Jump to content

གཏེར་བཏོན་ཤེས་རབ་མེ་འབར། Terton Sherub Mebar

Wikipedia ལས།

ངོ་སྤྲོད།

[ཞུན་དག]
གཏེར་བཏོན་ཤེས་རབ་མེ་འབར། (སྐུ་པར་འདི་སྤ་རོ་སྤང་པའི་ས་ རྫོང་བྲག་ལྷ་ཁང་ནང་ཡོད།)

དེ་ཡང་གཏེར་བཏོན་ཤེས་རབ་མེ་འབར་འདི་ཡབ་སྐོ་ཚབ་དཔལ་དང་ ཡུམ་རྒྱ་ཟ་ཁྲ་མོ་གཉིས་ཀྱི་སྲས་སྦེ་སྤྱི་ལོ་ ༡༢༦༧ དེ་ཅིག་ཁར་གནམ་ལོ་ཁྱི་ལོ་ལུ་སྐུ་འཁྲུངས་ཏེ་མཚན་ཡང་ཨུ་པ་ཟེར་བཏགས་གནང་ནུག། དེ་ཡང་གཏེར་བཏོན་འདི་དགུང་ལོ་བརྒྱད་ལེན་པའི་སྐབས་ལུ་ཁོ་རའི་ཧེ་མའི་སྐྱེ་རབས་ག་ར་ཐུགས་ཁར་དྲན་ཏེ་ འཇིག་རྟེན་འདྲེ་དང་མི་མ་ཡིན་པ་ཚུ་ཡང་མཐོང་ཚུགས་ཡོདཔ་ཨིན་མས། ལོ་གི་ཧེ་མ་གཉེན་ཆེན་ཐང་ལྷ་ལུ་འབབས་ཏེ་རིམ་འགྲོའི་དང་པ་གཏོ་ནག་མགོ་གསུམ་མཁྱེན་པའི་ཤུལ་ལུ་ ཁ་ཐུན་གྱི་དང་པ་སྒྲོལ་མ་རྣམ་འཇོམས་འདི་མཁྱེན་ཡོད་པའི་གུར་ ག་ཅི་ཡང་མ་ལྷབ་པའི་ཡི་གུ་ཚུ་ཡང་རང་བཞིན་གྱིས་མཁྱེན་ཏེ་བསྲུང་བ་ཡིག་ནག་བཟློག་པ་ཚུ་ཡང་མཁྱེན་ཏེ་ དེའི་དུས་ལུ་ལྟོ་དང་གོ་ལ་ཚུ་ཡང་ཐོབ་ཞིན་ན་ཡིད་ཆེས་མ་ཚུགས་པའི་ལཱ་འབད་ནི་དེ་གིས་མཚན་ཡང་མུ་རིག་ཟེར་བཏགས་ཡོདཔ་ཨིན་མས། དེ་ལས་རྐོང་པོ་རྡོ་རྒྱལ། དཔལ་འབྱོར་རྒྱལ་མཚན། བཟོད་པ་དང་ཁོང་དཔོན་སློབ་གཡོག་འཁོར་བརྒྱད་ཀྱིས་འབྲུག་བུམ་ཐང་ལུ་ཕེབས་ད་བུམ་ཐང་བྱམས་པ་ལྷ་ཁང་ནང་ལུ་གདན་འདྲེན་ཞུ་སྟེ་ ལྷ་ཁང་དེའི་དབུ་རྩེའི་ནུབ་ཕྱོགས་ཀྱི་སྒོའི་རྩ་བ་ལས་དབང་ཕྱུག་ཆེན་པོའི་ཆོས་སྐོར་གྱི་ཤོག་དྲིལ་ལྔ་གཏེར་སྦེ་བཞེས་གནང་ནུག། དེ་ཡང་གཏེར་བཏོན་གྱིས་ཁོ་ར་ཧེ་མ་སྐུ་སྐྱེས་གསུམ་པའི་སྐབས་ལུ་སྦ་བཞག་པའི་གཏེར་འདི་ཐུགས་ཁར་དྲན་ཏེ་བཏོན་ཡོདཔ་སྦེ་སླབ་ཨིན་མས། དེ་ལས་གཏེར་བཏོན་འདི་སྟང་རིས་མོ་ཅན་ལུ་བྱོན་ཏེ་བཅུ་བདུན་རྒྱུད་དང་དེའི་འགྲེལ་པ་དེ་ལས་ ཀློང་གསལ་ལེའུ་བརྒྱད་པ་ཚུ་གཏེར་ལས་བཞེས་གནང་ཡོདཔ་ཨིན་མས། (ཅང་རྟ་མགྲིན་རྡོ་རྗེ། གནམ་ལོ་མེད། སྤྱི་ལོ་ ༢༠༢༣)

བྱུང་རབས།

[ཞུན་དག]

འབྲུག་གི་རྗེ་མཁན་ཁྲི་རབས་ ༦༩ དགེ་བཤེས་དགེ་འདུན་རིན་ཆེན་གྱིས་ལྷོ་འབྲུག་ཆོས་འབྱུང་ནང་ལུ་གསུངས་མི་ནང་ལུ་ དུས་རབས་ ༤ པའི་སྐབས་ལུ་གཏེར་བཏོན་ཤེས་རབ་མེ་འབར་མཆོག་བོད་ཁམས་ཀྱི་གླིང་དགུ་བརྒྱུད་དེ་བྱོན་ཞིན་ན་ བུམ་ཐང་ཕྱོགས་དང། ཤར་ཕྱོགས་དཔལ་གྱི་ལྗོངས། སྤ་རོ་སྤང་པའི་ས་དང་རྒྱ་བར་ཚེ་བྲག་ཚུ་ནང་རིམ་པར་བྱོན་ཏེ་ ནུབ་མཚོ་ནག་པ་ཏྲ་ལས་ནོར་གཏེར་འདི་བཞེས་པའི་སྐབས་ལུ་རྟེན་འབྲེལ་འཕྱུགས་ཏེ་ གཏེར་ལོག་ཤོར་ཡོདཔ་མ་ཚད་གཏེར་བཏོན་དང་ཁོ་རའི་འཁོར་ཚུ་བྱོག་བྱོན་ཏེ་ གཏེར་བདག་ཁྱུང་ལེགས་རྩལ་དང་གཅིག་ཁར་མནའ་ཐོ་མཛད་དགོཔ་ཐོན་ནུག། དེ་བསྒང་ནུབ་མཚོ་ནག་པ་ཏྲ་ལས་བཞེས་པའི་རོལ་གཏེར་འདི་ ད་ལྟོ་སྤ་རོ་རིན་སྤུངས་རྫོང་ནང་བཞུགས་ཡོདཔ་ཨིན། (དགེ་འདུན་རིན་ཆེན། གནམ་ལོ་མེད། སྤྱི་ལོ་ ༢༠༢༢)

དེ་ཡང་ནུབ་མཚོ་ནག་པ་ཏྲ་ལས་གཏེར་བཞེས་པའི་ལོ་རྒྱུས་ཡང་ སྤྱི་ལོ་ ༢༠༢༠ ལུ་མི་སྡེ་བརྡ་བརྒྱུད་ཕེསི་བྷུག་ནང་ལུ་ཕལའིང་ཊུ་དི་པིསི་ཕུལ་ཀཱན་ཊིརི་ཟེར་མི་གིས་བྲིས་མི་ནང་ལུ་ དེ་ཡང་གཏེར་བཏོན་ཤེས་རབ་མེ་འབར་གྱིས་ཧཱ་གི་ནུབ་བྱང་ཁ་ཐུག་ལུ་ཡོད་པའི་ ནུབ་མཚོ་ནག་པ་ཏྲ་ཟེར་སའི་མཚོ་གི་གཏིང་གི་འོག་ལུ་གསེར་གྱི་ཀཝ་ཡོད་མི་འདི་བཞེས་པར་བྱོནམ་ད་ལུ་ ཁོ་གིས་ཤིང་བཟོ་སྡེ་ཚན་ཅིག་འཁྱིད་དེ་བྱོན་ཡོདཔ་ཨིན་མས། ནུབ་མཚོ་ནག་པ་ཏྲའི་མཐའ་མར་བྱོན་ཏེ་གཏེར་བཏོན་གྱིས་ཤིང་བཟོཝ་ཚུ་ལུ་ ང་གིས་མཚོ་འདི་ཞལ་ལུ་བཞེས་པའི་སྐབས་ལུ་གསེར་གྱི་ཀཝ་གི་དྲ་དུམ་འདི་ཕུཊ་གཅིག་གི་ཚད་གཞི་ལས་བཏོགས་དགོ་པའི་བསླབ་བྱ་གནང་སྟེ་ བླམ་དེ་གིས་མཚོའི་ཆུ་འདི་ག་ར་ཞལ་ལུ་བཞེས་ཡོདཔ་ཨིན་མས། དེ་བསྒང་ཤིང་བཟོཝ་ཚུ་གསེར་འདི་སྟེ་རེ་གིས་བཏོག་པའི་སྐབས་ལུ་གསེར་ཕྱེ་ལུ་འདོད་པ་ཆེ་དྲགས་ཏེ་ བླམ་གིས་གསུངས་མི་ཚད་གཞི་ལས་མར་བརྒལ་ཏེ་འགྱོ་བའི་སྐབས་ལུ་ བླམ་གིས་ཞལ་ལུ་མཚོ་བཞེས་ཡོདཔ་ལས་གསུང་མ་ཚུགས་རུང་བརྡ་སྟོན་འབད་མི་ལུ་ ཤིང་བཟོ་ཆ་ཁྱབ་ཀྱིས་མ་ཉན་པར་བླམ་གིས་ཁོང་ཆ་ཁྱབ་ལུ་ད་བཏུབ་པས་བཞག་ད་ཟེར་གསུངམ་ད་ལུ་ ཞལ་ལུ་བཞེས་ཡོད་མི་མཚོ་འདི་ཚར་གཅིག་གུར་ཐོན་འོང་སྟེ་ཤིང་བཟོཝ་ཚུ་ག་ར་འཕྱག་བདའ་ནུག། དེ་ལས་ཁོང་ཁྲོ་ལང་མི་མཚོ་དེ་གིས་བླམ་འདི་བདའ་རྐྱབ་སྟེ་འོངམ་ད་ལུ་ མཚོ་དེ་གིས་བདའ་ཟིན་ནི་འབདཝ་ད་ར་བླམ་གི་ཕྱག་ལུ་ཡོད་པའི་རྔ་ཆུང་གཅིག་བཀོ་བཏངམ་ད་ལུ་ དེ་ཁར་མཚོ་ཆུང་ཅིག་འཁྱིལ་མི་ལུ་རྔ་མཚོ་ཟེར་མིང་བཏགས་ཡོདཔ་ད་ དེ་སྦེ་མཚོ་འཁྱིལ་ཏེ་སྡོདཔ་ད་ལུ་བླམ་གིས་ཚ་ངེར་བཏོན་བརྒྱུགས་བྱོན་ཡོདཔ་ཨིན་མས། དེ་ལས་རིམ་པ་བཞིན་དུ་བྱོན་པའི་སྐབས་དུང་འདི་བཀོ་སྟེ་མཚོ་འཁྱིལ་མི་ལུ་དུང་མཚོ་ཟེར་བཏགས་ཡོདཔ་ཨིན་མས། དེ་ལས་བླམ་འདི་ཁོ་རའི་གྲྭ་ཚང་ནང་ལུ་ཕེབས་ད་ལུ་ཕྱག་ལུ་གཏེར་རོལ་ཡ་གཅིག་རྐྱངམ་གཅིག་ལུས་ཡོདཔ་ལས་ དེ་ལས་མཚོ་འདི་ཡང་ལོག་སོང་ཡོདཔ་ཨིན་མས། དེ་ཡང་ཤུལ་ལས་ཧཱ་གི་གནས་བདག་ཨཔ་ཁྱུང་བདུད་དང་བླམ་འདི་གཏེར་སྒོ་ལ་ལས་བརྒལ་མི་འོང་ནི་གི་གན་ཡིག་བཟོ་དགོཔ་ཡང་ཐོན་ནུག། དེ་ཡང་བླམ་གིས་ནུབ་མཚོ་ནག་པ་ཏྲ་གི་གཏེར་འདི་ལུང་བསྟན་གྱི་དུས་ཚོད་ལས་ཨ་ཙི་ཅིག་ཧ་སུ་ཅིག་སྦེ་བཞེས་ཡོདཔ་མ་ཚད་ དེ་ཡང་ཨཔ་ཁྱུང་བདུད་ལུ་བླམ་གིས་གཏེར་བཞེསཔ་ད་ཆ་རོགས་འབད་དགོ་པའི་གསང་བའི་ལུང་བསྟན་ཅིག་ཡོད་རུང་ བླམ་གིས་དེ་སྦེ་མ་མཛད་པར་གསང་བའི་ཐོག་ལས་ཁོང་ཤིང་བཟོ་ཆ་ཁྱབ་འཁྱིད་བྱོན་ཏེ་ གཏེ་བཞེས་ནི་དེ་གིས་གཏེར་ཡང་ལེ་ཤ་ར་ལོག་ཤོར་ཡོདཔ་ཨིན་མས།

གཏེར་བཏོན་སྐོར།

[ཞུན་དག]

དེ་ལས་གཏེར་བཏོན་འདི་བུམ་ཐང་ལུ་གཏེར་བཞེས་པའི་སྐབས་ལུ་ཆ་རོགས་སྦེ་འགྱོ་ནིའི་དོན་ལུ་བུམོ་པདྨ་ཆོས་སྐྱིད་ཟེར་མི་འདི་འཚོལཝ་ད་ ལུང་ཕྱོགས་དེ་གི་མི་དང་དེའི་རྒྱལཔོ་ལུ་ཐུགས་དོགས་པ་ཆགས་ནུག། དེ་སྦེ་དོགས་པ་ཆགས་དགོ་མི་དེ་ཡང་དེ་ཁའི་རྒྱལཔོ་འདི་ཡང་བུམོ་དེ་ལུ་ཆགས་ཏེ་ཡོད་མི་ཅིག་ཨིན་མས། དེ་བསྒང་རྒྱལཔོ་དེ་གིས་གཏེར་བཏོན་ལུ་མེ་འབར་མཚོ་ལས་གཏེར་བཞེས་ཏེ་མི་སེར་ཚུ་ལུ་སྟོན་དགོཔ་སྦེ་སླབ་པའི་སྐབས་ལུ་ བླམ་གིས་ད་ལྟོ་མེ་འབར་མཚོ་གི་གཏེར་འདི་བཏོན་ནི་གི་དུས་ཚོད་མ་རནམ་མ་ཚད་ དེ་ཁོ་གི་མི་རབས་གསུམ་གྱི་སྐྱེ་བའི་སྐབས་ལུ་བཏོན་འོང་གསུངས་རུང་མ་གསན་པར་ ཐབས་ར་མེད་པར་མེ་འབར་མཚོ་ནང་ལུ་ཕྱག་ལུ་དཀར་མེ་བསྣམས་ཏེ་བྱོན་ཞིན་ན་ གཏེར་སྒྲོམ་གཉིས་བསྣམས་བྱོན་མི་འདི་དུས་ཚོད་མ་རན་ནི་དེ་གིས་ལོག་བཏང་ཡོད་མི་འདི་ཤུལ་ལས་གཏེར་བཏོན་པདྨ་གླིང་པ་གིས་བཞེས་ཡོདཔ་ཨིན་མས། བླམ་གིས་པདྨ་ཆོས་སྐྱིད་དང་གཉེན་སྦྱོར་མཛད་དེ་གཏེར་བཞེས་དགོ་པའི་མཁའ་འགྲོའི་ལུང་བསྟན་ཡོད་མི་འདི་སྒྲུབ་མ་ཚུགས་མི་འདི་རྟགས་མཚན་ངན་པ་འབྱུང་བའི་རྟགས་ཨིན་མས། དེ་གི་ཤུལ་ལས་དབང་གནོན་ཐོག་ལས་གཏེར་བཞེས་བཅུག་མི་རྒྱལཔོ་ཡང་ཤི་ཡོདཔ་མ་ཚད་བླམ་ཡང་སྐུ་ཚེ་ཐུང་ཡོདཔ་ཨིན་མས། དེ་ཡང་དཔག་ས་ཁ་ལུ་ཕྱུག་ཕུག་ནང་ལུ་གསེར། དངུལ་དང་ཚྭ་ཡོད་མི་གི་གཏེར་འདི་ལུང་བསྟན་ལྟར་དུ་བཞེས་པར་བྱོནམ་ད་ལམ་ཁར་ལུ་ མི་གསུམ་ཙེའུ་སྟོངམ་འབག་སྟེ་འགྱོ་མི་དང་ཁ་ཐུག་རྐྱབ་ནུག། དེ་གི་ཤུལ་ལས་བླམ་དེ་བྱག་ཕུག་གི་སྦོ་ལོགས་ཁར་སྒོམ་གནང་བཞུགས་པའི་སྐབས་ ཆུ་རུད་ཐོན་ཏེ་བྱག་ཕུག་དེ་གི་བཀག་བཞག་སྟེ་རྫོགས་ནི་མེད་པའི་རྒྱུ་ཁུངས་ཀྱི་སྒོ་ཕྱེ་ནུག། ཨིན་རུང་ཡང་མི་གསུམ་ཙིའུ་སྟོངམ་འབག་མི་དང་ཕྱད་པའི་ལྟས་ངན་གྱིས་རྒྱུ་ཁུངས་ཚུ་ག་ར་རྡོ་དང་བྱེམ་ལུ་བསྒྱུར་སོང་ཡོདཔ་སྦེ་བཤདཔ་ཨིན་མས། བླམ་ཡང་དགུང་ལོ་སུམ་ཅུ་ལུ་བོད་གླང་བྲག་ལུ་གཤགས་ཡོདཔ་ཨིན་མས། གཏེར་བཏོན་གྱི་སྐུ་ཕུང་འདི་སྤ་རོ་རིན་སྤུངས་རྫོང་ནང་ལུ་མེ་རྐྱེན་ལུ་ཤོར་ཏེ་དབུ་ཐོད་རྐྱངམ་གཅིག་ད་ལྟོ་སྤང་པའི་ས་གུ་རུ་ལྷ་ཁང་ནང་ལུ་ཡོདཔ་ཨིན་མས།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

[ཞུན་དག]

༡. ཅང་རྟ་མགྲིན་ཚེ་རིང་། འབྲུག་གི་བྱུང་རབས་ཕྱོགས་སྒྲིག། གནམ་ལོ་མེད། སྤྱི་ལོ་ ༢༠༢༣། དཔལ་འབྲུག་ཞིབ་འཇུག་ལྟེ་བ། ཐིམ་ཕུག།

༢. དགེ་འདུན་རིན་ཆེན། ལྷོ་འབྲུག་ཆོས་འབྱུང་བློ་གསར་རྣ་བའི་རྒྱན། རྗོང་ཁ། གནམ་ལོ་མེད། སྤྱི་ལོ་ ༢༠༢༢། རྫོང་ཁ་གོང་འཕེལ་ལྷན་ཚོགས། ཐིམ་ཕུག།

༣. ཕལའིང་ཊུ་འདི་པིསི་ཕུལ་ཀཱན་ཊ་རི། གཏེར་བཏོན་ཤེས་རབ་མེ་འབར་གྱི་རྡམ་ཐར་སློབ་གྲྭ་ནང་ལུ་ལྷབ་མ་ཚུགས་མི། གནམ་ལོ་མེད། སྤྱི་ལོ་ ༢༠༢༠། ཕེསི་བྷུག།