གཞུང༌གྲྭ༌ཚང༌། Zhungdratshang
ངོ་སྤྲོད།
[ཞུན་དག]འཛམ་གླིང་ནང་ལུ་འབྲུག་རྒྱལ་ཁབ་འདི་ཧེ་མ་དུས་རབས་ ༧ པའི་ནང་ལས་ནང་པ་གསང་སྔགས་ཀྱི་བསྟན་པ་དར་ཏེ་ཡོད་མི་འདི་ དུས་ད་ལྟོ་ཡང་མ་ཉམས་པར་ཡོད་མི་རྒྱལ་ཁབ་མཇུག་ཅིག་ཨིན་མས། འབྲུག་གི་ལམ་སྲོལ་དང་སྔར་སྲོལ། གོམས་འདྲིས་དང་རྒྱལ་རབས། དེ་ལས་ས་ཆའི་ཆགས་ལུགས་ཚུ་ལུ་ནང་པའི་ཆོས་ཀྱི་ཤན་ཞུགས་ཡོདཔ་ཨིན། དེ་སྦེ་འོང་དགོ་མི་དེ་ཡང་འབྲུག་རྒྱལ་ཁབ་ཀྱི་བདག་པོ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ སྤྱི་ལོ་ ༡༦༢༠ ལུ་གཞུང་གྲྭ་ཚང་འདི་གཞི་བཙུགས་མཛད་གནང་མི་ལུ་བརྟེན་ཏེ་བྱུང་ཡོདཔ་ཨིན་པའི་ཁར་ རྒྱལ་ཁབ་ཀྱི་གཅིག་སྒྱུར། ཁྲིམས་ཀྱི་སྒྲིག་ལུགས། དེ་ལས་གོ་རིམ་ཅན་གྱི་ཡར་རྒྱས་གོང་འཕེལ་གྱི་ཆོས་སྲིད་གཉིས་ལྡན་གྱི་གཞུང་སྐྱོང་ལམ་ལུགས་དང་གལ་གནད་ཅན་གྱི་གཙུག་སྡེ་འདི་གཞི་བཙུགས་འབད་བའི་ཤུལ་ལས་བྱུང་ཡོདཔ་ཨིན།
གཞི་བཙུགས།
[ཞུན་དག]འབྲུག་རྒྱལ་ཁབ་ནང་ལུ་དུས་རབས་ ༩ པ་ལས་ ༡༧ གྱི་བར་ན་ནང་པའི་མཁས་པ་དང་བླམ་ལེ་ཤ་གྱངས་ཁ་མེད་བྱོན་ཡོད་དེ་འབད་རུང་ ཁོང་ཆ་ཁྱབ་ག་གིས་ཡང་ང་བཅས་རའི་རྒྱལ་ཁབ་ནང་ལུ་དེ་བཟུམ་ལུགས་མཐུན་གྱི་དགོན་སྡེ་གྲྭ་ཚང་ཡངན་ དགེ་སློང་གི་སྡེ་གཅིག་ཡང་གཞི་བཙུགས་མཛད་མ་ཚུགསཔ་ཨིན་མས། དེ་བསྒང་རྟ་མགོ་ལུ་བདག་སྐྱོང་གི་གཞི་མ་བཟུམ་ཅིག་སྦེ་དགེ་སློང་གི་སྡེ་འགོ་ཐོག་བཙུགས་གནང་མི་འདི་ བླམ་ཞབས་དྲུང་ངག་དབང་རྣམ་རྒྱལ་ཨིནམ་མ་ཚད་ ཤུལ་ལས་སྤྱི་ལོ་ ༡༦༣༧ ལུ་དགེ་སློང་གིཡིག་ཚང་ལྟེ་བ་དང་གཙུག་སྡེ་གཙུག་སྡཻ་གཞི་བཙུགས་འབད་མི་འདི་ ཤུལ་ལས་འཕགས་པའི་དགེ་འདུན་གྱི་གནམ་དགུན་གྱི་བཞུགས་གནས་སྦེ་ལག་ལེན་འཐབ་མི་ སྤུ་ན་ཁ་གི་རྫོང་ནང་ལུ་སྤོ་བཤུད་འབད་ཡོདཔ་ཨིན་མས། ཐིམ་ཕུག་བཀྲིས་ཆོས་རྫོང་འདི་འཕགས་པའི་དགེ་འདུན་གྱི་གནམ་བྱཱར་གྱི་བཞུགས་གནས་སྦེ་ལག་ལེན་འཐབ་ཨིན། ད་ལྟོ་གཞུང་གྲྭ་ཚང་ནང་ལུ་དགེ་སློང་ ༣༣༧༣ དང་ཨ་ཎེམ་ ༢༧༥ དང་སྒོམ་ཆེན་ ༤༦༡ ཐོ་བཀོད་འབད་དེ་ཡོདཔ་ཨིན་མས། འབྲུག་གི་རྩ་ཁྲིམས་ཆེན་མོ་དང་འཁྲིལཝ་ད་གཞུང་གྲྭ་ཚང་འདི་འབྲུག་གཞུང་གི་གནང་བྱིན་ཐོག་ལས་ འཛིན་སྐྱོང་འབད་དགོ་པའི་རང་དབང་གི་གཙུག་སྡེ་ཅིག་ཨིན།
འ་ནཱི་གཙུག་སྡེ་གི་དབུ་ཁྲིདཔ་དང་གཙོ་འཛིན་འདི་ཆོས་ཀྱི་དབུ་ཁྲིད་དམ་པ་སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་འདི་ཨིན། ད་ལྟོ་ཁྲི་ཐོག་ཁར་བཞུགས་ཏེ་ཡོད་མི་རྗེ་མཁན་རབས་ ༧༠ པ་འདི་ངག་དབང་འཇིགས་མེད་ཆོས་ཀྱི་གྲགས་ཨིནམ་དང་ སྐྱབས་རྗེ་མཆོག་སྤྱི་ལོ་ ༡༩༩༦ ལུ་དཔལ་ལྡན་འབྲུག་གི་ཆོས་ཀྱི་དབུ་ཁྲིད་དམ་པ་སྦེ་རྗེ་མཁན་གྱི་ཁྲི་ཐོག་བྱོན་ཡོདཔ་ཨིན་མས། འབྲུག་རྒྱལ་ཁབ་ཀྱི་སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་འདི་མཁས་གྲུབ་ཀྱི་སློབ་དཔོན་ལྷན་རྒྱས་ལྔ་གི་རྒྱབ་སྐྱོར་འབད་དགོཔ་ཨིནམ་དང་ སློབ་དཔོན་ལྔཔོ་འདི་ཡང་དགེ་འདུན་གྱི་ཚོགས་སྡེ་མཐོ་ཤོས་ཀྱི་འཐུས་མི་ཨིནམ་མ་ཚད་ ཁོང་ཆ་ཁྱབ་ཀྱི་གོ་གནས་ཡང་འབྲུག་གི་རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལ་ཏེ་ འབྲུག་གཞུང་གི་བློན་པོ་ལྷན་རྒྱས་དང་འདྲན་འདྲ་སྦེ་གནང་ཡོདཔ་ཨིན། སློབ་དཔོན་ལྔ་པོ་དེ་ཡང་རྡོ་རྗེ་སློབ་དཔོན། ཡོན་ཏན་སློབ་དཔོན། གཙུག་ལག་སློབ་དཔོན། ཚོགས་ཀྱི་སློབ་དཔོན་དང་དེ་ལས་ཚོགས་སློབ་དཔོན་ཚུ་རྩིས་ཏེ་ལྔ་ཨིན་མས། རྡོ་རྗེ་སློབ་དཔོན་འདི་ཁོང་སློབ་དཔོན་ལྔ་གི་གཙོ་འཛིན་ཨིནམ་ལས་ ཤུལ་ལས་སྐྱབས་རྗེ་རྡོ་རྗེ་འཆང་གི་ཁྲི་ཐོག་ཁ་ལུ་བྱོན་སྲོལ་ཡོདཔ་ཨིན་མས། དེ་ལས་ཁོང་སློབ་དཔོན་ལྔ་གི་འོག་ལས་ཆོས་དང་འབྲེལ་བའི་ཕྱག་ལཱ་མཛད་མི་ གཞུང་སྐྱོང་གི་བློན་པོ་འོག་མའི་གོ་གནས་དང་འདྲན་འདྲ་འབད་མི་སློབ་དཔོན་བརྒྱད་ཡོདཔ་ཨིན་མས། ཁོང་སློབ་དཔོན་བརྒྱདཔོ་དེ་ཡང་ གཟིམ་དཔོན་གཉིས། དགེ་ཚོགས་སློབ་དཔོན་གཉིས་དང་དོ་དམ་བཞི་རྩིས་ཏེ་བརྒྱད་ཡོདཔ་ཨིན་མས། བློན་པོའི་གོ་གནས་དང་འདྲན་འདྲ་འབད་མི་སློབ་དཔོན་ལྔཔོ་འདི་ རྫོང་ཁག་གི་བླམ་གནས་བརྟན། གཙུག་སྡེའི་གཙོ་འཛིན། བདག་སྐྱོང་པ་དང་གྲྭ་ཚང་གི་རིམ་འགྲོ། མཎ་ཌལ། སྒྱུ་རྩལ། ཆོས་དབྱངས་སྣ་ཚོགས། འཆམ་པ་དང་རྩིས་དེ་ལས་ཡིག་ཚང་ཉི་ཤུ་རྩ་དགུ་གི་གྲྭ་ཚང་གི་འགན་འཛིན་པ་གཞོནམ་ཚུ་གིས་རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་མས།
དེ་བསྒང་ང་བཅས་རའི་འབྲུག་གི་རྒྱལ་ཁབ་ནང་ལུ་ལོ་ངོ་བརྒྱ་ཕྲག་གི་རིང་ལུ་ གཞུང་གྲྭ་ཚང་འདི་ཤེས་ཡོན་སྦྱང་སའི་ས་གོ་གཅིག་རྐྱངམ་གཅིག་སྦེ་སྡོད་ནུག། གྲྭ་ཚང་ནང་ལུ་དགེ་སློང་དང་ཨ་ནེམོ་གིས་དཔེ་ཆ་འདི་ཆོས་སྐད་དང་རྫོང་ཁའི་སྐད་ཡིག་ནང་ལུ་སྦྱང་དོ་ཡོདཔ་མ་ཚད་ དེ་ཁར་གཙོ་བོ་ར་དམ་པའི་ཆོས་ཀྱི་སྙིང་པོ་ཐོས་བསམ་སྒོམ་གསུམ་འབད་དེ་ མི་ཚེ་དོན་དང་ལྡནམ་སྦེ་བཟོ་དོ་ཡོདཔ་ཨིན་མས། གྲྭ་ཚང་གི་ཤེས་ཡོན་ལས་རིམ་འདི་དབྱེ་བ་ཁག་གསུམ་ལུ་ཕྱེ་སྟེ་ཡོད་མི་དེ་ཡང་ གཞི་རིམ། འབྲིང་རིམ་དང་མཐོ་རིམ་གྱི་དབྱེ་བ་གསུམ་འདི་ཨིན་མས། གཞི་རིམ་གྱི་དབྱེ་བ་ནང་ལུ་གསལ་བྱེད་ལྷབ་སྦྱང་ལས་འགོ་བཙུགས་ཏེ་ ཡིག་སྡེབ། ལྷག་ནི་དང་བློ་ལུ་གཟུང་ནི་ཚུ་ཨིན་ཚུདཔ་ཨིན་མས། དེ་ལས་སློབ་ཕྲུག་ཚུ་གིས་ལག་རྩལ་དཔེར་ན་ ལྷ་བྲིས། འཇིམ་བཟོ། ཤིང་བཟོ་ལ་སོགས་པ་ཚུ་དང་ཨིང་ལིཤ་གི་ཆོས་ཚན་ཚུ་ཡང་སྦྱང་བ་འབད་ནི་གི་གོ་སྐབས་ཚུ་བྱིན་དོ་ཡོདཔ་ཨིན་མས། དེ་ལས་གཞི་རིམ་གྱི་དབྱེ་ཁག་འདི་ལེགས་ཤོམ་སྦེ་མཐར་འཁྱོལ་ཏེ་ འབྲིང་རིམ་གྱི་དབྱེ་ཁག་གཉིས་པ་ནང་ལུ་ ནང་པའི་དཔེ་ཆ་དང་མཚན་ཉིད་ཀྱི་དཔེ་ཆ་ཚུ་ལེ་ཤ་སྦྱང་བ་འབད་དགོ་དོ་ཡོདཔ་མ་ཚད་རྩོད་པ་ཚུ་ཡང་མཐོ་རིམ་ནང་ལུ་ ནང་པའི་དཔེ་ཆ་ཟབ་མོ་ཚུ་ལུ་སྦྱང་ནི་འགོ་མ་བཙུགས་ཚུན་སྦྱང་དགོཔ་ཨིན་མས། དེ་ལས་དབྱེ་ཁག་གསུམ་པ་མཐོ་རིམ་གྱི་ནང་ལུ་ནང་པའི་གཞུང་ཆེན་པོད་ལྔ་དང་སྔགས་ཀྱི་ལུང་དང་ཁྲིད་ཚུ་ལུ་ཐོས་བསམ་འབདཝ་ཨིན་མས། གཞུང་གྲྭ་ཚང་གི་ཤེས་ཡོན་འདི་གིས་འབྲུག་རྒྱལ་ཁབ་ནང་ལུ་ སྤྱི་ལོ་ ༡༩༠༧ ལུ་རྒྱལ་བརྒྱུད་ཀྱི་ལམ་ལུགས་འགོ་མ་བཙུགས་ཚུན་ཚོད་ རྒྱལ་ཁབ་ལུ་གནམ་མེད་ས་མེད་ཕྱག་ཞུ་སྟེ་ཡོདཔ་ཨིན། (མགོནམ་རྡོ་རྗེ། གནམ་ལོ་མེད། སྤྱི་ལོ་ ༢༠༢༣)
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་ཐོ།
[ཞུན་དག]༡. མགོནམ་རྡོ་རྗེ། གནམ་ལོ་མེད། སྤྱི་ལོ་ ༢༠༢༣། འབྲུག་གི་དུས་དེབ།