Jump to content

གཏུམ་རྔམ་འཆམ།

Wikipedia ལས།

གཏུམ་རྔམ་གྱི་འཆམ་འདི་ ཞལ་འབགཔ་ཁྲོ་ཉམས་ཅན་དང་ འཇིགས་སྣང་དང་བཅས་པའི་ཁར་ འཆམ་གོ་གི་བཀྲག་མདངས་ཚུ་ཡང་ གནམ་ཕྱི་རུ་ མེ་ཆག་བཏེག་བཏེགཔ་བཟུམ་སྦེ་མཇལཝ་ཨིན། སྐུ་འཆམ་འདི་བྱིན་བརླབས་ཆེ་བའི་ལོ་རྒྱུས་བཤད་དགོ་པ་ཅིན་ དེ་ཡང་ གུ་རུ་གཙོ་འཁོར་དང་བཅས་པ་སྙིང་རྗེ་ཁྲོས་པའི་སྟོབས་ཀྱིས་ཁྲོ་བོའི་སྐུར་བཞེངས་ཏེ་འབྱོནམ་ཨིན་པས། མཁན་པོ་ཉི་མ་ཤར། (༢༠༡༨ ཤོག་གྲངས་ ༨༥) སྐུ་འཆམ་འདི་མཇལཝ་ཙམ་ཅིག་གིས་ང་བཅས་རའི་སེམས་ཁར་ཚོར་སྣང་མ་འདྲཝ་ཅིག་ར་ཤར་ཏེ་འོངམ་ཨིན་པས།

གཏུམ་རྔམ་འཆམ།

གར་འཆམ་འདི་ལུ་ གཏུམ་རྔམ་ཟེར་ཞུ་དགོ་མི་འདི་ གུ་རུ་རིན་པོ་ཆེ་གཏུམ་ཞིང་ཁྲོ་ཉམས་ཅན་གྱི་སྐུར་བཞེངས་ཏེ་ འཇིག་རྟེན་འཛམ་གླིང་འདི་ནང་དྲག་པོའི་འཕྲིན་ལས་མཛད་པར་བྱོན་པའི་གར་འཆམ་ཅིག་འབདཝ་ལས་ གཏུམ་རྔམ་ཟེར་ཞུཝ་ཨིན་མས། སྐུ་འཆམ་དེ་ཡང་ གྲྭ་ཚང་ནང་རྐྱབ་མི་ཅིག་དང་ དགོན་སྡེ་ཁག་ཚུ་ནང་རྐྱབ་མི་གཉིས་འདུག། གར་འཆམ་དེ་ཡང་ རྡོ་རྗེ་གཏུམ་པོ་ཁྲོ་བཅུ་དང་ པད་མ་ཐོད་ཕྲེང་འཁོར་དང་བཅས་པ་ དེ་ལས་ གཏེར་ཆེན་པད་མ་གླིང་པ་རྣམས་ཀྱིས་བོད་མཚལ་མདོ་ཁྲ་རིང་ལས་སྤྱན་དྲངས་གནང་ནུག། གར་འཆམ་གྱི་ཞལ་འབགཔ་གི་གོ་རིམ་ཡང། ༡༽ གཙོ་བོ་པད་མ་བཛྲ་དང། ༢༽ བུདྷཱ་ཐོད་ཕྲེང། ༣༽ མི་བསྐྱོད་རྡོ་རྗེ། ༤༽ པད་མ་དབང་ཆེན། ༥༽ རིག་འཛིན་ཐོད་པ་རྩལ། ༦༽ དྲག་པོ་མེ་ཕྲེང། ༧༽ སངས་རྒྱས་དཔའ་བོ། ༨༽ རྟ་མགྲིན་དབང་ཆེན། ༩༽ ལག་ན་རྡོ་རྗེ་དང་བཅས་ལྷ་ཚོགས་དགུ་དང། ༡༠༽ སྤྲུལ་པ་དང། ༡༡༽ ཡང་སྤྲུལ་དང། ༡༢༽ ཉིང་སྤྲུལ་གསུམ་དང། ༡༣༽ ཆོས་སྐྱོང་རྟ་ནག་ལྕགས་ཀྱི་རལ་པ་ཅན་བཅས་ བཅུ་གསུམ་འབྱོན་དོ་ཡོདཔ་ཨིན།
སྐུ་འཆམ་འདི་གི་ཕན་ཡོན་ཚུ་ལེ་ཤ་ར་བཀོད་དེ་ཡོད་ས་ལས་གཅིག་ཞུ་བ་ཅིན། མཁན་པོ་ཉི་མ་ཤར། (༢༠༡༨ ཤོག་གྲངས་༨༧) དེ་ཡང་ བོད་ལྷོ་བྲག་སྨན་མདོའི་གཏེར་ལས། དམ་ལས་ལྡོག་ན་མཆེད་ཀྱང་རུང་ལ། །གནོད་པར་བྱས་ན་ལྷ་ཡང་རུང་སྟེ་བསྒྲལ་བར་བྱའོ།། བར་དུ་གཅོད་པར་བྱས་པ་འཇིག་རྟེན་གྱི་ལྷ་ཆེན་པོ་མ་ཧཱ་དེ་བ་ཡང་སྒྲོལ་ནུས་ན་གཞན་ལྟ་ཅི་སྨོས། ཟེར་གསུངས་དོ་བཟུམ་ མ་རུང་གདུག་པ་ཅན་དང་དགྲ་བགེགས་ཚུ་ཞི་བའི་འཕྲིན་ལས་ཀྱིས་འདུལ་ཐབས་ལུ་ རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་ཨོ་རྒྱན་མ་ཧཱ་གུ་རུ་གིས་ དབང་དང་དྲག་པོ་གཏུམ་རྔམ་གྱི་སྐུར་བཞེངས་ཏེ་ ཁྲོ་བའི་རྒྱལ་པོ་ཡེ་ཤེས་ཀྱི་གར་དགུ་ཟེར། ལུས་ཀྱི་ཉམས་གསུམ། ངག་གི་ཉམས་གསུམ། ཡིད་ཀྱི་ཉམས་གསུམ་གྱི་ཐོག་ལས་ དམ་ཚིག་ལས་འདས་མི་ཚུ་ རྣམ་ཤེས་ཡེ་ཤེས་ཀྱི་དབྱིངས་སུ་བསྟིམས། ཤ་ཁྲག་བདུད་རྩི་རྒྱ་མཚོ་ལུ་བྱིན་གྱིས་བརླབས་ཞིནམ་ལས་ ལྷ་ཚོགས་ཚུ་གི་ཞལ་ལུ་ཕུལ་ཏེ་སངས་རྒྱས་ཀྱི་བསྟན་པ་དར་བའི་ཕྱག་ལཱ་མཛདཔ་ཨིན་པས།

སྤྲུལ་པའི་གིང་དང་ཚོགས་གླིང།

[ཞུན་དག]

སྤྲུལ་པའི་གིང་དང་ཚོགས་གླིང་གི་སྐུ་འཆམ་དེ་ ཕོ་བརྒྱུད་དང་མོ་བརྒྱུད་ཚུ་ཟངས་མདོག་དཔལ་རིའི་ཞིང་ཁམས་བཀོད་ཚུགས་པའི་བྱིན་བརླབས་དང་ནུས་པ་སྦོམ་ཡོདཔ་ཨིན་པས། དེ་ཡང་ སྤྲུལ་པའི་གིང་དང་ཆོས་སྐྱོང་ཕོ་བརྒྱུད་མོ་བརྒྱུད་ཚུ་གིས་ལིང་ག་བསྒྲལ་བའི་ལས་ལུ་ཞུགས་པའི་འཆམ་གཉིས་གཅིག་ཁར་འཐོན་ནི་འདི་གིས་ སྤྲུལ་པའི་གིང་དང་ཚོགས་ལིང་ཟེར་ཞུཝ་ཨིན་པས། གར་འཆམ་འདི་གཙོ་བོ་ བསྟན་པའི་བར་ཆད་ཞི་སྟེ་ སེམས་ཅན་དེ་ཚུ་ལུ་བདེ་སྐྱིད་འབྱུང་ནིའི་དོན་ལུ་མཛད་གནང་གནངམ་དང། དུས་རབས་བརྒྱད་པའི་ནང་ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་གནང་པའི་སྐབས་ལུ་ ཨོ་རྒྱན་རིན་པོ་ཆེ་གིས་ རྫུ་འཕྲུལ་གྱི་བཀོད་པ་སྟོན་པའི་སྒོ་ལས་ བར་ཆད་རྐྱབ་མི་ལྷ་འདྲེ་ཚུ་དམ་ལུ་བཏགས་ཏེ་ རྒྱལ་པོའི་ཐུགས་དགོངས་གྲུབ་པའི་ལོ་རྒྱུས་ལས་བརྩམས་ཏེ་གནང་གནངམ་ཨིན་པས།
ཚེས་བཅུའི་སྐབས་ སྐུ་འཆམ་འདི་མཇལ་བའི་སྐབས་འཆམ་རྐྱབ་མི་ཚུ་གིས་ མི་མང་ལུ་རྔས་ཏོག་གིས་དྲངས་མི་འདི་ཡང་ གསོན་པོ་དང་གཤིན་པོ་གི་འདྲེ་ལ་སོགས་པ་ཚུ་ བདའ་གཏང་ནིའི་དོན་ལུ་ དྲག་པོའི་བཀའ་བསྒོ་གནང་བའི་ཚུལ་ཨིན་པས། གར་འཆམ་འདི་མཇལཝ་ཙམ་ཅིག་གིས་ ཕྱིའི་དགྲ་དང་བགེགས་དེ་ཚུ་འདྲོག་བཅུག་སྟེ་ཟིལ་གིས་གནོན་ནི་དང་ དེ་ལས་བརྟེན་ཏེ་ གནས་སྐབས་གློ་བུར་གྱི་རྐྱེན་ངན་དེ་ཚུ་བཟློགཔ་མ་ཚད་ མཐར་ཐུག་ཟངས་མདོག་དཔལ་རིའི་ཞིང་ཁམས་ལུ་ ཨོ་རྒྱན་རིན་པོ་ཆེའི་འཁོར་སྡེའི་གྲངས་སུ་ སྐྱེ་ཚུགས་པའི་ནུས་པ་སྦོམ་ཡོདཔ་ཨིན་ནོ།།

ཁུངས་གཏུག།

[ཞུན་དག]
  1. མཁན་པོ་ཉི་མ་ཤར། (༢༠༡༨) འབྲུག་གི་ཚེས་བཅུའི་གར་འཆམ་གྱི་བཤད་པ།
  2. མཁན་པོ་ཉི་མ་ཤར། (༢༠༡༨) འབྲུག་གི་ཚེས་བཅུའི་གར་འཆམ་གྱི་བཤད་པ། ཐིམ་ཕུག།
  3. མཁན་པོ་ཉི་མ་ཤར། (༢༠༡༨) འབྲུག་གི་ཚེས་བཅུའི་གར་འཆམ།.
"https://dz.wikipedia.org/w/index.php?title=གཏུམ་རྔམ་འཆམ།&oldid=32310" ལས་ སླར་འདྲེན་འབད་ཡོདཔ།