Jump to content

ཀྲོང་གསར་ཆོས་འཁོར་རབ་བརྟན་རྩེ་རྫོང་། Trongsa Dzong

Wikipedia ལས།
ཀྲོང་གསར་ཆོས་འཁོར་རབ་བརྟན་རྩེ་རྫོང་།

༉ བོད་ཀྱི་མཁས་གྲུབ་ཡོངས་འཛིན་ངག་གི་དབང་ཕྱུག་འདི་ འབྲུག་གི་ཆོས་སྐྱོང་དཔལ་ལྡན་ལྷ་མོ་གིས་ཉམས་སྣང་ནང་ལུ་ འབྲུག་གི་ས་གནས་ལྟེ་བ་ཅིག་ནང་འབྱོན་དགོ་པའི་ལུང་བསྟན་གནང་སྟེ་ལམ་སྣ་མཛད་དེ་ སྤྱི་ལོ་ ༡༥༤༡ ལུ་ཀྲོང་གསར་ལུ་ཕེབས་ཏེ་གཡུས་གླིང་ཟེར་བཞུགས་ནུག། ནུབ་གཅིག་ཡོངས་འཛིན་ངག་གི་དབང་ཕྱུག་འདི་སྒོམ་གནང་སྟེ་བཞུགསཔ་ད་ ད་ལྟོ་ཀྲོང་གསར་རྫོང་གི་མགོན་ཁང་ཆགས་ཏེ་ཡོད་ས་ལུ་ དཀར་མེ་བཟུམ་སྦེ་ས་གོ་དེ་ཁར་མེ་ལྕེ་ལྷབ་ལྷབ་འབར་མི་དེ་གཟིགས་ནུག། དེ་ལས་སྤྱི་ལོ་ ༡༥༤༣ ལུ་དཀར་མེ་བཟུམ་སྦེ་མེ་ལྕེ་འབར་ས་ལུ་མཚམས་ཁང་ཆུང་ཀུ་ཅིག་རྐྱབ་ཞིན་ན་ དེ་ཁར་ཐགས་དམ་གནང་སྟེ་བཞུགས་ནུག། དེ་གི་ཤུལ་ལས་བླམ་ངག་གི་དབང་ཕྱུག་གིས་སློབ་མ་ལེ་ཤ་ རང་བཞིན་གྱིས་འདུ་སྟེ་ བླམ་གི་མཚམས་ཁང་གི་སྦོ་ལོགས་ཁ་ལས་ རང་ར་སོ་སོའི་མཚམས་ཁང་ཆུང་ཀུ་རེ་རྐྱབ་སྟེ་སྡོད་ནུག། དེ་བསྒང་གཡུས་གླིང་གི་མི་སེར་ཚུ་ལུ་ དེ་ཁར་ཕྱོགས་སྡེབ་སྦེ་རྐྱབ་སྟེ་ཡོད་པའི་མཚམས་ཁང་ཆུང་ཀུ་ཚུ་ གཡུས་ཚན་གསརཔ་བཟུམ་མཐོང་སྟེ་ཁོང་ཆ་ཁྱབ་ཀྱིས་ས་གོ་འདི་གི་མིང་ཡང་ ཀྲོང་གསར་ཟེར་བཏགས་ཏེ་ ད་ལྟོ་ཀྲོང་གསར་ཟེར་སླབ་མི་རྫོང་ཁག་གི་མཚན་འདི་དེ་ལས་ཚུར་དར་ཁྱབ་སོང་ནུག།

དེ་ལས་སྤྱི་ལོ་ ༡༦༤༧ ལུ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ཆོས་རྒྱལ་མི་འགྱུར་བསྟན་པ་འདི་ ཀྲོང་གསར་དཔོན་སློབ་སྦེ་བསྐོ་བཞག་གནང་ནུག། ཞབས་དྲུང་གིས་བཀའ་དང་འཁྲིལ་ཏེ་ ཆོས་རྒྱལ་མི་འགྱུར་བསྟན་པ་གིས་ནང་ན་ལྷ་ཁང་ལེ་ཤ་ཡོད་པའི་ མཁར་དང་འདྲ་བའི་རྫོང་འདི་བཞེངས་ནུག། ཁོ་གིས་ད་ལྟོ་ཡོད་པའི་མགོན་ཁང་འདི་ཡང་ཧེ་མ་ཡོངས་འཛིན་ངག་གི་དབང་ཕྱུག་གིས་ མཚམས་ཁང་རྐྱབ་པའི་ས་གོ་དེ་ཁ་ར་རྐྱབ་ཞིན་ན་ རྫོང་འདི་གི་མཚན་ཡང་ཆོས་རྒྱལ་མི་འགྱུར་བསྟན་པ་ཁོ་རའི་མཚན་ལུ་གཞི་བཞག་སྟེ་ འབྲུག་མི་འགྱུར་ཆོས་འཁོར་རབ་བརྟན་རྩེ་ཟེར་གསོལ་ནུག། དུས་རབས་ ༡༧ པ་མཇུག་བསྡུ་ཁམས་ལུ་ སྡེ་སྲིད་ཆོས་རྒྱལ་མི་འགྱུར་བསྟན་པ་གིས་ རྫོང་འདི་རྒྱ་སྐྱེད་མཛད་གནང་ནུག། ད་ལྟཽ་རྫོང་འདི་གི་ནང་ན་ལུ་ལྷ་ཁང་ ༢༦ ཡོདཔ་དང་ གཞུང་གྲྭ་ཚང་དང་རྫོང་ཁག་གི་བདག་སྐྱོང་ཡིག་ཚང་ཚུ་ཡང་རྫོང་འདི་གི་ནང་ན་ལུ་ཡོདཔ་ཨིན།

རྒྱལ་རབས་ལས་དཔྱད་རུང་ཀྲོང་གསར་རྫོང་འདི་ གནམ་མེད་ས་མེད་ཁག་ཆེ་ཤོས་ཅིག་གི་རྫོང་ཅིག་ཨིན། ཀྲོང་གསར་རྫོང་འདི་ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཀྱི་ཡིག་ཚང་ལྟེ་བ་དང་ ཀྲོང་གསར་དཔོན་སློབ་ཚུ་གི་བཞུགས་གནས་ལྟེ་བ་ཅིག་ཡང་ཨིན། ད་ལྟོ་ཡང་ཆོས་རྩེ་དཔོན་སློབ་ཀྱི་ལུགས་མཐུན་ཁྲི་མངའ་གསོལ་གྱི་བདག་རྐྱེན་ཡང་ ཀྲོང་གསར་ཆོས་འཁོར་རབ་བརྟན་རྩེ་རྫོང་ལས་བཞེས་སྲོལ་ཡོདཔ་ཨིན། རྫོང་འདི་གི་ནང་ན་ལུ་ དཔེར་ན་སྣབ་སྦྱིས་སྐོར་ཕུག་གི་ལྷ་ཁང་། སྐུ་བྲག། ཨྱོན་བྲག་དང་ཕུམ་ཟུར་ལྷ་ཁང་ཚུ་ནང་བྱིན་ཅན་གྱི་དྲ་རྟེན་ཚུ་ཡང་ ཧེ་མ་དུས་རབས་ ༨ པའི་ནང་ལུ་ ཨྱོན་གུ་རུ་བུམ་ཐང་ལས་ལོག་རྒྱ་གར་ལུ་བྱོན་པའི་ལམ་ཁར ས་གོ་དེ་ནང་ཚུ་ཞབས་བཅགས་ཏེ་བྱིན་གྱིས་བརླབས་ནི་དོན་ལུ་ཐུགས་དམ་གནང་བཞུགས་ཡོད་པའི་ས་གནས་བྱིན་ཚུ་ཨིན། གཞན་གལ་ཅན་གྱི་ས་གནས་ཚུ་ཡང་ལྟ་བཤལ་ལེ་ཤ་བཀུག་ཚུགས་པའི་ ཡ་མཚན་ཅན་གྱི་ཀྲོང་གསར་ལྟ་རྫོང་དང་ཀྲོང་གསར་རྫོང་ཚུ་ཨིན།

ཀྲོང་གསར་རྫོང་ཁག་འདི་རྒྱལ་ཁབ་ཀྱི༌སྦུག༌ལུ༌ཆགས༌ཏེ༌ཡོདཔ༌ཨིནམ༌མ༌ཚད༌ སའི༌རྒྱ༌ཚད༌ཧ༌ལམ༌ ཀི༌ལོ༌མི༌ཊར༌ ༡༨༠༧ ཁྱབ༌སྟོ༌ཡོདཔ༌ཨིན། རྫོང༌འདི༌རྒྱ༌མཚོའི༌མཐའ༌མ༌ལས༌མཐོ༌ཚད༌ ༨༠༠ ལས༌ ༤༨༠༠ གི༌བར༌ན༌ཡོདཔ༌ཨིན༌པའི༌གུར༌ རྫོང༌ཁག༌འདི༌ནང༌སྤྱི༌ལོ ༢༠༡༢ ཀྱི༌རྩིས༌དང༌འཁྲིལ༌བ༌ཅིན༌ མི༌རློབས༌ཡོངས༌བསྡོམས༌ ༡༥༥༦༢ དེ༌མིག༌ཡོདཔ༌ཨིན། རྫོང༌ཁག༌དེ༌གི༌བྱང༌ཤར༌ཁ༌ཐུག༌ལུ༌བུམ༌ཐང༌རྫོང༌ཁག༌དང༌ དེ༌བཟུམ༌སྦེ༌ནུབ༌ཕྱོགས༌ཁ༌ཐུག༌དབང༌འདུས༌ཕོ༌བྲང༌དང༌ ལྷོ༌ཁ༌ཐུག༌ལུ༌གཞལམ༌སྒང༌ རྫོང༌ཁག༌ཚུ༌དང༌ ས༌མཚམས༌མཐུད༌འབྲེལ༌འབད༌དོ༌ཡོདཔ༌ཨིན།

རྫོང༌འདི༌གི༌ས༌གོ༌ཚུ༌གཟར༌དྲགས༌ཡོད༌རུང༌ཡང༌རྩི༌ནག༌བཏང༌ཡོད༌པའི༌ཤར༌ནུབ༌ཀྱི༌གཞུང༌ལམ༌དང༌ཀྲོང༌གསར༌དགེ༌ལེགས༌ཕུག༌གི༌གཞུང༌ལམ༌ཚུ༌ཡང༌ ས༌གོ༌དེ༌ཁ༌ལས༌བརྒྱུད༌དེ༌འགྱོ༌མི༌ལུ༌བརྟེན༌ཏེ༌རྒེད༌འོག༌ཚུ༌ག༌ར༌ མཐུད༌འབྲེལ༌འབད༌དེ༌དཔལ༌འབྱོར༌གྱི༌གཙོ༌ལམ༌ཅིག༌སྦེ༌ ཕན༌ཐོགསཔ༌ཨིན། རྫོང༌ཁག༌འདི༌ནང༌ལུ༌སའི༌ཆགས༌ཚུལ༌དོགས༌དྲགས༌ཡོད༌རུང༌ ས༌གནས༌དང༌གཡུས༌ཚན༌ཚུ༌ག༌ར༌ནང༌ལུ༌གཞི༌རྟེན༌དགོས༌མཁོ༌དཔེར༌ན༌ སྨན༌ཁང༌། སོ༌ནམ༌རྒྱ༌སྐྱེད༌ལྟེ༌བ༌དང༌ སློབ༌གྲྭ༌ཚུ༌ཡོདཔ༌མ༌ཚད༌ དེ༌ཚུ༌གིས༌བདའ༌མ༌ཟིན༌པའི༌ས༌གོ༌ཚུ༌ནང༌ལུ༌ ཐག་རིང་མི་སེར་ཞབས་ཏོག་ཚུ་བཙུགས་ཏེ་ཡོདཔ་ཨིན།

ཀྲོང་གསར་རྫོང་ཁག་ནང་ལུ་རྒེད་འོག་བརྒྱད་ཡོདཔ་ཨིན། དེ་ཡང་བྲག་སྟེང་། སྐོར་ཕུག། སྣབ་སྦྱིས། གླང་ཐལ། སྟང་སིབ་སྦྱིས་དང་ནུབ་སྦིས་རྒེད་འོག་ཚུ་ཨིན་མི་ལས་ རྫོང་ཁག་འདི་གི་རྒེད་འོག་ཚུ་ལས་ནུབ་སྦིས་རྒེད་འོག་འདི་ མི་རློབས་ལེ་ཤ་ཡོད་པའི་རྒེད་འོག་སྦོམ་ཤོས་ཅིག་ཨིན། རྫོང་ཁག་འདི་གི་མི་སེར་ཚུ་གི་འོང་འབབ་ཀྱི་ཐོན་ཤུགས་གཙོ་བོ་ར་སོ་ནམ་ཨིན། མཱོན་པ་ཚུ་འཇིགས་མེད་སེངྒེ་དབང་ཕྱུག་རྒྱལ་ཡོངས་གླིང་གའི་མཇུག་ལུ་སྡོདཔ་ཨིནམ་མ་ཚད་ ག་ནི་བ་ཡ་མཚན་ཆེ་བའི་མང་སྡེ་གཙང་ཆུ་ཡང་རྫོང་འདི་འོག་ལས་འབབ་སྟེ་ རྫོང་ཁག་ས་གོ་གཉིས་ལུ་དབྱེ་བཏངམ་ཨིན། ཀྲོང་གསར་རྫོང་ཁག་གི་སའི་རྒྱ་ཚད་ཡོངས་བསྡོམས་ ༡༥༨༧ ཡོད་ས་ལས་ བརྒྱ་ཆ་ ༨༧.༡༥ འདི་ནགས་ཚལ་གྱི་ཁྱབ་སྟེ་ཡོདཔ་ཨིན། འདི་གིས་ཡང་མ་དོ་བར་རྫོང་ཁག་འདི་ནང་ལུ་ འབྲུག་གཞུང་གིས་རྒྱ་གཞུང་གིས་རྒྱབ་སྐྱོར་ཐོག་ལུ་ སྤྱི་ལོ་ ༢༠༢༠ ལུ་རྒྱལ་ཁབ་ནང་ལུ་ ཆུར་བརྟེན་གློག་མེ་ལས་འགུལ་མེ་གྷ་ཝཊ་ཡོངས་བསྡོམས་ ༡༠,༠༠༠ གཞི་བཙུགས་འབད་ནི་གི་ལས་རིམ་ནང་ལས་གཅིག་ མེ་གྷ་ཝཊ་ ༧༢༠ འབད་མི་མང་སྡེ་ཆུ་གློང་མེ་ལས་འགུལ་ཡང་དེ་ཡང་ སྤྱི་ལོ་ ༢༠༡༠ སྤྱི་ཟླ་ ༨ པའི་སྤྱི་ཚེས་ ༢༧ ལུ་འགོ་བཙུགས་ཏེ་ སྤྱི་ལོ་ ༢༠༡༨ སྤྱི་ཟླ་ ༧ པའི་ནང་མཇུག་བསྡུ་ཡོདཔ་ཨིན། (ཆོས་རྩེ་རྫོང་ཀྲོང་གསར། རྫོང་ཁག་གི་སྐོར་ལས། གནམ་ལོ་མེད། སྤྱི་ལོ་ ༢༠༡༨)

དེ་གིས་ཡང་མ་ཚད་པར་འབྲུག་རྒྱལ་ཁབ་ནང་ལུ་ཡོངས་གྲགས་ཡོད་པའི་ ཇོ་བོ་དུར་ཤིང་ཟེར་མི་རི་ཆེན་འདི་ཡང་ཀྲོང་གསར་རྫོང་ཁག་འོག་ལུ་ཆགས་ཏེ་ཡོད། ཇོ་བོ་དུར་ཤིང་གི་ལཱ་རྩེ་གི་མཐོ་ཚད་འདི་ཕིཊི་ ༡༥༡༤༥ དང་མི་ཊར་ ༤༦༡༦ འབད་དེ་མཐོ་ཤོས་ཅིག་འབད་དེ་ ས་ཆ་གི་མཐོང་སྣང་ཚུ་ག་ནི་བ་མཛེས་ཏོག་ཏོ་སྦེ་མཐོངམ་ཨིན། ཇོ་བོ་དུར་ཤིང་འདི་རྒྱལ་ཁབ་ནང་ལུ་ཡོད་པའི་ལཱ་ཁ་ལུཡོད་པའི་མཚོ་ཚུ་ དཔེར་ན་ དགེ་རྩ་མཚོ། སེར་མཚོ། ཡུམ་མཚོ། མཚོ་ཀླུ་མེད་དང་མཚོ་ཞཝ་ཚུ་ཆགས་སའི་ས་ཆ་དེ་གིས་ ས་ཆའི་མཐོང་སྣང་འདི་ཧེང་སྐལ་ར་མཛེས་ཆ་དང་ལྡནམ་སྦེ་བཟོ་ཡོདཔ་ཨིན། དེ་ཁར་ཤིང་དང་མེ་ཏོག་རྣམ་པ་སྣ་ཚོགས་ཡོདཔ་ཨིན། (བསོད་ནམས་སྒྲོལ་མ། གནམ་ལོ་མེད། སྤྱི་ལོ་ ༢༠༢༢)

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

༡. ཆོས་འཁོར་རྩེ་རྫོང་། རྫོང་ཁག་གི་སྐོར་ལས། གནམ་ལོ། སྤྱི་ལོ་ ༢༠༡༨། ཡོངས་འབྲེལ་ཁ་བྱང་། http://www.trongsa.gov.bt/en/about-district

༢. བསོད་ནམས་སྒྲོལ་མ། ཀྲོང་གསར་འདི་སྦུག་ན་ཨིན། གནམ་ལོ། སྤྱི་ལོ་ ༢༠༢༢། ཀུན་གསལ། ཡོངས་འབྲེལ་ཁ་བྱང་། https://kuenselonline.com/trongsa-at-the-centre/

  1. Wikipedia contributors. (2021). Daga, Bhutan. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Daga,_Bhutan&oldid=1033941705.
  2. Wikipedia contributors. (2021). Lhuntse District. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Lhuntse_District&oldid=1036483754
  3. Wikipedia Contributors. (2021). Mongar District. In Wikipedia. The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Mongar_District&oldid=1036483996
  4. Wikipedia contributors. (2021). Samtse District. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Samtse_District&oldid=1059818481
  5. Wikipedia contributors. (2021). Sarpang District. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Sarpang_District&oldid=1053149274
  6. Wikipedia contributors. (2021). Trongsa District. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Trongsa_District&oldid=1053335734
  7. Wikipedia contributors. (2021). Zhemgang. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Zhemgang&oldid=1012781228
  8. Wikipedia contributors. (2021). Chukha District. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Chukha_District&oldid=1053307238
  9. Wikipedia contributors. (2021). Haa district. In Wikipedia, The Free Encyclopedia. Retrieved from https://nl.wikipedia.org/w/index.php?title=Haa_(district)&oldid=49239570.
  10. Wikipedia contributors. (2021). Pemagatshel District. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Pemagatshel_District&oldid=1055317735
  11. Wikipedia contributors. (2021). Samdrup Jongkhar. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Samdrup_Jongkhar&oldid=1052289019
  12. Wikipedia contributors. (2021). Trashiyangtse District. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Trashiyangtse_District&oldid=1061611825
  13. Wikipedia contributors. (2021). Trashigang. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Trashigang&oldid=1052260622
  14. Wikipedia contributors. (2021). Tsirang District. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Tsirang_District&oldid=1053320229
  15. Wikipedia contributors. (2021). Bumthang District. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Bumthang_District&oldid=1054708894
  16. Wikipedia contributors. (2021). Gasa District. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Gasa_District&oldid=1057304309
  17. Wikipedia contributors. (2021). Paro District. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Paro_District&oldid=1036482740
  18. Wikipedia contributors. (2021). Punakha District. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Punakha_District&oldid=1036483190
  19. Wikipedia contributors. (2021). Thimphu. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Thimphu&oldid=1062389807