མི་གཅིག་ཡང་མཇལ་ནི་འདུག། ལྷ་ཁང་འདི་གི་ཟུར་གསུམ་འདི་བྱག་གི་ནང་ན་ཨིནམ་སྦེ་བརྩི་སྲོལ་འདུག། ལྷ་ཁང་འདི་གི་འགྱམ་འདི་བྱག་གི་སྐེད་པར་རྐྱབ་ཡོདཔ་དང་འདི་ཡང་མཁའ་འགྲོ་མ་ཚུ་གིས་བཞེངས་གནང་ཡོདཔ་དང་ དེའི་མགུ་ལུ་མི་ཚུ་གིས་སྦེ་ལྷ་ཁང་འདི་རྐྱབ་ཡོད་པའི་ལོ་རྒྱུས་འདུག། གནས་འདི་གི་ཉེ་འདབས་ལུ་ ཚེ་དཔག་མེད་ཀྱི་གྲུབ་ཆུ་གཅིག་འདི་ གནས་འདི་གི་ལྟག་ལུ་ བྲག་ཕུག་གི་དབྱིབས་བཟུམ་ཅིག་ནང་བླ་མཚོ་གཅིག་ཡང་མཇལ་ནི་འདུག།

བུམ་ཐང་རྗོང་ཁག་ནང་ གནས་ཀྱི་འབྲེལ་ལས་ བྲག་བཞི་ཟེར་བརྩི་སྲོལ་ཅིག་ཡོདཔ་དང་ དེའི་གྱལ་ཁར་སྟངས་རྒེད་འོག་ནང་བྲག་གཉིས་ཡོདཔ་དང་ དེ་ཡང་ཀུན་བཟང་བྲག་དང་ མཐོ་བ་བྲག་གཉིས་ཨིན་པས། གཞན་མི་གཉིསཔོ་འདི་ ཆུ་མིག་རྒེད་འོག་ ཐར་པ་གླིཔ་ལུ་ཡོད་པའི་ཆོས་བྲག་དང་ ཆོས་འཁོར་རྒེད་འོག་ ཆོས་འཁོར་སྟོད་ལུ་ཡོད་པའི་ ཤུགས་བྲག་འདི་ཨིན་པས།

ཀུན་བཟང་བྲག་གི་ལྷ་ཁང་གི་ལོ་རྒྱུས།

[ཞུན་དག]

དང་པ་ ཀུན་བཟང་བྲག་གི་ལྷ་ཁང་གི་ལོ་རྒྱུས་འདི་ཡང་ཝི་ཀི་པི་དྲི་ཡ་ལས་(Francoise, P) ལོ་ངོ་མང་རབས་ཅིག་གི་ཧེ་མ་ སངས་རྒྱས་གཞན་ལས་ལྷག་པའི་བཀའ་དྲིན་ཅན་གྱི་བདག་ཉིད་ དུས་ངན་སྙིགས་མ་ལྔ་བདོའི་ སྐྱབས་མཆོག་བླ་ན་མེད་པ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ དུས་རབས་བརྒྱད་པའི་ནང་དབུ་བརྙས་ཡོད་མི་ཅིག་ཨིན་པས། གུ་རུ་རིན་པོ་ཆེ་དེ་ རྒྱལ་ཁབ་ནང་ཞབས་ཀྱིས་བཅགས་གནང་བའི་རྗེས་སུ་ ཆོས་ཀྱི་ས་བོན་ངོ་མ་གཞི་བཙུགས་མཛད་ཡོདཔ་ལས་བརྟེན་ འབྲུག་མི་རེ་རེ་བཞིན་དུ་གིས་ དད་པ་སྙིང་ལས་བསྐྱེད་དེ་གུས་ཞབས་དང་ དག་སྣང་སྦོམ་བསྐྱེད་བའི་སྐྱེ་བུ་དམ་ཅིག་འབད་རྒྱལ་རབས་ནང་ཚུད་དེ་ཡོད། ལྷ་ཁང་འདི་ ཤུལ་ལས་ མི་རབས་བརྒྱུད་དེ་ ཆོས་ཀྱི་དབུ་ཁྲིདཔ་ཚུ་གིས་ རྒྱ་སྐྱེད་དང་ཉམས་པ་སོར་ཆུད་མཛད་དེ་ རྒྱལ་ཁབ་ཀྱི་ཕྱག་དང་མཆོད་པ་ཕུལ་སའི་རྟེན་ ངོ་མ་ཅིག་ལུ་བཟོ་གནང་ནུག།

ལྷ་ཁང་དེ་གི་བཟོ་བཀོད།

[ཞུན་དག]

ལྷ་ཁང་དེ་གི་བཟོ་བཀོད་དེ་ཡང་ འབྲུག་གི་རང་ལུགས་ཀྱི་བཟོ་བཀོད་ཅིག་ཨིན་པའི་བརྡ་མཚོན་ལུ་ འབྲུག་པའི་སྔར་སྲོལ་གྱི་བཟོ་རྣམ་དང་ཅོག་འཐདཔ་འབད་ ལག་བཟོ་ལུ་མཁས་པ་ཡོད་པའི་བཟོ་བོ་དེ་ཚུ་གིས་བཞེངས་ཡོདཔ་ཨིན། ལྷ་ཁང་གི་ཕྱིའི་ཆ་ཤས་འདི་ཚུ་ག་ར་ འབྲུག་གི་ལྷ་ཆོས་སྐྱོང་སྲུང་མ་ཚུ་དང་ གནའ་གཏམ་དང་འབྲེལ་བའི་སྲུང་གི་པར་རིས་ཚུ་གིས་བརྒྱན་ཏེ་ ག་ནི་བ་མཛེས་ཏོག་ཏོ་འབད་མཇལཝ་ཨིན་པས། ལྷ་ཁང་ནང་ཕྱོགས་ནང་འབད་བ་ཅིན་ ལྷ་ཁང་མཇལ་བ་འོང་མི་དང་ སྤྱིར་བཏང་གི་དད་ཅན་ཚུ་གི་དོན་ལུ་ བསྒོམ་རྐྱབ་ནི་གི་དོན་ལུ་ཐུན་ཁང་ཅིག་ལོགས་སུ་འབད་བཟོ་སྟེ་འདུག། དེ་མ་ཚད་ ལྷ་ཁང་གི་གྱང་ཚུ་འབད་བ་ཅིན་ ཧ་ཅང་གིས་ཟབ་སྤྲོས་ཏེ་ཡོད་པའི་ འབྲུག་པའི་གསུང་རབས་དང་བསྟན་བཅོས་ཚུ་གི་ལྡེབས་རིས་ཚུ་ ནང་པའི་སངས་རྒྱས་པའི་ཆོས་ལུགས་ཀྱི་བརྡ་མཚོན་ལུ་བརྒྱན་ཏེ་འདུག།

ཀུན་བཟང་བྲག་གི་ལྷ་ཁང་འདི་ གཞན་དང་མ་འདྲཝ་འབད་ཆ་བཞག་དགོ་མི་འདི་ཡང་ དད་ཅན་མི་སེར་ཆ་མཉམ་ལུ་ བྱིན་རླབས་དང་དངོས་གྲུབ་ སྐྱབས་འཚོལ་ས་གི་གནས་ཁྱད་པར་ཅན་ཅིག་འབད་བརྩི་དོ་ཡོདཔ་ཨིན་པས། དམིགས་བསལ་དུ་ ལྷ་ཁང་འདི་ གུ་རུ་རིན་པོ་ཆེ་ཁོ་ར་ ལྷ་ཁང་གི་ཉེ་འདབས་ལུ་ ཆོས་གཞན་གྱི་བྱ་བ་ཚུ་ག་ར་སྤང་སྟེ་ བསྒོམ་གནང་བཞུགས་མི་ལུ་བརྟེན་ གུ་རུ་རིན་པོ་ཆེ་ལུ་མོས་གུས་དང་ ལྷ་ཁང་འདི་ཡང་རྩ་ཆེ་ཏོག་ཏོ་ཅིག་ཨིནམ་འབད་ མི་སེར་ཚུ་ལུ་དད་པ་སྦོམ་འབད་ར་བསྐྱེད་དེ་འདུག། སླབ་སྲོལ་ཅིག་ལས་ ལྷ་ཁང་དེ་ལས་བརྟེན་ བསྟན་པ་དང་སེམས་ཅན་ལུ་ ཕན་སྦོམ་ཐོགས་ནི་ཨིནམ་མ་ཚད་ ལྷ་ཁང་དེ་ ནང་པ་སངས་རྒྱས་པའི་ཆོས་ལུ་ བསྒྱུར་བ་སྦོམ་འབག་ཚུགས་པའི་ནུས་པ་ཡོདཔ་ལས་ ང་བཅས་ག་ར་གིས་ དད་པ་སྙིང་ལས་བསྐྱེད་དགོ་མི་ཅིག་ཨིན་པས། ནམ་རྒྱུན་ར་ བལྟ་བཤལ་པ་ཚུ་དང་ འབྲུག་པའི་དད་ཅན་གྱི་མི་སེར་ལེ་ཤ་ར་ ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་ཐབས་ལུ་ ལྷ་ཁང་གནས་བསྐོར་དང་ ལྷ་ཁང་བསྐོར་ར་རྐྱབ་ནི། མ་ནི་བགྱང་ནི། ཆོས་ཚུ་ལྷག་ནི་གི་དོན་ལུ་ལྷ་ཁང་མཇལ་བར་འོངམ་ཨིན་པས།

ལྷ་ཁང་འདི་ ནང་པ་ཆོས་ཀྱི་ཁ་ཐུག་ལས་རྐྱངམ་ཅིག་གིས་མ་དོ་བར་ འབྲུག་པའི་སྔོན་མའི་ལམ་སྲོལ་མི་ཉམས་རྒྱུན་སྐྱོང་འབད་ནི་ལུ་ཡང་མེད་ཐབས་མེདཔ་ཅིག་ཨིན་དགོ་མི་འདི་ཡང་ ལྷ་ཁང་དེ་ ཆོས་དང་ལམ་སྲོལ་གྱི་ལས་སྣ་ཚུ་ག་ཅི་ར་ཨིན་རུང་ རྒྱུན་སྐྱོང་འབད་ཚུགས་སའི་གནས་ཅིག་ཨིན་པས། དེ་ཡང་ ལོ་བསྟར་བཞིན་ དགའ་སྟོན་དང་ དུས་སྟོན་ཚུ་བརྩི་སྲུང་ཞུ་ནི། ཆོས་ཕྱོགས་ཀྱི་མཛད་སྒོའི་རིམ་པ་ཚུ་ གསོལ་མཆོད་འབད་ནི། ཕུན་སུམ་ཚོགས་པའི་མཛད་སྒོ་དང་རྟེན་འབྲེལ་ཚུ་ཡང་ བརྩི་སྲུང་འབད་དོ་ཡོདཔ་མས། དེ་ལས་བརྟེན་ གཡུས་སྒོའི་མི་སེར་ཚུ་ག་ར་གཅིག་ཁར་འཛོམས་ཐོག་ལས་ ཁོ་རའི་སྔར་སྲོལ་གྱི་ལམ་ལུགས་སྲོལ་ངོ་མ་འདི་ མ་འོངས་པའི་བུ་རྒྱུད་ཚུ་ལུ་ ཕ་ལས་བུ་རྒྱུད་དེ་སྤྲོད་ཚུགས་དོ་ཡོདཔ་མས། ལྷ་ཁང་འདི་ དང་ཕུ་གི་རང་གི་ཕ་མའི་སྔར་གོང་ལུ་ཡོད་པའི་ཆོས་དང་མཐུན་པའི་ལྡེབས་རིས་དང་ རྗེས་ཤུལ་གྱི་དངོས་པོ་དང་ མ་འོངས་བུ་རྒྱུད་ཚུ་གི་དོན་ལུ་ འབྲུག་གི་རྙིང་ཤུལ་ཚུ་ཉམས་སྲུང་འབད་སའི་གནས་ཅིག་འབད་ངོས་འཛིན་འབྱུང་སྟེ་འདུག།

མདོར་བསྡུ།

[ཞུན་དག]

མདོར་བསྡུ་བ་ཅིན་ ཀུན་བཟང་སྦྲག་གི་ལྷ་ཁང་འདི་ ས་གནས་བུང་ཐང་རྫོང་ཁག་ སྟངས་རྒེད་འོག་གི་ལུང་གཤོང་གཅིག་ནང་ གཞེར་སྦ་བཞག་དོ་བཟུམ་སྦེ་ཆགས་ཏེ་ཡོད། ལྷ་ཁང་འདི་ ཡ་མཚན་ཆེ་བའི་ལོ་རྒྱུས་ ལེ་ཤ་ཡོདཔ་མ་ཚད་ ཧ་ཅང་གིས་ཟབ་སྤྲོས་རྡིག་པའི་བཟོ་བཀོད་དང་ ནང་པའི་ཆོས་དང་འབྲེལ་བ་ཡོད་པའི་གནད་དོན་ལེ་ཤ་ལས་བརྟེན་ ལྷ་ཁང་འདི་ཆོས་དང་ལམ་སྲོལ་གཉིས་ལུ་ཁག་ཆེཝ་འབད་བརྩི་སྟེ་འདུག། མ་གཞི་ ལྷ་ཁང་དེ་ ཡོངས་གྲགས་ཁྱབ་ཆེཝ་འབད་མ་འགྱོ་སྟེ་འབད་རུང་ ས་གནས་ཀྱི་མི་སྡེ་ལུ་ ཆོས་དང་ལམ་སྲོལ་ མི་ཉམས་རྒྱུན་སྐྱོང་འབད་ཚུགས་པའི་བརྡ་སྟོན་ངོ་མ་ཅིག་ཨིནམ་ལས་ དམིགས་བསལ་དུ་ འབྲུག་མི་ཆེ་འབྲིང་ཆུང་གསུམ་ག་ར་གིས་ བུམ་ཐང་རྫོང་ཁག་ནང་བྱོན་ནིའི་ཐུགས་འདོད་རེ་ཡོདན་ ཀུན་བཟང་སྦྲག་གི་གནས་རྩ་ཆེན་ཅིག་ཨིན་མི་ ལྷ་ཁང་འདི་ མཇལ་ནི་གི་གོ་སྐབས་ལེན་ཚུགསཔ་འདྲཝ་ཅིག་འབད་བ་ཅིན་ ཚེ་འདི་ཕྱི་གཉིས་ཀ་ལུ་ཕན་ཐོགས་བྱུང་ཚུགས་ནི་ཨིན་པས་ཟེར་ཞུ་ནི།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

[ཞུན་དག]

Francoise, P (གནམ་ལོ་མེད་2006) ཝི་ཀི་པི་དྲི་ཡ། https://en.wikipedia.org/wiki/Kunzangdrak_Monastery.