གནསཔོ་དགའ་རབ་དབང་ཕྱུག། Garab Wangchuk, local deity of Trongsa and Trashigang
༉ གནསཔོ་དགའ་རབ་དབང་ཕྱུག་འདི་ཧཱ་གི་མི་ཚུ་གིས་ཕོ་ལྷ་མཱོན་གསང་ཁྱུང་བདུད་དང་ མེ་རག་སག་སྟེང་དང་མཁའ་གླིང་ལུ་ཨམ་ཇོ་མོ་དང་དང་གླིང་ལུ་དད་པ་བསྐྱེད་དེ་འདྲོགས་དོ་བཟུམ་ཅིག་ ཀྲོང་གསར་དང་བཀྲིས་སྒང་གི་མི་ཚུ་གིས་ཡང་བསྟོན་དོ་ཡོདཔ་ཨིན་མས། དགའ་རབས་དབང་ཕྱུག་གི་བྱུང་རབས་ལུ་དཔྱད་པ་ཅིན་ ཁོ་ཧེ་མ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐབས་ལས་ར་བྱུང་ཡོདཔ་ཨིན། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་རྒྱ་གར་རྡོ་རྗེ་གདན་ལུ་ བྱང་ཆུབ་ཤིང་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་འབདཝ་ད་ བདུད་དགའ་རབ་དབང་ཕྱུག་གིས་ཤེས་ཏེ་ཁོ་ཤཱཀྱ་ཐུབ་པ་སངས་རྒྱས་ནི་འདི་ སེམས་ཀྱིས་བཟོད་མ་ཚུགས་པར་ བདུད་བརྒྱད་ཁྲི་བཞི་སྟོང་ཐམ་པ་ར་མདར་སྦྲན་ཏེ་སངས་རྒྱས་ལུ་ཆོ་འཕྲུལ་འདྲ་མིན་སྣ་ཚོགས་སྟོན་ཏེ་ གནོདཔ་བཀལ་ནི་རྩིས་རྐྱབ་རུང་སངས་རྒྱས་ཀྱིས་ཐུགས་བྱང་ཆུབ་སེམས་དཔའི་ ཏིང་ངེ་འཛིན་ལུ་མཉམ་པར་བཞག་སྟེ་སངས་རྒྱས་པའི་སྐབས་ལུ་ བདུད་དགའ་རབ་དབང་ཕྱུག་གི་གཙོས་པའི་བདུད་བརྒྱད་ཁྲི་སྟོང་གིས་ འགྲོ་བ་སེམས་ཅན་ཚུ་ལུ་གནོདཔ་བཀལ་ནི་དོན་ལུ་ ནད་རིགས་བརྒྱད་ཁྲི་བཞི་སྟོང་ལུ་སྤྲུལ་ཏེ་གནོདཔ་བཀལ་ནི་འདི་འཕྲོ་མཐུདཔ་ཨིན་མས། དགའ་རབ་དབང་ཕྱུག་འདི་གཏེར་བདག་དང་སྤང་རི་ཟམ་པ་གི་ཕོ་རྒནམ་ཨིན་མས། ཁོ་ལྷའི་ཕོ་བྲང་གཅིགཔ་ལས་ལས་མར་ལྟཝ་ད་ ཁོ་ལུ་ཁོ་རའི་ལག་པའི་པར་རི་སྦུག་ལུ་ལྟ་དོ་བཟུམ་སྦེ་ ཁོ་གི་ཕོ་བྲང་ནང་ལས་གླིང་ག་ར་ལྟ་ཚུགས་པའི་དབང་ཤུགས་ཡོདཔ་ཨིན་མས། དེ་འབད་ནི་དེ་གིས་ཁོ་གིས་མི་ཕུད་རྡོག་ཅིག་ར་སྡུག་བསྔལ་ནང་ལས་ཐར་ཏེ་ སངས་རྒྱས་ཞིན་སྡུག་བསྔལ་མེད་པའི་ས་ལུ་འགྱོ་ནི་འདི་ནི་རྩ་ལས་བཟོད་མ་ཚུགསཔ་ཨིན་མས།
གཏམ་གཞན་མི་འདི་ཏམ་ཁུ་དང་ཏམ་ཁུའི་ཐོན་ཁུངས་ཐོན་པའི་འབྱུང་ཁུངས་འདི་ཨིན། ནང་པའི་ཆོས་ལས་ ཏམ་ཁུ་དང་ཏམ་ཁུའི་རིགས་ཚུ་འཐུང་ནི་དང་ཟ་ནི་ལ་སོགས་ཚུ་ག་ཅི་ལོངས་སྤྱོད་རུང་ཡང་ མི་སྡེ་ལུ་གནོདཔ་ཨིནམ་མ་ཚད་རང་ར་སོ་སོའི་ནང་པའི་ཆོས་དང་འབྲེལ་བའི་ལཱ་ཚུ་གོང་འཕེལ་མི་འགྱོ་དང་ སྒོམ་རྐྱབ་པའི་སྐབས་ལུ་རང་གི་སེམས་ལུ་ངེས་ཤེས་ལེགས་ཤོམ་ཤར་མ་བཅུགཔ་ཨིན། དེ་གིས་ང་བཅས་ཤི་བའི་སྐབས་ལུ་སེམས་ཁམས་བརྟན་པ་མེདཔ་བཟོཝ་ཨིན། དེ་ཡང་བདུདམོ་གཅིག་གིས་ཟླ་ཁྲག་ཐིག་པ་ཅིག་ས་ཁར་འབུད་མི་དེ་གིས་ ཧེ་མ་སངས་རྒྱས་ཀྱི་བསྟན་པ་ལུ་སྨོན་ལམ་ལོག་པ་གྱངས་ཁ་མེད་པ་བཏབ་པའི་མཐུ་གིས་ ཟླ་ཁྲག་དེ་གིས་ཚར་གཅིག་གུར་སྔོ་ཤིང་ཅིག་སྐྱེས་ཡོདཔ་ཨིན་མས། དེ་ལས་འགྲོས་ཀྱིས་བཏང་བདུདམོ་གིས་སྨོན་ལམ་ལོག་པ་འདི་དུས་ལུ་བབས་ཏེ་ མི་དེ་ཚུ་གིས་སྔོ་ཤིང་འདི་ལུ་ཧ་ཅང་གིས་སེམས་དགའ་སྟེ་ལོངས་སྤྱོད་ནི་འགོ་བཙུགས་ཏེ་ འདི་མི་ག་ར་གིས་སེམས་ཞིན་ལོངས་སྤྱོད་མི་རྫས་ངན་ཏམ་ཁུ་ཟེར་མི་ལུ་གྱུར་སོཔ་ཨིན་མས། ཏམ་ཁུ་དེ་གིས་ཡང་ན་ལྟོ་གིས་ཁྱད་མི་ཆོདཔ་མ་ཚད་ཁ་སྐོམ་ཡང་སེལ་མ་ཚུགསཔ་ཨིནམ་མ་ཚད་ དེ་གིས་རང་གི་རྒྱུ་དངུལ་འཕྲོ་བརླག་གཏང་པའི་གུར་ཤུལ་ལས་ན་ཚ་ཟུན་པའི་སྐབས་ལུ་ རང་གི་ནང་མི་བཟའ་ཚང་དང་གཞུང་ལུ་སྨན་བཅོས་ཀྱི་གྱོང་རྒུད་ཚུ་བཀལ་མི་འདི་བདུད་ཀྱི་སྨོན་ལམ་ཨིནམ་ལས་ ཏམ་ཁུ་འཐུང་ནི་དང་ཟ་ནི་ཚུ་སྤང་དགོཔ་ཨིན།
དགའ་རབ་དབང་ཕྱུག་འདི་ལཱ་ངན་འབད་དེ་གནོདཔ་བཀལ་ནི་ལུ་ཁོ་ར་རྐྱངམ་གཅིག་མེན་པར་ བདུདམོ་གི་བཙུནམོ་ལྔ་འདོད་ཆགས། ང་རྒྱལ། ཞེ་སྡང་། ཕྲག་དོག་དང་མ་རིགཔ་ཚུ་ལུ་དུག་བཏབ་སྟེ་གནོདཔ་ཨིན། འདི་ཚུ་གིས་ཉིན་མཚན་མེད་པར་ཁོང་ཆ་ཁྱབ་ཀྱིས་ མིག་ངན་གྱིས་ མི་སངས་རྒྱས་འབད་མི་ཚུ་བལྟ་སྟེ་གནོད་པ་བཀལ་ནི་འགོ་བཙུགསཔ་ཨིན། དགའ་རབ་དབང་ཕྱུག་དང་ཁོ་གིས་བདུད་བཙུན་ཆ་ཁྱབ་ཀྱིས་ མི་སངས་རྒྱས་ནི་གུར་ལྷོད་མི་ཚུའི་སེམས་འདི་གཡོ་སྒྱུ་འབད་དེ་ ཁོང་ཆ་ཁྱབ་ཀྱི་སེམས་ལུ་སྤྲོ་བ་མེདཔ་དང་སེམས་གཡེང་བཅུག་སྟེ་ ཞེ་སྡང་ལ་སོགས་པ་ཚུ་སྐྱེ་བཅུག་སྟེ་བར་ཆད་རྐྱབ་ཨིན་མས། མདོར་བསྡུ་བ་ཅིན་དགའ་རབ་དབང་ཕྱུག་གིས་མི་ཚུ་གིས་སེམས་ཡེངས་བཅུག་སྟེ་ ལཱ་་དང་བསམ་པ་བཟང་པོ་ལས་སེམས་གྱུར་ཏེ་ངན་པ་འབད་བུགཔ་ཨིན། དགའ་རབ་དབང་ཕྱུག་ལུ་སྤྲ་དམན་སེང་གདོང་མ་ཟེར་མི་སྲིངམོ་གཅིག་ཡོདཔ་ཨིན་མས། མོ་གིས་མི་གི་ཚེ་སྲོག་གྱངས་ཁ་མ་ཆོདཔ་ཅིག་སྲོག་བཅད་ཡོདཔ་མ་ཚད་ མོ་རའི་ཨ་པ་བཟུམ་སྦེ་མོ་གིས་ཡང་སངས་རྒྱས་ཀྱི་བསྟན་པ་ལུ་གནོད་པ་བཀལཝ་ཨིན་མས། མོ་གིས་དེ་སྦེ་སངས་རྒྱས་ཀྱི་བསྟན་པ་ལུ་གནོད་ནི་དེ་གིས་ སངས་རྒྱས་ཚུ་བསྟུན་གྲོས་མཛད་དེ་མོ་དམ་ལུ་བཏགས་ནི་གི་ཞལ་འཆམ་བྱུང་སྟེ་ སངས་རྒྱས་ཚུ་གིས་ཐུགས་རྗེ་བྱིན་བརླབས་ལུ་བརྟེན་ཏེ་ མོ་ཅོག་ར་འཐདཔ་བཟོ་ནུག། མོ་ཅོག་ར་འཐདཔ་བཟོ་མི་འདི་སྤྲ་དམན་བ་མཐུན་ཆེན་ཡོད་ནི་དེ་གིས་ མོ་དང་དོ་འགྲན་འབད་མ་ཚུགས་པར་ཕམ་སྟེ་ སངས་རྒྱས་ཀྱི་བསྟན་པ་སྲུང་ནི་དམ་བཅའ་འབད་དེ་སྲུང་མ་སྦེ་བསྐོ་བཞག་འབད་ཡོདཔ་ཨིན་མས།
དེ་ལས་སངས་རྒྱས་ཚུ་གིས་བཟོ་མི་འདི་ཐུགས་དམ་ལུ་བཞུགས་མི་ལས་ མཁའ་འགྲོ་མ་ལེ་ཤ་སྤྲུལ་ཏེ་དགའ་རབ་དབང་ཕྱུག་གི་གཙོས་པའི་ གཞན་གནོད་བྱེད་ཀྱི་འདྲེ་གདོན་ཚུ་ག་ར་དམ་ལ་བཏགས་གནང་ནུག། ཆོས་རྒྱལ་མི་འགྱུར་བསྟན་པ་གིས་ཀྲོང་གསར་རྫོང་དང་བཀྲིས་སྒང་གི་རྫོང་གཉིས་བཞེངས་པའི་ཤུལ་ལས་ དགའ་རབ་དབང་ཕྱུག་འདི་རྫོང་སྲུང་མི་ཆོས་སྲུང་སྦེ་བསྐོ་བཞག་གནང་ཡོདཔ་ཨིན་མས། ལོ་རྒྱུས་ལྟར་དུ་འབད་བ་ཅིན་ དགའ་རབ་དབང་ཕྱུག་འདི་བཀྲིས་སྒང་གི་རྫོང་གི་འོག་ལུ་ བྱག་ཕུག་ནང་ལུ་སྦུལ་སྦེ་སྡོད་དོ་ཡོདཔ་སྦེ་སླབ་ཨིན་མས། དེ་གིས་སྦེ་ཁོ་ཨ་རྟག་ར་མཆོད་དགོཔ་ཨིནམ་སྦེ་ཨིན་མས། ལོ་རྒྱུས་གཅིག་ལས་འབད་བ་ཅིན་ ཚར་གཅིག་མི་ཚུ་གིས་ངན་སྔགས་རྐྱབ་མི་ཅིག་དགའ་རབ་དབང་ཕྱུག་གི་གདོང་ཁར་འཁྱིད་དེ་ ངན་སྔགས་ཡོད་ག་མེད་ལྟ་བཅུགཔ་ད་ལུ་ མི་འདི་ལུ་ངན་སྔགས་མེད་པ་ཅིན་དགའ་རབ་དབང་ཕྱུག་གིས་ག་ཅི་ཡང་མ་འབད་བར་བཏང་དོ་ཡོད་རུང་ ངན་སྔགས་ཡོད་མི་ཨིན་པ་ཅིན་མི་འདི་དགའ་རབ་དབང་ཕྱུག་གི་གདོང་ཁར་ཤི་དོ་ཡོདཔ་ཨིན་མས། དེའི་ཚེ་མི་འདི་ཁ་ལས་སྐྱུགས་ཏེ་ཤི་ཡོདཔ་ཨིན་མས། ཁོ་གིས་རྣམ་པ་ག་ཅི་ལུ་ཡང་སྤྲུལ་ཚུགས་དོ་ཡོདཔ་ལས་ དམག་རྐྱབ་པའི་སྐབས་གདན་འདྲེན་ཞུཝ་ཨིན་མས། ཁོ་གིས་བླམ་བྱང་ཆུབ་བརྩོན་འགྲུས་ཀྱི་སྐུ་མདུན་ལུ་ཕོ་སྐྱེས་གཞོནམོ་ཅིག་ལུ་སྤྲུལ་ཏེ་བཅར་ཞིན་ན་ འཇིགས་མེད་རྣམ་རྒྱལ་དང་མ་འགྲིགཔ་ཡོད་མི་དེ་སེལ་བཏང་ནུག། (འབྲུག་གི་གནས། གནམ་ལོ་མེད། སྤྱི་ལོ་ ༢༠༢༠)
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་ཐོ།
༡. འབྲུག་གི་གནས། དགའ་རབ་དབང་ཕྱུག་འདི་བཀྲིས་སྒང་དང་ཀྲོང་གསར་གྱི་གནས་བདག་ཨིན། གནམ་ལོ། སྤྱི་ལོ་ ༢༠༢༠། ཕེསི་བྷུག། ཡོངས་འབྲེལ་ཁ་བྱང་། https://www.facebook.com/107922604331619/posts/brief-history-of-garab-wangchuk-local-deity-of-trongsa-and-trashigangcontinuing-/153035549820324/