Jump to content

གཞུང་སྒྲ། Zhungdra

Wikipedia ལས།
གཞུང་སྒྲ། Photo@Bhutan Tours

ངོ་སྤྲོད།

[ཞུན་དག]

ང་བཅས་རའི་རྒྱལ་ཁབ་ནང་ལུ་གཞུང་སྒྲ་ཟེར་བའི་མིང་འགོ་དང་པ་ ནམ་ལས་བྱུང་བྱུངམ་ཨིན་ན་ཟེར་བ་ཅིན་ རྒྱལ་ཁབ་ཀྱི་ལོ་རྒྱུས་དང་རྣམ་ཐར་ཚུ་ནང་ལུ་ཁ་གསལ་སྦེ་བཀོད་དེ་མེད་རུང་ ང་བཅས་རའི་དཔལ་ལྡན་འབྲུག་པའི་བསྟན་པའི་མངའ་བདག་མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ཞབས་དྲུང་རིན་པོ་ཆེ་མཆོག་གིས་ དུས་རབས་ ༡༧ པ་ནང་ལུ་བོད་ཀྱི་དཔུང་དམག་ལས་རྒྱལ་ཁ་ཐོབ་སྟེ་ ཞབས་དྲུང་རིན་པོ་ཆེ་ལུ་དམག་ལས་རྒྱལ་ཁ་ཐོབ་ནི་ནང་ལུ་རྒྱབ་སྐྱོར་མཛད་མི་ འབྲུག་གི་ཆོས་སྐྱོང་དཔལ་ཡེ་ཤེས་མགོན་པོ་དང་དཔལ་ལྡན་ལྷ་མོ་ལུ་ གུས་བཏུད་ཀྱི་ཐོག་ལས་རྗེས་དྲན་བརྩི་སྲུང་གི་དོན་ལུ་འགོ་དང་པ་ཐོན་ཡོདཔ་སྦེ་ཨིན་མས། (ཕྲིན་ལས་བཟང་མོ། གནམ་ལོ་མེད། སྤྱི་ལོ་ ༢༠༡༦)

དོ་རུང་སྤྱི་ལོ་ ༢༠༢༡ ནང་ལུ་བྲིས་མི་མི་སྡེ་བརྡ་བརྒྱུད་ཕེསི་བྷུག་གི་ནང་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ལུ་ གཞུང་སྒྲ་འཐོན་ནི་འདི་འགོ་ཐོག་ར་ སྤྱི་ལོ་ ༡༦༡༦ ལུ་ཞབས་དྲུང་རིན་པོ་ཆེ་བོད་ལས་བྱོན་ཏེ་ འབྲུག་རྒྱལ་ཁབ་ནང་ལུ་ཕེབས་ཏེ་ཐིམ་ཕུ་སྤང་རི་ཟམ་པ་ལུ་ ཝང་ཅང་དང་ དཀར་སྦིས་སའི་མི་སེར་ཚུ་གིས་ ཞབས་དྲུང་རིན་པོ་ཆེ་མཆོག་ལུ་གླུའི་མཆོད་པ་སྦེ་གཞུང་སྒྲ་ མཚན་ལྡན་ཚོགས་པའི་ཚོགས་ལུགས་ཚུ་ཕུལ་ཡོདཔ་མ་ཚད་ དེ་ལས་ང་བཅས་རའི་རྒྱལ་ཁབ་ནང་ལུ་དགའ་སྟོན་རྟེན་འབྲེལ་ཚུ་བརྩི་སྲུང་ཞུ་ས་ལུ་ གཞུང་སྒྲ་ཚུ་འཐེན་པའི་ལུགས་སྲོལ་བཟང་པོ་སྡོད་ཡོདཔ་ཨིན་མས། འབྲུག་རྒྱལ་ཁབ་ནང་ལུ་ཆོས་སྲིད་ལུགས་གཉིས་ཀྱི་གཞུང་འགོ་དང་པ་དབུ་བརྙེས་པའི་སྐབས་ལུ་ དགའ་སྟོན་རྟེན་འབྲེལ་སྦོམ་སྦེ་བརྩི་སྲུང་མཛད་བའི་སྐབས་ལུ་ གཞུང་གི་ཆེ་མཐོའི་ལྷན་རྒྱས་ཆ་མཉམ་འཛོམས་པའི་སྦུག་ལུ་ཡང་ གཞུང་སྒྲ་ཚུ་གོང་མ་ཚུ་ཐུགས་མཉེས་པའི་དོན་ལུ་ གླུ་གར་གྱི་མཆོད་པ་ཕུལ་ཏེ་དར་ཁྱབ་སོང་ཡོདཔ་ཨིན། གཞུང་སྒྲའི་གླུ་གཞས་ཚུ་གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་འཛོམས་ཏེ་དགའ་སྟོན་དང་རྟེན་འབྲེལ་བརྩི་སྲུང་ཞུ་ས་རྐྱངམ་གཅིག་མེན་པར་ བླམ་དང་སློབ་དཔོན་དང་དགེ་འདུན་འདུས་པའི་སྡེ་ཚུ་གིས་གསུང་ཆོག་གསན་ལུ་ཡང་གླུའི་མཆོད་པ་ནང་ལུ་ གཞུང་སྒྲ་འཐེན་ཏེ་ཕུལ་སྲོལ་ཡོདཔ་ཨིན། སླབ་སྲོལ་གཅིག་ལས་ གཞུང་སྒྲ་ཟེར་མིང་གནས་དར་ཁྱབ་སོང་དགོ་པའི་རྒྱུ་མཚན་འདི་ གླུ་འདི་འགོ་དང་པ་གཞུང་ལྟེ་བ་ལས་སྦེ་ རིམ་པ་བཞིན་དུ་དར་ཁྱབ་སོང་ཡོདཔ་ལས་གླུ་འདི་གི་མིང་ཡང་གཞུང་སྒྲ་ཟེར་སླབ་ཨིནམ་མ་ཚད་ དེ་ལས་ལ་ལུ་གཅིག་གིས་ཞབས་ཁྲའི་གྲས་ལས་གཙོ་བོ་ཅིག་གཞུང་སྒྲ་འདི་འབདཝ་ལས་ གཞུང་སྒྲ་ཟེར་སླབ་ཨིན་པའི་ལོ་རྒྱུས་ཚུ་ཡང་འདུག།

གཞུང་སྒྲའི་བྱུང་རབས།

[ཞུན་དག]

འབྲུག་རྒྱལ་ཁབ་ནང་ གཞུང་སྒྲ་ཟེར་བའི་མིང་གི་ཐ་སྙད་ འགོ་དང་པ་ནམ་ལས་བྱུང་བྱུངམ་ཨིན་ན་གི་སྐོར་ལས་ རྒྱལ་རབས་དང་ལོ་རྒྱུས་ཚུ་ནང་ཁ་གསལ་སྦེ་མ་ཚུད་དེ་འབད་རུང་ ཕ་མ་རྒན་རབས་ཚུ་གི་ངག་རྒྱུན་དང་ གནའ་གཏམ་ཚུ་ལུ་དཔྱད་དེ་ལྟཝ་ད་ དཔལ་ལྡན་འབྲུག་པའི་བསྟན་པའི་བདག་པོ་ དཔལ་ཞབས་དྲུང་རིན་པོ་ཆེ་མཆོག་སྤྱི་ལོ་ ༡༦༡༦ ལོ་ལུ་ཆིབས་ཁ་ལྷོ་ལུ་བསྒོར་ཏེ་ རིམ་གྱིས་ཐིམ་ཕུག་སྤང་རི་ཟམ་པར་ཕེབས་ཏེ་བཞུགསཔ་ད་ ཝང་དང་ཅང་དཀར་སྦྱིསཔ་དེ་ལས་སྟོད་ཝང་དང་སྨད་ཝང་ལ་སོགས་པའི་མི་སེར་ཚུ་དང་ རྟ་མགོ་དང་ཅང་སྒང་ཁའི་བླ་སློབ་ཚུ་ག་ར་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ཞབས་དྲུང་རིན་པོ་ཆེའི་སྐུ་མདུན་ལུ་བཅར་ཏེ་ ཐུགས་མཉེས་བཅུག་ནིའི་དོན་ལུ་འགོ་ཐོག་ཞབས་ཁྲ་འདི་ གཞུང་སྒྲ་དང་ཝང་གཞས་ཚུ་ཕུལ་ཡོད་པའི་ལོ་རྒྱུས་རྒན་ཤོས་ཚུ་གྱིས་བཤད་ནི་ཡོདཔ་མ་ཚད་ དེའི་སྐབས་ལུ་འགོ་ཐོག་གཞུང་སྒྲ་ཡང་མཚན་ལྡན་ཚོགས་པའི་ཚོགས་ལུགས་ཕུལ་ཡོདཔ་ཨིན་པས།

གཞུང་སྒྲ་གི་ཚིག་ཚུ་ སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་མཛད་གནང་བའི་གསུང་བྱིན་རླབས་ཅན་དང་བརྗོད་དོན་ཡང་ ཆོས་དང་ལམ་སྲོལ་རྒྱལ་རབས་ གཞན་ཡང་རྫོང་གཞི་དང་ལྷ་ཁང་དང་གནས་བཤད་ དེ་ལས་ཡུལ་གོང་མ་ཚུ་གི་བསྟོད་པ་ཙང་ཙང་ཨིན་པའི་ཁར་གདངས་དབྱངས་ཡང་རིངམོ་སྦེ་ དབུས་ཞན་པ་ཆུ་རླུང་དལ་གྱིས་འབབ་དོ་བཟུམ་འཐེནམ་ཨིན་པས།

གཞུང་སྒྲ་ཕུལ་བའི་སྐབས་ལུ་གྱལ་ཡང་བླ་མ་དང་དཔོན་ ཡུལ་གོང་མ་ཚུ་ལུ་གདོང་བསྒོར་ཏེ་ ལུས་གུས་ཞབས་དང་བཅས་པའི་ རྣམ་འགྱུར་གྱི་སྒོ་ལས་ག་ནི་བ་འཇའ་ཆི་ཆི་སྦེ་ཕུལ་སྲོལ་ཡོདཔ་ཨིནམ་ལས་ གཞུང་སྒྲ་འདི་ང་བཅས་རའི་རྒྱལ་ཁབ་རང་དབང་རང་བཙན་གྱི་ངོ་རྟགས་ངོ་མ་ཅིག་སྟོན་ཚུགས་པའི་གླུ་གཞས་དམིགས་བསལ་ཅན་ཅིག་ཨིན།

དར་ཁྱབ་ཆེ་དྲགས།

[ཞུན་དག]

གཞུང་སྒྲ་འདི་ཧེ་མ་འབད་བ་ཅིན་རྒྱལ་ས་ལྟེ་བ་ཐེད་ཐིམ་གཉིས་དང་ དབང་འདུས་དང་སྤ་རོ་དེ་ལས་ཀྲོང་གསར་དང་བུམ་ཐང་གི་རྫོང་གཞི་ཚུ་ནང་རྐྱངམ་གཅིག་ དར་ཁྱབ་ཆེ་དྲགས་སྦེ་མཇལ་ཁ་གནང་སྲོལ་ཡོདཔ་ཨིན་རུང་ ད་རེས་ནངས་པ་རྒྱལ་ཁབ་ཀྱི་གོང་འཕེལ་གྱི་འགྱུར་བ་དང་བསྟུན་ཏེ་ རྫོང་ཁག་ཆ་མཉམ་ནང་ར་གཞུང་སྒྲ་འཐེན་སྲོལ་འདི་ དར་ཁྱབ་སྦོམ་སྦེ་སོང་སྟེ་ཡོདཔ་མ་ཚད་གྲོང་གསེབ་ཀྱི་གཡུས་སྒོ་ཚུ་ནང་ལུ་ཡང་ དུས་མཆོད་འབུམ་སྡེ་དང་ ཚེས་བཅུ་རབ་གནས་དེ་ལས་དགའ་སྟོན་རྟེན་འབྲེལ་བརྩི་སྲུང་ཞུ་ས་ལུ་ གཞུང་སྒྲའི་གླུ་གཞས་ཀྱི་རིགས་ཚུ་དར་ཁྱབ་ཆེ་སྦོམ་སོང་སྟེ་ཡོདཔ་ཨིན། (བསྡུ་སྒྲིག་སྣ་ཚོགས། གནམ་ལོ་མེད། སྤྱི་ལོ་ ༢༠༢༡)

དེ་བཟུམ་སྦེ་མི་སྡེ་བརྡ་བརྒྱུད་ཕེསི་བྷུག་ནང་ལུ་ སྐལ་བཟང་དབང་ཕྱུག་གིས་གཞུང་སྒྲའི་ཚིག་ཚུ་ བླམ་རྩ་ཅན་དང་སྤྲུལ་སྐུ་ཚུ་གིས་ཆོས་དང་འབྲེལ་བའི་གནད་དོན་ཚུ་གི་ཐགོ་ལས་ བརྩམས་གནང་ཡོད་ནི་དེ་གིས་བྱིན་བརླབས་ཅན་གྱི་གླུ་གཞས་ཅིག་ཨིནམ་མ་ཚད་ གླུ་གཞས་མཁས་པ་ཚུ་གིས་གདངས་དབྱངས་ཡང་རིངམོ་སྦེ་འཐེན་སྲོལ་ཡོད་པའི་ཁར་ གཞུང་སྒྲའི་ལེའུ་ཚུ་ཡང་རྐྱང་གྲལ་དང་གདངས་རིངམོ་སྦེ་བཅད་ཞིནམ་ལས་ ལགཔ་མཐུད་དེ་གདོང་འདི་སྐུ་མགྲོན་གཙོ་བོ་དང་སྐུ་མགྲོན་ཚུ་ཁ་ཐུག་འགོར་ཏེ་རྐྱབ་སྲོལ་ཡོདཔ་ཨིན། གཞུང་སྒྲ་འདི་རྫོང་ཁག་ཚུ་ལས་ སྤུ་ན་ཁ་དང་དབང་འདུས། སྤ་རོ་ དང་ཐིམ་ཕུ་དང་དེ་ལས་ཀྲོང་གསར་དང་བུམ་ཐང་ཚུ་ནང་ མང་སུ་ཅིག་སྦེ་བརྩི་སྲུང་ཞུ་སྲོལ་ཡོདཔ་ཨིན། ཁེངས་བསོད་ནམས་རྡོ་རྗེ་གིས་སླབ་མིའི་ནང་ གཞུང་སྒྲ་དེ་ཚུ་ བྱིན་རླབས་ཅན་གྱི་ཞབས་ཁྲ་ཨིནམ་དང་ དེ་ཡང་གཞུང་སྒྲ་ངོ་མ་ ༡༣ དེ་ཅིག་ཡོད་ཟེར་ཨིནམ་ལས་དེ་ཚུ་ཡང་ སྤུ་ན་ཁ་སྒྲུབ་མཆོད་ཀྱི་སྐབས་ལུ་སྐུ་འཆམ་དང་གཅིག་ཁར་རྐྱངམ་གཅིག་འཐེན་སྲོལ་སྡོད་ནུག་ཟེར་ཨིན་པས།

གཞུང་སྒྲ་འདི་འགོ་ཐོག་བོད་དམག་ལས་རྒྱལ་ཁ་ཐོབ་པའི་དགའ་སྟོན་རྟེན་འབྲེལ་བརྩི་སྲུང་གི་དོན་ལུ་ འགོ་དང་པ་དུས་རབས་ ༡༧ པའི་ནང་འཐེན་ཞིནམ་ལས་ འབྲུག་རྒྱལ་ ༢ པའི་སྐབས་ལུ་དར་ཁྱབ་སོང་ཡོདཔ་ལས་སྤུ་ན་ཁ་སྒྲུབ་མཆོད་སྐབས་ལུ་རྐྱངམ་གཅགི་མ་གཏོགས་ གཞན་ཁར་རྐྱབ་མ་ཆོག་པའི་བཀག་ཆ་འབད་མི་དེ་ཡང་ཤུལ་ལས་ མི་དབང་འབྲུག་རྒྱལ་ ༣ པའི་སྐབས་ལུ་དགའ་སྟོན་རྟེན་འབྲེལ་གཞན་ཚུ་ནང་ཡང་འཐེན་ཆོགཔ་སྦེ་བཟོ་གནང་ཡོདཔ་ཨིན་པས།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ། 

[ཞུན་དག]

༡. ཕྲིན་ལས་བཟང་མོ། གཞུང་སྒྲ་ཉམས་སྲུང་། གནམ་ལོ་མེད། སྤྱི་ལོ་ ༢༠༡༦། ཡོངས་འབྲེལ་ཁ་བྱང་། https://kuenselonline.com/preserving-zhungdra/

༢. བསྡུ་སྒྲིག་སྣ་ཚོགས། གཞུང་སྒྲའི་རྒྱབ་ཁུངས། གནམ་ལོ་མེད། སྤྱི་ལོ་ ༢༠༢༡། ཡོངས་འབྲེལ་ཁ་བྱང་། https://www.facebook.com/103284085041145/posts/118162696886617/

"https://dz.wikipedia.org/w/index.php?title=གཞུང་སྒྲ།_Zhungdra&oldid=32337" ལས་ སླར་འདྲེན་འབད་ཡོདཔ།