ཁྱི་མེད་ལྷ་ཁང།

Wikipedia ལས།

ཁྱི་མེད་ལྷ་ཁང་དེ་ སྤུ་ན་ཁ་རྫོང་ཁག་ བརཔ་རྒེད་འོག་ མི་འཚིག་ནང་ཁྲོམ་ལས་ཁུ་རུ་ཐང་དང་ སྤུན་ཁ་འགྱོ་སའི་སྒོར་ལྟབ་གཉིས་ལས་སོབ་ས་ཁའི་གཡུས་ཚན་ལས་འགྱོ་དགོཔ་ཨིན། ཧེ་མ་འབད་བ་ཅིན་སྣུམ་འཁོར་ལམ་མེད་པར་སོབ་ས་ཁའི་གཡུས་ཚན་ལས་ དུས་ཡུན་སྐར་མ་ ༢༢ ཀྱི་རིང་ལུ་རྐང་ཐང་སྦེ་འགྱོ་དགོཔ་ཨིན་རུང་ ད་རེས་ནང་པ་སྣུམ་འཁོར་ལམ་ཡོདཔ་ལས་སྟབས་བདེ་ཏོག་ཏོ་བཟོ་སྟེ་ཡོད། ལྷ་ཁང་དེ་གི་མཐའ་འཁོར་ལུ་ ཤིང་འབྲས་ཀྱི་རིགས་རྣམ་པར་སྣ་ཚོགས་བཙུགས་ཏེ་ཡོད་པའི་ཁར་ སྤང་ཐང་ཉམས་དགའ་ཏོག་ཏོ་སྦེ་ཡོདཔ་ལས་ལྷ་ཁང་མཇལ་བར་འགྱོ་མི་ཚུ་གིས་ མཛར་ཅུམ་ཟ་ནི་དང་འབྲེལ་ཏེ་འགྱོཝ་ཨིན་མས།

ལྷ་ཁང་དེ་གི་ཉེ་འདབས་ལུ་ཡོད་པའི་གཡུས་ཚན་དང་ ཚོང་ཁང་གི་གྱང་གུར་ལས་ཕར་བལྟ་བ་ཅིན་ཕོ་མཚན་གྱི་རི་མོ་བྲིས་ཏེ་ཚོན་བཏང་བཏངཔ་མ་འདྲཝ་ལེ་ཤ་མཐོང་ཚུགས། དེ་སྦེ་བཞག་དགོ་པའི་རྒྱུ་མཚན་དེ་ཡང་གཙོ་བོ་འཕྱར་ཁ་གཏང་མི་ལས་སྲུང་ཐབས་ཀྱི་དོན་ལུ་དང་ རྒྱུ་བསོད་ནམས་བསགས་ནི་དང་བར་ཆད་མི་འབྱུང་ནིའི་དོན་ལུ་ཨིན་པས། (Chime lhakhang website.n.d.)དེ་མ་ཚད་ལྷ་ཁང་དེ་ཁ་ལས་ མི་འཚིག་ན་ཁྲོམ་ཡང་མཐོང་ཚུགས་པའི་ཁར་ དེའི་ཉེ་འདབས་ལུ་མཆོད་རྟེན་གནགཔོ་ཅིག་ཡང་མཇལ་ཚུགསཔ་ཨིན། དེ་ཡང་ཧེ་མ་ ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱིས་ རྡོ་སྐྱོང་ལའི་བདུདམོ་དམ་ལུ་བཏགས་པའི་སྐབས་བདུདམོ་དེ་ ལོད་པའི་ས་ལུ་ལྷོདཔ་ད་རོ་ཁྱི་དམར་པོ་ལུ་སྤྲུལ་མི་དེ་་ དམ་ལུ་བཏགས་ཞིནམ་ལས་ས་གནས་དེ་ཁར་མ་འོངས་པ་ལུ་ལྷ་ཁང་བཞེངས་ནིའི་ལུང་བསྟན་གཟིགས་ཏེ་མཆོད་རྟེན་ནགཔོ་དེ་བཞེངས་གནང་ནུག།

ལུང་བསྟན་དེ་དང་འཁྲིལ་ཏེ་ སྤྱི་ལོ་ ༡༤༩༩ ལུ་འབྲུག་ཆེན་ངག་དབང་ཆོས་རྒྱལ་གྱིས་ཁྱི་མེད་ལྷ་ཁང་བཞེངས་གནང་ནུག། (Chimi lhakhang.n.d.) སྤྱིར་བཏང་ལྷ་ཁང་དེ་གི་མཚན་ཁྱི་མེད་ལྷ་ཁང་ཟེར་གོང་གི་གནད་དོན་ལྟར་ཞུཝ་ཨིན་རུང་ མི་དེ་ཚུ་གིས་སྒྲ་ཉམས་ཏེ་འཆི་མེད་ལྷ་ཁང་ཟེར་སླབ་ཨིན་པས། ལྷ་ཁང་དེ་གི་བཟོ་བཀོད་ཡང་འབྲུག་པའི་སྔར་སྲོལ་ལམ་ལུགས་ལྟར་ གྲུ་བཞི་སྦེ་བཞེངས། ལྡེབས་རིས་དང་ལྷ་ཁང་སྐོར་ར་རྐྱབ་སྟེ་དར་ཤིང་འདྲ་མིན་སྣ་ཚོགས་འཕྱར་ཏེ་ཡོད། ལྷ་ཁང་དེ་གི་ནང་རྟེན་གཙོ་བོ་ར་ འོ་ལ་རྒད་པོ་བསྟན་འཛིན་གྱི་མྱང་འདས་མཆོད་རྟེན་ཨིནམ་ལས་མཚན་ཡང་ ནང་རྟེན་མཆོད་རྟེན་ཟེར་ཞུཝ་ཨིན་པས། དེ་བཟུམ་སྦེ་ བླ་མ་ངག་དབང་ཆོས་རྒྱལ་དང་ བླ་མ་འབྲུག་པ་ཀུན་ལེགས་ཀྱི་སྐུ་འདྲ་ཡང་ཡོད་པའི་ཁར་ ས་གནས་དེཁའི་གནས་བདག་ཀླུམོ་ཆོས་སྐྱིད་མོའི་ཀ་ཁྲབ་ཡང་མཇལ་ནི་ཡོད། གལ་སྲིད་བཟའ་ཚང་ནང་ཨ་ལོ་སྐྱེ་ར་མ་བཏུབ་པ་ཅིན་ ལྷ་ཁང་དེ་ཁར་ཕོ་མོ་གཉིས་ཆ་ར་འོངས་ཏེ་ དད་པ་དང་མོས་གུས་ཀྱི་སྒོ་ལས་གསོལཝ་དང་སྨོན་ལམ་བཏབ་སྟེ་དངོས་གྲུབ་ཞུ་བ་ཅིན་ བུ་གཞི་གི་དངོས་གྲུབ་གནངམ་ཨིན་ཟེར་བའི་ཡིད་ཆེས་སྐྱེདཔ་མ་ཚད་ ལ་ལུ་ཅིག་ལུ་དངོས་སུ་བྱུང་ཡོདཔ་སྦེ་བཤད་སྲོལ་ཡང་འདུག། “ལྷ་ཁང་གི་འོག་ལུ་ཡོད་པའི་ཙན་ལྡན་ཤིང་དེ་ བླ་མ་གི་ཕྱག་འཁར་དང་། རྒྱབ་ཁར་ཡོད་པའི་ཐེད་སྟོང་ཤིང་སྦོམ་དེ་བླ་མ་གི་སྲོག་ཤིང་དང་། ཐེད་སྟོང་ཤིང་ཆུང་ཀུ་དེ་ ལྷ་ཁང་གི་གནས་བདག་ཀླུ་མོ་ཆོས་སྐྱིད་མོའི་སྲོག་ཤིང་ཨིནམ་སྦེ་བཤད་ནི་འདུག། ”( གནས་ཡིག་ཀུན་ཕན་ལམ་སྟོན། གནམ་ལོ་མེད། ༢༠༡༧ ཤོག་གྲངས ༤༩ )ནང་ལུ་ ལྷ་ཁང་དེ་ཁ་ལས་ཨ་ལུ་གསར་སྐྱེས་ཀྱི་མིང་ཞུ་བའི་སྐབས་ བླ་མའི་མཚན་དང་སྦྲགས་ཏེ་ཀུན་ལེགས། འཆི་མེད། ཆོས་སྐྱིད་ཟེར་འཐོབ་ཨིན་ཟེར་བཀོད་ནུག། སྤྱིར་བཏང་ལྷ་ཁང་དེ་ སྔར་སྲོལ་ལམ་ལུགས་བདག་འཛིན་འབད་ཐབས་ཀྱི་དོན་ལུ་བཞེངས་ཡོད་པའི་ཁར་ བླ་མ་འབྲུག་པ་ཀུན་ལེགས་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྤེལ་ཐབས་ལུ་བཞེངས་བཞེངསཔ་ཨིན་པས། དེ་འབད་ནི་འདི་གིས་ད་རེས་ནངས་པ་ རྒྱལ་ཁབ་ནང་འཁོད་ཀྱི་མི་སེར་ལ་ལུ་ཅིག་རྐང་བཙུགས་ཏེ་ར་བུ་གི་དངོས་གྲུབ་ཞུ་བར་འོང་དོ་ཡོདཔ་དང་། ལ་ལུ་ཅིག་ཨ་ལུ་གསོ་མ་ཚུགས་རུང་སྐྱབས་བཅོལ་བར་ལྷ་ཁང་དེ་ནང་འོངམ་མ་ཚད་ ཕྱིའི་རྒྱལ་ཁབ་ཀྱི་ལྟ་བཤལཔ་ཚུ་མང་ཤོས་ཅིག་རང་འོང་དོ་ཡོདཔ་ཨིན།

རྒྱབ་རྟེན།

(chime lhakhang architecture, n.d.) Retrieved from:       https://www.chimilhakhang.com/architecture

(chimi lhakhang, n.d.) Retrieved from: http://www.punakha.gov.bt/en/tourism/chimi-lhakhang

བསྟན་འཛིན་རྡོ་རྗེ་དང་ཨྱོན་རྒྱན་བསྟན་འཛིན། (གནམ་ལོ་མེད། ༢༠༡༧ ) གནས་ཡིག་ཀུན་ཕན་ལམ་སྟོན། ཀྲི་ཨེན་དཔར་བསྐྲུན་ཁང། ཐིམ་ཕུག།

"https://dz.wikipedia.org/w/index.php?title=ཁྱི་མེད་ལྷ་ཁང།&oldid=29890" ལས་ སླར་འདྲེན་འབད་ཡོདཔ།