Jump to content

ཀྲོང་གསར་ལྟ་རྫོང་། Trongsa Tadzong

Wikipedia ལས།
ཀྲོང་གསར་ལྟ་རྫོང་།

༉ ཀྲོང་གསར་ལྟ་རྫོང་འདི་ཀྲོང་གསར་དཔོན་སློབ་དང་པ་ཆོས་རྒྱལ་མི་འགྱུར་བསྟན་པ་གིས་ སྤྱི་ལོ་ ༡༦༥༢ ལུ་བཞེངས་ཡོདཔ་ཨིན། ལྟ་རྫོང་འདི་གིས་ཚར་གཅིག་བྱ་ར་ཁང་ཨིནམ་ལས་ དེ་གིས་ཀྲོང་གསར་རྫོང་འདི་འཁོད་ཀྱི་ངོ་རྒོལ་བ་ཚུ་ལས་སྲུང་སྐྱོབ་འབད་དེ་ཡོདཔ་ཨིན། ཡ་མཚན་ཅན་གྱི་ལྟ་རྫོང་འདི་རི་རྩེ་ལུ་ཆགས་ཏེ་ཀྲོང་གསར་རྫོང་གི་ལུང་གཤོང་ཚུ་ལེགས་ཤོམ་སྦེ་མཐོང་ཚུགསཔ་མ་ཚད་ ལྟ་རྫོང་འདི་ལུ་གསང་ལྟ་འབད་ནིའི་དོན་ལུ་ འབྲུག། བྱ་ཁྱུང་། སྟག་དང་སེངྒེ་བཟུམ་གྱི་སྒོ་བཞི་ཡོདཔ་ཨིན། ལྟ་རྫོང་འདི་ད་རེས་ནངས་པ་ཨོསི་ཊེ་ཡ་གཞུང་གིས་མ་དངུལ་དང་མཁས་རིག་རྒྱབ་སྐྱོར་ལུ་བརྟེན་ཏེ་ རྒྱལ་ཁབ་ཀྱི་འགྲེམས་སྟོན་ཁང་ལུ་བསྒྱུར་ཡོདཔ་ཨིན། ད་ལྟོ་ཚུན་ཚོད་ཀྱི་བར་ན་ཀྲོང་གསར་གྱི་ལྟ་རྫོང་འགྲེམས་སྟོན་ཁང་འདི་ རྒྱལ་ཁབ་ནང་ལུ་ཡ་མཚན་ཆེ་བའི་ལྟ་རྫོང་ཅིག་ཨིན། འགྲེམས་སྟོན་ཁང་འདི་ནང་ལུ་སྟེང་ཐོག་ལུ་ཡོད་མི་གཟིགས་རས་ཚུ་རྩིས་ཏེ་བསྡོམས་ཀྱི་བཅུ་གཅིག་ཡོདཔ་ཨིན་མས། འ་ནཱི་གཟིགས་རས་ཚུ་གིས་ཧེ་མ་གི་རྒྱལ་རབས་ཅན་གྱི་ཅ་ལ་ཚུ་གསལ་སྟོན་འབདཝ་ཨིན་མས། གཟིགས་རས་དང་པ་འདི་གིས་གྲྭ་ཚང་དང་ལྷ་ཁང་ལུ་ཕྱོགས་བཞི་ལས་གནོད་པའི་དགྲ་བགེགས་ཚུ་བཀག་ནི་དོན་ལུ་ ཕྱོགས་བཞི་གི་རྒྱལ་ཆེན་བཞི་གི་ན་བཟའ་དང་ཕྱག་མཚན་ཚུ་མཇལ་ཚུགསཔ་ཨིན་མས།

ལྟ་རྫོང་གི་གཟིགས་རས་གཉིས་པ་ནང་ལུ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཨ་རྒས་ སྤྱི་ལོ་ ༡༦༤༣ ལུ་ཀྲོང་གསར་རྫོང་འགོ་དང་པ་བཞེངས་མི་ཡོངས་འཛིན་ངག་གི་དབང་ཕྱུག་གི་སྟེང་གཡོག་དང་ཆོས་གོས། དབང་བཙན་ཕྱག་འཁར་དང་དྲིལ་བུ། ཞབས་དྲུང་རིན་པོ་ཆེ་གི་ཡབ་བསྟན་པའི་ཉི་མ་དང་ཞབས་དྲུང་རིན་པོ་ཆེ་དེ་ལས་ ཀྲོང་གསར་དཔོན་སློབ་དང་པ་དང་འབྲུག་གི་སྡེ་སྲིད་གསུམ་པ་ཆོས་རྒྱལ་མི་འགྱུར་བསྟན་པ་གི་ སྐུ་འདྲ་ཚུ་བཞུགས་ཏེ་ཡོདཔ་ཨིན། འ་ནཱི་སྐུ་རྟེན་འདི་ཚུ་ང་བཅས་རའི་འབྲུག་གི་རྒྱལ་ཁབ་ནང་ལུ་ རྫོགས་ནི་མེད་པའི་ནང་འཁྲུགས་ཚུ་རྩ་མེད་བཏང་སྟེ་རྒྱལ་རབས་ཅན་གྱི་ཁྲིམས་ཚུ་གཞི་བཙུགས་མཛད་དེ་ མི་སེར་ཚུ་ལུ་བདེ་སྐྱིད་ཀྱི་ཉིམ་ཤར་བཅུག་མི་གི་སྐྱེས་ཆེན་དམ་པ་ཚུ་ཨིན། ཀྲོང་གསར་རྫོང་འདི་གཞི་བཙུགས་མཛད་པའི་ཤུལ་ལུ་ མི་སེར་ཚུ་ལུ་ཞི་བདེ་དར་ཁྱབ་གཏང་ནི་ལུ་ལྷན་ཐབས་རྒྱ་ཆེན་སྦེ་འབད་ཡོདཔ་ཨིན་མས།

དེ་ལས་གཟིགས་རས་གཉིས་པ་ནང་ལུ་ བླམ་བྱང་ཆུབ་བརྩོན་འགྲུས་ཀྱིས་བཟོ་བཀོད་འབད་དེ་ཕུལ་མི་འདི་ འབྲུག་རྒྱལ་དང་པ་གོང་ས་ཨྱོན་དབང་ཕྱུག་གིས་བཞེས་ཡོད་མི་ དབུ་ཞྭ་བྱ་རོག་གདོང་ཅན་འདི་འགྲེམས་སྟོན་འབད་དེ་ཡོདཔ་ཨིན། དེ་ཁ་ལུ་འཇིགས་མེད་རྣམ་རྒྱལ་གྱི་ཆོས་སྲུང་རྟ་མགྲིན་དང་བདེ་མཆོག་འཁོར་ལོ་སྡོམ་པའི་སྐུ་འདྲ་དང་ སྐུ་པར་ཚུ་ཡང་འགྲེམས་སྟོན་འབད་དེ་ཡོདཔ་མ་ཚད་བླམ་བྱང་ཆུབ་བརྩོན་འགྲུས་དང་ ས་གནས་དེ་ཁའི་གནསཔོ་དགའ་རབ་དབང་ཕྱུག་གི་སྐུ་འདྲ་ཚུ་ཡང་གསལ་སྟོན་འབད་དེ་ཡོདཔ་ཨིན། དེ་ལས་འབྲུག་རྒྱལ་དང་པ་གོང་ས་ཨྱོན་དབང་ཕྱུག་གི་ རྟེན་འབྲེལ་མཛད་སྒོའི་འབུ་རས་ཟོང་ཆ་དང་འབྲུག་རྒྱལ་གཉིས་པ་འཇིགས་མེད་དབང་ཕྱུག་གིས་ བུམ་ཐང་དབང་འདུས་ཆོས་གླིང་ཕོ་བྲང་ནང་ལུ་ཧེ་མ་རྒྱལ་པོའི་སྐུ་འཁོར་ཚུ་གི་ཉེར་མཁོའི་སྐུ་ཆས་ཚུ་ བཙུགས་བཞག་མི་སྒྲོམ་བཞི་ཚུ་འགྲེམས་སྟོན་འབད་དེ་ཡོདཔ་ཨིན།

ལྟ་རྫོང་གཟིགས་རས་བཞི་པ་ནང་ལུ་ ཧེ་མ་འབྲུག་རྒྱལ་གཉིས་པ་མི་དབང་འཇིགས་མེད་དབང་ཕྱུག་གི་ སྤྱི་ལོ་ ༡༩༢༦ ལུ་ཁྲི་མངའ་གསོལ་ཞུ་བའི་སྐབས་ལུ་དགེ་འདུན་གྱི་འཐུས་མི་ཚུ་གིས་རྟགས་དང་བཅས་པའི་ ཁས་བླངས་དམ་བཅའི་ཡི་གུ་ཤོག་དྲིལ་རྒྱ་ཚད་ མི་ཊར་ ༣.༥ འབད་མི་འདི་ཡོདཔ་ཨིན།  དེ་ཁར་མི་དབང་འབྲུག་རྒྱལ་གཉིས་པའི་ཁ་ཐུན་གྱི་ཕྱག་དཔེ་དང་དངུལ་སྒྲོམ་ཚུ་ཡང་གསལ་སྟོན་འབད་དེ་ཡོདཔ་མ་ཚད་ མི་དབང་འབྲུག་རྒྱལ་གསུམ་པ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་གའུ་དང་བ་སོའི་དམ་སྦྱིས། རྡོག་མ་དང་པ་ནེ་ཙུ་ནེ་གི་སྣོད། དེ་གི་སྦོ་ལོགས་ཁར་གླུ་སྒྲོམ་དང་ རྒྱལ་ཡུམ་དང་པ་ཨ་ཞེ་ཆོས་སྒྲོན་གྱི་གྲུ་ཙེ་དཀྱི་ར་དང་སྟོད་གོ་དང་ མི་དབང་འབྲུག་རྒྱལ་བཞི་པ་འཇིགས་མེད་སེངྒེ་དབང་ཕྱུག་གི་ཕྱག་བཤེད་དཔའ་རྟགས། ན་བཟའ། བཀབ་ནེ་དང་ཚོགས་ལྷམ་ཚུ་ཡང་འགྲེམས་སྟོན་འབད་དེ་ཡོདཔ་མ་ཚད་ གཏེར་ཆེན་པདྨ་གླིང་པ་གིས་ཁོ་ར་གིས་བཟོ་ཡོད་པའི་ཟངས་ཀྱི་སྐུ་འདྲ་དང་ཤིང་གིས་བཟོ་བའི་ཕུརཔ་ཡང་ཡོདཔ་ཨིན།

གཟིགས་རས་ལྔ་པ་ནང་ལུ་ བྱིན་ཅན་གྱི་འཆམ། མི་ཚེའི་འཁོར་ལོ། སྐུ་འབག་དང་འཁྲབ་ཆས་ཚུ་གི་དོན་དག་ཚུ་འགྲེལ་བཤད་རྐྱབ་སྟེ་སྟོནམ་མ་ཚད་ གཟིགས་རས་དྲུག་པ་ནང་ལུ་ནང་པ་སངས་རྒྱས་པའི་ཆོས་ལུགས་དང་རིམ་འགྲོ་ཚུ་གི་སྐོར་ལས་ཡོདཔ་དང་ དེ་ཁར་ནང་པའི་སྟོན་པ་གི་བདག་པོ་བདག་ཅག་གི་སྟོན་པ་རྒྱལ་བ་ཤཱཀྱ་མུ་ནི་དང་རྒྱལ་ཚབ་བྱམས་པ་མགོན་པོ་གི་སྐུ་འདྲ་དང་ དེ་ལས་བཛྲ་ཀི་ལ་ཡ་རྡོ་རྗེ་ཕུར་པ་དང་མིག་འཕྲུལ་ཅན་གྱི་ཕུར་པ་ཚུ་ཡང་ཡོདཔ་ཨིན། གཟིགས་རས་བདུན་པ་ནང་ལུ་གླིང་གེ་སར་གྱི་ལྷ་ཁང་དང་ གུ་རུ་རིན་པོ་ཆེ་དང་གུ་རུ་མཚན་བརྒྱད་ཀྱི་སྐུ་འདྲ་ཚུ་བཞུགས་ཡོདཔ་དང་ གཟིགས་རས་དགུ་པ་ནང་ལུ་རྒྱལ་ཚབ་བྱམས་པ་མགོན་པོ་གི་ལྷ་ཁང་དང་སྐུ་འདྲ་ཚུ་ཡོདཔ་ཨིན། གཟིགས་རས་བཅུ་ཐམ་པ་ནང་ལུ་རྒྱལ་བ་རིགས་ལྔའི་སྐུ་འདྲ་ཚུ་འགྲེམས་སྟོན་འབད་དེ་ཡོདཔ་དང་ རྒྱལ་བ་རིགས་ལྔ་དེ་ཡང་ང་བཅས་རའི་དུག་ལྔ་ ༼འདོད་ཆགས། ཞེ་སྡང་། གཏི་མུག། ང་རྒྱལ་དང་ཕྲག་དོག༽འདི་ཡེ་ཤེས་ལྔ་ལུ་འགྱུར་ཏེ་སངས་རྒྱས་མི་འདི་ཨིན། དེ་ལས་མཇུག་ར་གཟིགས་རས་བཅུ་གཅིག་པ་ནང་ལུ་ སངས་རྒྱས་ཀྱི་སྐུ། གསུང་དང་ཐུགས་ཚུ་གསལ་སྟོན་འབད་དེ་ཡོདཔ་མ་ཚད་ རྡོ་རྗེ་འཆང་གསུང་བྱོན་མ་ཡང་འགྲེམས་སྟོན་འབད་དེ་ཡོདཔ་ཨིན། (ཨོ་ཐཱན་ཊིག་བྷུ་ཊན་ཊོརསི། གནམ་ལོ་མེད། སྤྱི་ལོ་མེད)

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

༡. ཨོ་ཐཱན་ཊིག་བྷུ་ཊན་ཊོརསི། ལྟ་རྫོང་འདི་ཀྲོང་གསར་གྱི་ཀ་ཁྱིམ་ཨིན། གནམ་ལོ་མེད། སྤྱི་ལོ་མེད། ཡོངས་འབྲེལ་ཁ་བྱང་། https://authenticbhutantours.com/taa-dzong/