ཁྲིམས་སྤྱི་བློན་པོ་འགྲེསཔ་བསོད་ནམས་སྟོབས་རྒྱས། Ι Ex-Chief Justice Sonam Tobgye
ཁྲིམས་སྤྱི་བློན་པོ་འགྲེསཔ་བསོད་ནམས་སྟོབས་རྒྱས། Ex-Chief Justice Sonam Tobgye
[ཞུན་དག]ཁྲིམས་སྤྱི་བློན་པོ་འགྲེསཔ་བསོད་ནམས་སྟོབས་རྒྱས་ཀྱི་སྐོར་ལས་ཐོག་མཐའ་བར་གསུམ།
༼ཀ༽ དང་པ་ངོ་སྤྲོད་དང་ཤེས་ཡོན།
[ཞུན་དག]འབྲུག་ལུ་བཀའ་དྲིན་ཆེ་ཤོས་ཅིག་ཨིན་མི་ ཁྲིམས་སྤྱི་བློན་པོ་འགྲེསཔ་ བསོད་ནམས་སྟོབས་རྒྱས་འདི་ ཡབ་པདྨ་དགའ་ཚལ་རྫོང་ཁག་དུང་མིན་ལས་འབྲུག་རྒྱལ་༣ པའི་སློབ་དཔོན་ ཡོངས་གྲགས་སྦྦརཔ་བཀྲིས་ཟེར་མི་འདི་ཨིན། ཤུལ་ལས་གཞི་ཆགས་འདི་ པདྨ་དགའ་ཚལ་རྫོང་ཁག་ཤུ་མར་རྒེད་འོག་ གཡུས་ནང་སྐོར་ནགས་ཚང་ནང་ཨིན་པས། སྦརཔ་བཀྲིས་དང་༼དྲུང་པ༽ ཡུམ་རྩེ་བར་ལས་ ཉི་མིན་ད་ཟ་གཉིས་ཀྱི་བུ་ལུ་སྤྱི་ལོ་༡༩༤༩ ལུ་འཁྲུངས་ནུག། ཆུང་རིམ་ཤེས་ཡོན་འདི་ ཡབ་བསམ་རྩེ་རྡོ་རོ་ཁ་དང་མོང་སྒར་རྫོང་དཔོན་འབད་བཞུགསཔ་ད་ སློབ་དཔོན་མཚན་ལ་སོགས་པ་ལས་སྐུ་སྒེར་ཤེས་ཡོན་སྦྱང་སྟེ་ སྤྱི་ལོ་༡༩༦༠ ལུ་ཡབ་བཀྲིས་སྒང་གཉེར་ཆེན་འབད་གོ་གནས་བཞེས་པའི་སྐབས་ལས་ བཀྲིས་སྒང་སློབ་གྲྭ་ནང་ལུ་ སྤྱི་ལོ་༡༩༦༠ ལས་༡༩༦༣ ཚུན་ གཞི་རིམ་ཤེས་ཡོན་སྦྱང་སྟེ་ ཤུལ་ལས་ སྤྱི་ལོ་༡༩༦༤ ལས་༡༩༧༠ ཚུན་ རྒྱ་གར་ཨ་བསམ་བྱང་ཕྱོགས་ ཀ་ལིམ་སྤུངས་ དྲོག་དྲར་གཱ་ཧམསི་ཧོམསོ་(Dr. Grahams Homes, Kalimpong) ནང་ལུ་སློབ་རིམ་༡༡ པ་ཚུན་གཟིགས་ནུག། འཇིག་རྟེན་པའི་དཔྱེ་གཏམ་ལས། མི་ཅིག་འོག་ན་ཆུང་ལས། རྟ་གཅིག་འོང་ན་རྟིའུ་ལས་ཟེར་སླབ་དོ་བཟུམ་ སློབ་གྲྭ་འདི་ནང་ལུ་སློབ་གྲྭའི་ཡོངས་དཔོན་ཡང་མཛད་ཡོད་པའི་ལོ་རྒྱུས་ བློན་པོ་ཁོ་རའི་ཆ་རོགས་ ཧོམས་ཀྱི་སློབ་དཔོན་འགྲེསཔ་ ཀ་ལིམ་སྤུངས་ལས་ཨིན་མི་ཚོན་སློབ་ཅའུ་ད་རི་དང་ ཏ་མང་ཚུ་གི་ཧེ་མ་འབྲུག་གཞུང་ཤེས་རིག་ལྷན་ཁག་ལས་ སློབ་དཔོན་གཏང་སྲོལ་ཡོད་མི་སྤྱི་ལོ་༢༠༠༨ ལུ་རྫོང་སློབ་ཀརྨ་དགེ་ལེགས་ལུ་བཤད་ཡོདཔ་ཨིན་པས། འདི་བཟུམ་ བློན་པོ་ཁོ་རའི་མཉམ་རོགས་གཞོན་ཤོས་ དྲགོས་དཔལ་ལྡན་དབང་ཕྱུག་དང་ བློན་པོ་ཁོ་རའི་ཞལ་ལས་ཡང་གསུངསམ་ཨིན་པས།
༼ཁ༽ ཕྱག་འགན་དང་ལཱ་གི་གྲུབ་འབྲས།
[ཞུན་དག]དེ་ལས་སྤྱི་ལོ་༡༩༧༡ ལས་ཞིང་གཤེགས་ མི་དབང་འབྲུག་རྒྱལ་༣ པའི་སྐུ་བདུན་ལུ་ གསོལ་དཔོན་གྱི་གོ་ནས་བཞེས་ཏེ་ སྤྱི་ལོ་༡༩༧༢ ལུ་ཆང་སྒར་པའི་གོ་གནས་ཡར་སེང་ཐོབ་ཡོདཔ་ཨིན་པས། དེ་ལས་སྤྱི་ལོ་༡༩༧༢ ལུ་འབྲུག་རྒྱལ་༣ པ་མཆོག་ ཞིང་ལུ་འཕེབསཔ་ལས་ འབྲུག་རྒྱལ་བཞི་པའི་ཕྱག་ཞུ་སྟེ་ ཕྱག་ཞུ་སྡོད་པའི་སྐབས་ལུ་ སྤྱི་ལོ་༡༩༧༤ ལུ་ མི་དབང་འབྲུག་རྒྱལ་བཞི་པའི་ཕྱག་ལས་གོ་དང་པ་ ན་བཟའ་བུ་རས་དམརཔོ་ཐོབ་སྟེ་ འབྲུག་རྒྱལ་བཞི་པའི་ཕྱག་ཞུ་སྟེ་ སྤྱི་ལོ་༡༩༨༡ ཚུན་བཞུགས་ནུག། དེ་ལས་ མི་དབང་མཆོག་གིས་ཁྲིམས་ཁང་གོང་མ་ལུ་སྤྱི་ལོ་༡༩༨༡ ལས་ཁྲིམས་དཔོན་སྦེ་ སྤྱི་ལོ་༡༩༨༥ ཚུན་ཕྱག་ཞུ་ནུག། དེ་མ་ཚད་ མི་དབང་མཆོག་གིས་ རྒྱལ་གཞུང་གཞི་གཡོག་ལྷན་ཚོགས་ཀྱི་ཁྲི་འཛིན་དང་གཅིག་ཁར་ རྩིས་ཞིབ་དབང་འཛིན་གྱི་སྤྱི་ཁྱབ་འགན་དབང་གཉིས་ཅིག་ཁར་འབག་སྟེ་བཞུགས་ནུག། དེ་ལས་སྤྱི་ལོ་༡༩༩༡ ལུ་འབྲུག་གི་ཁྲིམས་སྤྱི་བློན་པོ་འོག་མའི་གོ་ནས་བཞེས་ཏེ་ སྤྱི་ལོ་༡༩༩༨ ལས་ཁྲིམས་སྤྱི་བློན་པོའི་གོ་གནས་ མི་དབང་མངའ་ཞབས་ལས་ཞུ་ཡོདཔ་ཨིན་པས།
ལཱ་གན་ཚུ་གི་གྲུབ་འབྲས་ཡང་ གཞི་གཡོག་ལྷན་ཚོགས་ནང་ལུ་ གཞི་གཡོག་པའི་བདག་སྐྱོང་བསྐྱར་ཞིབ་དང་འཛིན་སྐྱོང་ལམ་ལུགས་ དེ་ལས་རྩིས་ཞིབ་དབང་འཛིན་གྱི་ལམ་ལུགས་ཚུ་ གསལ་ཏོག་ཏོ་སྦེ་བཟོ་གནང་ཡོདཔ་ཨིན་པས།
ལྷག་པར་དུ་དྲང་ཁྲིམས་ལྷན་སྡེ་འདི་ སྲིད་གཞུང་དང་ཐ་དད་འབདཝ་ལས་བློན་པོ་མཆོག་གིས།
༡༽ ཁྲིམས་ཀྱི་སྙན་གསོལ་ལམ་ལུགས།
༢༽ བྱ་བའི་གནད་སྤྱོད་ལེགས་བཅོས།
༣༽ ཁྲིམས་ཡིག་ཁ་སྐད་རྫོང་ཁ་ནང་ལུ་ཕབས་ལེན།
༤༽ མི་སྟོབས་གོང་འཕེལ།
༥༽ ཡུན་བརྟན་གོང་འཕེལ་གྱི་དོན་ལུ་ཁྱད་རིག་རྒྱལ་ཁབ་ཕྱི་ནང་༢ ལུ་ཨེལ་ཨེལ་བི། དང་རྩོད་དྲུང་སྦྱོང་བརྡར།
༦༽ དྲང་ཁྲིམས་འདི་ མི་དབང་འབྲུག་རྒྱལ་བཞི་པའི་བཀའ་རྒྱ་ལྟར་དུ་ ངོ་རྟགས་གསར་བཏོད་ དཔེར་ན་ན་བཟའ་གཡུ་མདོག།
དེ་སྦེ་བཟོ་དགོ་མི་འདི་ཡང་ གཡུ་མདོག་འདི་རླུང་གི་ཁ་མདོག་ཨིནམ་ལས་ རླུང་གི་ཁྱབ་ཚད་དང་ཕྱོགས་དང་འཁྲིལ་ཏེ་ དྲང་ཁྲིམས་ཡང་གཏམ་གྱི་བདེན་རྫུན་འབྱུང་ཁུངས་ཀྱི་ལམ་དང་འཁྲིལ་དགོཔ་ཚུ་ལུ་གཞི་བཞག་སྟེ་བཟོ་ཡོདཔ་ཨིན་པས།
འབྲུག་གི་དྲང་ཁྲིམས་ལྷན་སྡེ་གིས་ སྤྱི་ཁྱབ་སྦེ་ཕྱག་ཞུ་བའི་སྐབས་ལུ་ འབྲུག་རྒྱལ་ཁབ་ནང་ལུ་ ཁྲིམས་ཀྱི་འགྱུར་བ་ཚུ་གི་ཕྱག་ལཱ་སྦོམ་མཛད་པའི་ཤུལ་བཞག་གཙོ་བོ་གཅིག་འདི་ ཕྱིའི་རྒྱལ་ཁབ་ཚུ་ལས་ མ་དངུལ་གྲོགས་རམ་ལེན་ཏེ་རྫོང་༢༠ ལས་རྫོང་ཁག་༡༨ ག་རའི་ནང་ འོད་འབབ་ལྡན་པའི་ཁྲིམས་ཁང་སོ་སོར་སྦེ་རྐྱབ་ཡོད་པའི་ཁར་ལུ་ ད་རེས་མཐོང་ནི་ཡོད་པའི་བཀྲིས་ཆོས་རྫོང་གི་ལྟག་ལུ་དྲང་ཁྲིམས་ལྷན་སྡེ་ཡིག་ཚང་སྦོམ་ཅིག་རྐྱབ་ཡོད་མི་འདི་ཡང་ ཁོ་རའི་ངོ་བསྒང་ལུ་རང་ བཞེངས་ཡོདཔ་ཨིན་པས། འདི་གི་མ་དོ་བར་ སྤྱི་ལོ་༢༠༠༢ ལས་འབྲུག་གི་རྩ་ཁྲིམས་ཆེན་མོ་བཞེངས་པའི་སྐབས་ལུ་ རྩ་ཁྲིམས་ཟིན་འགོད་ཀྱི་ཁྲི་འཛིན་མཛད་དེ་ ཁྲིམས་ཀྱི་རིང་ལུགས་ནང་ལུ་ ཕན་པའི་ཕྱག་ལཱ་ལེ་ཤ་མཛད་ཡོདཔ་ཨིན་པས།
དེ་ལས་ སྤྱི་ལོ་༢༠༡༣ དབྱིན་ཟླ་༥ པའི་དབྱིན་ཚེས་༦ ལུ་ རྒྱལ་ཁབ་ནང་དམངས་གཙོའི་ལམ་ལུགས་འདི་འགོ་ཐོག་བཙུགས་ཏེ་ ཐེངས་དང་པ་གཞུང་གོངཞུ་འབད་བའི་སྐབས་ལུ་ གནས་སྐབས་ཀྱི་གཞུང་ ཟླ་ངོ་༣ གྱི་རིང་ལུ་ གཞི་བཙུགས་འབད་བའི་སྐབས་ལུ་ རྩ་ཁྲིམས་ཆེན་མོའི་དགོངས་དོན་ལྟར་དུ་ ཁྲིམས་སྤྱི་བློན་པོ་འདི་ གནས་སྐབས་གཞུང་གི་གྲོས་དཔོན་སྤྱི་ཁྱབ་སྦེ་ ཕྱག་ཞུ་ཡོདཔ་ཨིན། དེའི་སྐབས་ འབྲུག་ཀུན་གསལ་གསར་ཤོག་གིས་དྲི་ལེན་སྐབས་ ཕྱག་ལཱ་གཙོ་བོ་རྩ་ཁྲིམས་ཆེན་མོའི་རྩ་ཚན་༡༩ པའི་དགོངས་དོན་ལྟར་དུ་ གནས་སྐབས་གཞུང་གི་དུས་རྒྱུན་གྱི་བྱ་སྒོ་ཚུ་བསྒྲུབ་ནི་མ་གཏོགས་ གཞན་སྲིད་བྱུས་ ཕྱི་གཞུང་དང་གན་རྒྱ་ལ་སོགས་པ་ག་ནི་ཡང་འབད་ནི་གི་དབང་ཁྱབ་མེདཔ་ལས་ བྱ་སྟབས་མ་བདེཝ་ག་ནི་ཡང་མི་འཐོན་ཟེར་གསུང་ནུག།
༼ག༽ གཟེངས་འཐོན་དང་མི་ཚེ་ལྷག་མ་སྐོར།
[ཞུན་དག]སྤྱི་ལོ་༢༠༠༨ ལུ་འབྲུག་དབང་རྒྱལ་གྱི་རྟགས་མ་ མི་དབང་འབྲུག་རྒྱལ་ལྔ་པ་མཆོག་གིས་གནང་ཡོདཔ་ཨིན།
ད་རེས་ མི་རྗེ་ཁྲིམས་སྤྱི་བློན་པོ་འགྲེསཔ་ བསོད་ནམས་སྟོབས་རྒྱས་མཆོག་གིས་ ད་ལྟོའི་བར་ན་ཡང་འབྲུག་རྒྱལ་ཁབ་ལུ་ཕན་ཐོག་པའི་ཁྲིམས་དང་འབྲེལ་བའི་སྐོར་ལས་ཤེས་ཡོན་སྤེལ་ནི་དང་རྒྱབ་སྐྱོར་གནང་ནི་ལུ་ཐུགས་ཚེར་སྣང་མེད་པའི་ཁར་ ཁྲིམས་ཆོས་ཀྱི་སྐོར་ལས་ཟིན་བྲིས་ཚུ་ཡང་གནངམ་གནང་སར་ར་བཞུགས་ཡོདཔ་ཨིན།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་ཐོ།
[ཞུན་དག]Nov 16, 2017 http/kuenseldzongkhaonline.blogspot.com
རྒྱབ་ཁུངས་མི་རྗེ་ ཁྲིམས་སྤྱི་བློན་པོ་བསོད་ནམས་སྟོབས་རྒྱས་ ངོ་མ་ཞལ་མཇལ་ཏེ་འབྲེལ་བ་འཐབ་ཡོད་པའི་དུས་ཚོད།