Jump to content

གསེར་ལུང་པད་དཀར་ཆོས་གླིང་དགོན་འཛིན་གྲྭ་ཚང་།

Wikipedia ལས།
གསེར་ལུང་དགོན་པའི་ལྷ་ཁང་རྙིངམ།
གསེར་ལུང་དགོན་འཛིན་གྲྭ་ཚང་། ཚོགས་ཁང་ཆེན་མོ།
དགའ་བ
གསེར་ལུང་དགོན་འཛིན། དགུན་གྱི་མཐོང་སྣང་།
གསེར་ལུང་དགོན་པ། ཞབས་དྲུང་ངག་དབང་རྣམ་རྒྱལ་ལ་ན་མོ།

གྲྭ་ཚང་གི་ངོ་སྤྲོད།

[ཞུན་དག]

གསེར་ལུང་པད་དཀར་ཆོས་གླིང་དགོན་འཛིན་གྲྭ་ཚང་འདི་ སྤ་རོ་རྫོང་ཁག་ རྡོ་དཀར་རྒེད་འོག་ ས་ལི་སྤྱི་འོག་ནང་ཆགས་འདི་མི་ལོ་ ༦༠༠ དེ་ཅིག་སོང་ཡོདཔ་ཨིན། གསེར་ལུང་དགོན་པའི་གྲྭ་ཚང་འདི་སྤྱི་ལོ་༢༠༡༨ ལུ་དགོན་འཛིན་གྲྭ་ཚང་སྦེ་གཞི་བཙུགས་འབད་ཡོདཔ་ཨིན་མས།[] སྤྱི་ལོ་ ༢༠༢༣ ལུ་༧སྐྱབས་རྗེ་རིན་པོ་ཆེ་ཞབས་ནས་གྲྭ་ཚང་གི་མཚན་ལོག་ དགོན་འཛིན་འདུས་སྡེ་ལུང་རྟོགས་ཆོས་གླིང་ཟེར་བསྒྱུར་བཅོས་མཛད་གནང་ཡོདཔ་ཨིན། []

དགོན་པ་དེ་ཡང་སྤྱི་ལོ་ ༢༠༡༨ ལས་མགོ་བཟུང་ དཔག་བསམ་ཁ་ཨྱོན་རྡོ་རྗེ་ཆོས་འཁོར་གླིང་སློབ་གྲྭ་འདི་ རྗེ་མཁན་ཁྲི་རབས་བདུན་བཅུ་པའི་ཐུགས་དགོངས་ལས་འཁྲུངས་པའི་དགོན་འཛིན་གྲྭ་ཚང་སྦེ་མགོ་བཙུགས་ཞིནམ་ལས། གསེར་ལུང་པད་དཀར་ཆོས་གླིང་འདི་ཡང་ སློབ་གྲྭ་དེའི་གནམ་བྱཱར་གྱི་བཞུགས་གནས་སྦེ་ཆ་འཇོག་མཛད་ཡོད། གྲྭ་ཚང་དེ་སྔོན་མ་ལྷ་ཁང་ཆུང་ཀུ་ཅིག་ལས་མེདཔ་ཨིན་རུང་ གྲྭ་ཚང་དེའི་བཞུགས་གནས་སྦེ་སྒྲུབ་ཞིནམ་ལས་ཚུར་ གྲྭ་ཚང་དེའི་སྦྱིན་བདག་ གཙོ་བོ་མཁན་པོ་ཀརྨ་བློ་གྲོས་དང་ཚོགས་ཀྱི་སློབ་དཔོན་མཁན་སངས་རྒྱས་མཁའ་འགྲོ་རྣམ་གཉིས་ཀྱིས་ སྦྱིན་བདག་མཛད། ནང་གི་་ཕྱག་ལཱ་དང་འཛིན་སྐྱོང་གཙོ་བོ་ དབུ་འཛིན་བགྲེསཔ་ཀུན་བཟང་སྟོབས་རྒྱས་རྣམ་རྒྱལ་གྱིས་མཛད་འདི་ ས་གནས་སྐྱིད་ཐང་ཀ་ལུ་ཚོགས་ཁང་ཆེན་པོ་དེ་ཡང་དེ་སྦེ་གྲུབ་ཡོདཔ་ཨིན།[]

གཡུས་ཚན་དེ་ ཕྱི་མཐའ་འཁོར་ཚུ་ག་ར་གངས་རི་གིས་བསྐོར། ནང་ལྷ་ཤིང་ཤུགས་པ་གིས་གང་། བར་ན་ བྱ་དང་བྱི་ཅུང་གི་སྐད་དང་། བདུད༌རྩིའི༌ཆུ༌རྒྱུན་མ་ཆད་པར་ རིམ་གྱིས༌འབབས་ཏེ་ རི༌དྭགས༌སེམས་ཅན་ཚུ་ཡང་ གཅིག་གིས་གཅིག་ལུ་བྱམས་པ་དང་བརྩེ་བའི་སྒོ་ལས་ བག་འཕེབས་ཏོག་ཏོ་སྦེ་འཁྱམས། འདི་ཁར་ གཞི་ཆགས་ཏེ་སྡོད་མི་ འགྲོ་བ་མི་ཚུ་ཡང་ སེམས་དམ་པའི་ཆོས་ཀྱིས་བཏུལ་ཏེ་ ལུས་དགེ་བ་བཅུ་དང་མཐུན་པའི་ལཱ་ལུ་བརྩོན་ ཕྱིའི་བྱ་སྤྱོད་དང་ ནང་སེམས་ཁམས་གཉིས་ཆ་ར་ ལྷ་དང་ལྷ་མོ་དངོས་སུ་ཨིན་པའི་ འཚོར་བ་བྱིན་ཚུགས་པའི་ མི་ངོམ་ཙང་ཙ་འཛོམས་ཏེ་འདུག།[]

གཡུས་ཚན་དེ་ འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་། ཨོ་རྒྱན་གུ་རུ་རིན་པོ་ཆེའི་སྦས་གནས། དཀར་བརྒྱུད་ཀྱི་བླམ་ཚུ་གིས་ བསྟན་པ་དང་སེམས་ཅན་གྱི་འགྲོ་དོན་རྒྱ་སྦོམ་སྦེ་མཛད་ས་དང་། དེ་ལས་ དབེན་པའི་ཡོན་ཏན་ཚུ་ག་ར་ཚངམ་སྦེ་ཡོད་པའི་ས་གནས་ཅིག་ཨིན་པ་གི་མ་ཚད། སྔོན་མཁས་གྲུབ་ཀྱི་བླ་མ་ལེ་ཤ་ཅིག་བྱོན་ཏེ་ དྲན་པ་ཙམ་གྱིས་ངན་སོང་གསུམ་ལས་འགྲོལ་ཚུགས་པའི་ ལུང་དང་རྟོགས་པའི་ཆོས་དང་། རེག་པ་ཙམ་གྱིས་བྱང་ཆུབ་ཀྱི་གོ་འཕང་འཐོབ་ཚུགས་པའི་ བྱིན་ཅན་གྱི་ལྷ་ཁང་དགོན་སྡེ་ལེ་ཤ་ཅིག་ ཕྱག་བཏབ་གནང་སྟེ་འདུག

སློབ་ཚན།

[ཞུན་དག]
ཀུན་ཤེས་རིག་གནས་འཛིན་གྲྭ་འོག་མ་ལོ་ངོ་དང་པ།
ནང་དོན་རིག་པ། བསྒོམ་རིམ། སྒྲ་རིག་པ། ཚད་མ་རིག་པ།
མཁས་འཇུག དལ་འབྱོར་རྙེད་དཀའ། སུམ་ཅུ་པ་སླར་བསྡུ་ཡན། རིགས་ལམ་ཆུང་བ་བསྡུས་གྲྭ།
འཆི་བ་མི་རྟག་པ། རིགས་ལམ་འབྲིང་བློ་རིག
རིགས་ལམ་ཆེ་བ་རྟགས་རིགས


ཀུན་ཤེས་རིག་གནས་འཛིན་གྲྭ་འོག་མ་ལོ་ངོ་གཉིས་པ།
ཚད་མ་རིག་པ། བསྒོམ་རིམ། སྒྲ་རིག་པ། ལོ་རྒྱུས་རིག་པ།
རིག་གཏེར། འཁོར་བའི་ཉེས་དམིགས། སུམ་ཅུ་ལ་དོན་ནས་ཕྲད་རང་དབང་ཅན་ཚུན། ལྷོའི་ཆོས་འབྱུང་ལེའུ་དྲུག་པ་ཚུན།
ལས་རྒྱུ་འབྲས།


ཀུན་ཤེས་རིག་གནས་འཛིན་གྲྭ་འོག་མ་ལོ་ངོ་གསུམ་པ།
ནང་དོན་རིག་པ། བསྒོམ་རིམ། སྒྲ་རིག་པ། ལོ་རྒྱུས་རིག་པ།
མངོན་པར་མཛོད། སྐྱབས་སེམས། སུམ་ཅུ་པ་ཕྲད་རང་དབང་ཅན་ནས་ཡོངས་རྫོགས། ལྷོའི་ཆོས་འབྱུང་ལེའུ་དྲུག་པ་ནས་བཅུ་པ་ཡན།


ཀུན་ཤེས་རིག་གནས་འཛིན་གྲྭ་འོག་མ་ལོ་ངོ་བཞི་པ།
ཚད་མ། བསྒོམ་རིམ། སྒྲ་རིག་པ། ལོ་རྒྱུས་རིག་པ།
ཚད་མ་རྣམ་འགྲེལ། རྡོར་སེམས། རྟགས་ཀྱི་འཇུག་པ་སྔོན་འཇུག་གི་འཇུག་པ་ཡན། ལྷོའི་ཆོས་འབྱུང་ལེའུ་བཅུ་གཅིག་པ་དང་བཅུ་གཉིས་པ།
ཀུན་ཤེས་རིག་གནས་འཛིན་གྲྭ་འོག་མ་ལོ་ངོ་ལྔ་པ།
ནང་དོན་རིག་པ། བསྒོམ་རིམ། སྒྲ་རིག་པ། ལོ་རྒྱུས་རིག་པ།
ཤེར་ཕྱིན་མངོན་རྟོགས་རྒྱན། མནྡལ། རྟགས་འཇུག་རྗེས་འཇུག་གི་འཇུག་པ་ནས་ཡོངས་རྫོགས། ལྷོའི་ཆོས་འབྱུང་ལེའུ་བཅུ་གསུམ་པ་ནས་ཡོངས་རྫོགས།
ལམ་རིམ་གྱི་འཁྲིད་དང་སྔོན་འགྲོ་བཞི་སྦྱོར་གྱི་བསྒོམ་བཟླས་ལོ་ངོ་གཅིག
ཐུན་མིན་ལམ་རིམ། ཐུན་མོང་ལམ་རིམ། བསྒོམ་རིམ་དང་པོ། བསྒོམ་རིམ་གཉིས་པ།
དྭགས་པོ་ཐར་རྒྱན། ལམ་མཆོག་རིན་ཆེན་ཕྲེང་བ། ཕྱག་ཆེན་སྔོན་འགྲོ། འཇམ་དཀར།
ཀུན་ཤེས་རིག་གནས་འཛིན་གྲྭ་གོང་མ་ལོ་ངོ་དང་པོ།
ནང་དོན་རིག་པ། བསྒོམ་རིམ། སྒྲ་རིག་པ། ལོ་རྒྱུས་རིག་པ།
སྤྱོད་འཇུག་དང་བཞི་བརྒྱ་པ། བླ་མའི་རྣལ་འབྱོར། སྙན་ངག་ལེའུ་བར་པ་སྲིད་པ་

ཅན་གྱི་རྒྱན་ཡན།

རྒྱལ་རབས་གསལ་བའི་སྒྲོན་མེ་ལས་

རྩ་བའི་ས་བཅད་དང་པོ་གཉིས།

ཀུན་ཤེས་རིག་གནས་འཛིན་གྲྭ་གོང་མ་ལོ་ངོ་གཉིས་པ།
ནང་དོན་རིག་པ། བསྒོམ་རིམ། སྒྲ་རིག་པ། ལོ་རྒྱུས་རིག་པ།
དབུ་མ་འཇུག་པ། ཚད་མེད་བཞི། སྙན་ངག་ལེའུ་བར་པ་བསྡུས་བརྗོད་

རྒྱན་ནས་ཡོངས་རྫོགས།

རྩ་བའི་ས་བཅད་གསུམ་པ་ནས་

སྡེ་སྲིད་ཁྲི་པ་ལྔ་པ་ཚུན།

དབུ་མ་གཞུང་གསུམ་

གསལ་བྱེད།

ཀུན་ཤེས་རིག་གནས་འཛིན་གྲྭ་གོང་མ་ལོ་ངོ་གསུམ་པ།
ནང་དོན་རིག་པ། བསྒཽམ་རིམ། སྒྲ་རིག་པ། ལོ་རྒྱུས་རིག་པ།
མདོ་སྡེ་རྒྱན། མི་སྡུག་པ་དང་དབུགས་འབྱུང་རྔུབ། སྙན་ངག་ལེའུ་གསུམ་པ། སྡེ་སྲིད་ཁྲི་རབས་ལྔ་པ་ནས་ཁྲི་རབས་ཉེར་གསུམ་པ་ཚུན།
སྡོམ་གསུམ་རྒྱན་ལེའུ་དང་པོ།
འབྱེད་རྣམ་གཉིས།
ཀུན་ཤེས་རིག་གནས་འཛིན་གྲྭ་གོང་མ་ལོ་ངོ་བཞི་པ།
ནང་དོན་རིག་པ། བསྒོམ་རིམ། སྒྲ་རིག་པ། ལོ་རྒྱུས་རིག་པ།
དབུ་མ་རྩ་བ་ཤེས་རབ། དྲན་པ་ཉེར་བཞག་བཞི། དཔྱད་རྩོམ་ཤོག་གྲངས་༢༥

ལས་མི་ཉུང་བ་བྲི་རྒྱུ།

སྡེ་སྲིད་ཁྲི་རབས་ཉེར་གསུམ་པ་ནས་ཡོངས་རྫོགས།
དབུ་མ་རྒྱན།
ཤེས་རབ་སྙིང་པོ།
སྡོམ་གསུམ་རྒྱན་ལེའུ་གཉིས་པ།
ཀུན་ཤེས་རིག་གནས་འཛིན་གྲྭ་གོང་མ་ལོ་ངོ་ལྔ་པ།
ནང་དོན་རིག་པ། བསྒོམ་རིམ། སྒྲ་རིག་པ། ལོ་རྒྱུས་རིག་པ།
སྡོམ་གསུམ་རྒྱན་ལེའུ་གསུམ་པ། བདག་མེད་ཀྱི་བསྒོམ་ཁྲིད། དཔྱད་རྩོམ་ཤོག་གྲངས་༣༠ ལས་མི་ཉུང་བ་བྲི་རྒྱུ། རྩ་བའི་ས་བཅད་ལྔ་པ་ཕྱིས་དར་རྒྱལ་རབས་ཀྱི་ལོ་རྒྱུས།
རྒྱུད་སྡེའི་སྤྱི་རྣམ་མཁས་པའི་ཡིད་འཕྲོག
རྒྱུད་བླ་མ།
                                                བློ་གསར་རིག་གནས་འཛིན་གྲྭ་དང་པོ།
ཡིག་གེ་མིང་ཚིག་བརྡ་སྤྲོད།      བློར་འཛིན།    སྐད་རིགས།   རོལ་དབྱངས།    ལུས་སྦྱོངས།
ཀ་ཁ་སྦྱོར་ཀློག་གི་སྐོར་། ཁ་ཐུན་ཞལ་འདོན་གྱི་སྐོར། ཕྱི་ནང་གི་ཡིག་གཟུགས།    རྒྱ་གླིང་། གཟུགས་ཁམས་འཕྲོད་བསྟོན།
                                                  བློ་གསར་རིགས་གནས་འཛིན་གྲྭ་གཉིས་པ།
      བློར་འཛིན།   ནང་དོན་རིག་པ།   སྒྲ་རིག་པ། སྐད་རིགས།   རོལ་དབྱངས། ཡིག་གཟུགས།   ལུས་སྦྱོངས།
ཁ་ཐུན་ཞལ་འདོན་གྱི་སྐོར། ཤེས་བྱ་གསལ་བྱེད་དེབ་དང་པོ། བྱིས་པ་དག་ཡིག དབྱིན་སྐད། རྒྱ་གྱིང་དང་དུང་།ལྷབ་གསང་གྱི་གདངས་དབྱངས། ཕྱི་ནང་གི་ཡིག་གཟུགས། གཟུགས་ཁམས་འཕྲོད་བསྟོན།
                                            བློ་གསར་རིག་གནས་འཛིན་གྲྭ་གསུམ་པ།
བློར་འཛིན། ནང་དོན་རིག་པ། སྒྲ་རིག་པ། སྐད་རིགས། རོལ་དབྱངས། ཡིག་གཟུགས། ལུས་སྦྱོངས།
བླ་སྒྲུབ་གསོལ་འདེབས་དང་ཚོགས་བསགས་ཕུལ་མཆོད་ཀྱི་སྐོར། ཤེས་བྱ་གསལ་བྱེད༌དེབ༌གཉིས༌པ། ལེགས༌བཤད༌ལྗོན༌དབང༌། དབྱིན༌སྐད། རྒྱ་གྱིང་དང་དུང་།ལྷབ་གསང་གྱི་གདངས་དབྱངས། ཕྱི་ནང་གི་ཡིག་གཟུགས། གཟུགས་ཁམས་འཕྲོད་བསྟོན།
                                              བློ་གསར་རིག་གནས་འཛིན་གྲྭ་བཞི་པ།
བློར་འཛིན། ནང་དོན་རིག་པ། སྒྲ་རིག་པ། སྐད་རིགས། རོལ་དབྱངས། ཡིག་གཟུགས། ལུས་སྦྱོངས།
བསྔོ༌བ༌སྨོན༌ལམ༌

   དང༌

བསངས༌གསུར༌གྱི༌སྐོར།

ཤེས་བྱ་གསལ་བྱེད༌དེབ༌གསུམ༌པ། ལེགས༌བཤད༌ལྗོན༌དབང༌། དབྱིན༌སྐད། རྒྱ་གྱིང་དང་དུང་།ལྷ་མོའི་གདངས་རྒྱས་བསྡུས་གཉིས ཕྱི་ནང་གི་ཡིག་གཟུགས། གཟུགས་         ཁམས་

འཕྲོད་བསྟོན།

                                            བློ་གསར་རིག་གནས་འཛིན་གྲྭ་ལྔ་པ།
    བློར་འཛིན།   ནང་དོན་རིག་པ།      སྒྲ་རིག་པ།   སྐད་རིགས། རོལ་དབྱངས། ཡིག་གཟུགས།   ལུས་སྦྱོངས།
ཡིད་དམ་སྒྲུབ་ཐབས་ཀྱི་སྐོར་ཚོགས་དང་པོ། ཤེས་བྱ་གས་བྱེད་དེབ་   བཞི་པ། དཀའ་གནད་གསལ་ཀྱི་མེ་ལོང་། དབྱིན་སྐད། རྒྱ་གླིང་དང་དུང་།མགོན་པོའི་གདངས་དབྱངས་རྒྱས་བསྡུས་གཉིས། ཕྱི་ནང་གི་ཡིག་གཟུགས། གཟུགས་ཁམས་འཕྲོད་བསྟེན།
                                             

                                             བློ་གསར་རིག་གནས་འཛིན་གྲྭ་དྲུག་པ།

   བློར་འཛིན།   ནང་དོན་རིག་པ།      སྒྲ་རིག་པ།   སྐད་རིགས། རོལ་དབྱངས། ཡིག་གཟུགས།   ལུས་སྦྱོངས།
ཡིད་དམ་སྒྲུབ་ཐབས་ཀྱི་སྐོར་ཚོགས་དང་པོ། ཤེས་བྱ་གས་བྱེད་དེབ་   ལྔ་པ།

ཤེས་བྱ་གསལ་བྱེད་དེབ་དྲུག་པ།

དཀའ་གནད་གསལ་ཀྱི་མེ་ལོང་། དབྱིན་སྐད། རྒྱ་གླིང་དང་དུང་།

དགོང་འདུས་དང་བདེ་མཆོག་གི་གདངས་དབྱངས།

ཕྱི་ནང་གི་ཡིག་གཟུགས། གཟུགས་ཁམས་འཕྲོད་བསྟེན།
                                              བློ་གསར་རིག་གནས་འཛིན་གྲྭ་བདུན་པ།
   བློར་འཛིན།   ནང་དོན་རིག་པ།      སྒྲ་རིག་པ།   སྐད་རིགས། རོལ་དབྱངས། ཡིག་གཟུགས།   ལུས་སྦྱོངས།
བཀའ་སྲུང་མ་མགོན་གྱི་སྐོར། ཤེས་བྱ་གས་བྱེད་དེབ་    བདུན་པ། དཀའ་གནད་གསལ་ཀྱི་མེ་ལོང་། དབྱིན་སྐད། སྒེར་གསོལ་གྱི་གདངས་དབྱངས།གཏོར་མ་དང་གཏོར་རྒྱན། ཕྱི་ནང་གི་ཡིག་གཟུགས། གཟུགས་ཁམས་འཕྲོད་བསྟེན།
                                              བློ་གསར་རིག་གནས་འཛིན་གྲྭ་བརྒྱད་པ།
   བློར་འཛིན།   ནང་དོན་རིག་པ། སྒྲ་རིག་པ།   སྐད་རིགས། རོལ་དབྱངས། ཡིག་གཟུགས།   ལུས་སྦྱོངས།
དམ་ཅན་ཆོས་སྐྱོང་ཀི་སྐོར། རྒྱལ་སྲས་ལག་ དག་ཡིག་ངག་སྒྲོན། དབྱིན་སྐད། རྩིས། ཕྱི་ནང་ཡིག་གཟུགས། གཟུགས་ཁམས་འཕྲོད་བསྟེན།

ཆགས་རབས།

[ཞུན་དག]
གསེར་ལུང་དགོན་པ། གསེར་ལུང་པད་དཀར་ཆོས་གླིང་དགོན་འཛིན་གྲྭ་ཚང་ན་ཝི་ཀི་པི་ཌི་ཡའི་སྦྱོང་བརྡར་འབད་བའི་བསྒང་།

སངས་རྒྱས་གཉིས་པ་ཨྱོན་གུ་རུ་རིན་པོ་ཆེའི་སྤྲུལ་པ་ གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་གདན་ས་ཅིག་ཨིན། ཕྱིས་སུ་རྗེ་ངག་དབང་འབྲུག་པའི་བཞུགས་གནས་ཅིག་ཡང་ཨིན། []

གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྣམ་ཐར་བཞུགས་སོ། །

བདུད་དཔུང་འཇོམ་པའི་སྨུག་ནག་ཁྲོ་བའི་སྐུ། །ལྟ་བའི་བདུད་འདུལ་བརྟུལ་ཞུགས་སྤྱོད་པ་ཅན། །སྦས་པའི་རྣལ་འབྱོར་འགྲོ་བ་ཡོངས་ཀྱི་མགོན། །ཨོ་རྒྱན་ལུང་བསྟན་སྐྱེས་མཆོག་སྤྲུལ་པའི་སྐུ། །ཐང་སྟོང་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ།།

དེ་ཡང་སྤྱིར་འཛམ་བུ་གླིང་དང་བྱེ་བྲག་རྒྱ་བོད་འབྲུག་གསུམ་གྱི་བསོད་ནམས་ཀྱི་བགོ་སྐལ་ མཚན་ཉིན་ཟླ་བཟུམ་སྦེ་འཇིག་རྟེན་གྱི་ཕྱོགས་ཀུན་ལུ་གྲགས་ཡོད་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་ཐང་སྟོང་རྒྱཪ་པོ་ གྲུབ་ཐོབ་ལྕགས་ཟམ་པ་ཟེར་ཡོངས་སུ་གྲགས་ཡོད་མི་འདི་ ནང་ལྟར་དུ་སྙིང་རྗེའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་དང་དཔལ་རྟ་ མགྲིན་ཟུང་དུ་འཇུག་པའི་རྣམ་འཕྲུལ་ ཕྱི་ལྟར་དུ་འཇིག་རྟེན་ཕལ་པའི་མཐོང་སྣང་ལུ་ནོར་རྫིཔ་དང་ལྷ་བྲིསཔ་ མགརཝ་དང་མཚན་རིགས་ལ་སོགས་པའི་ཚུལ་སྟོན་ ངོ་མཚར་བའི་ཡོན་ཏན་སྣ་ཚོགས་ཀྱི་ཐོག་ལས་སེམས་ཅན་གྱི་དོན་མཛད་བཞུགས་མི་ཅིག་ཨིན་པས།

གྲུ་ཐོབ་ཁོ་རང་མཁས་ཞིང་གྲུབ་པའི་སྐྱེས་བུ་དམ་པ་ཅིག་ཨིན་པའི་རྟགས་མཚན་ལུ་ ཁོ་རའི་ཡུམ་གྱི་ལྷུམས་སུ་བཞུགས་པའི་དུས་འདི་ལས་འགོ་བཟུང༌ ལུང་བསྟན་ལས། ནང་རྟགས་རྨི་ལམ་མཚན་ལྟས་བྱུང༌། །ཟེར་གསུངས་དོ་བཟུམ་སྦེ་ ཡུམ་གྱི་རྨི་ལམ་ནང་ལུ་ལྗོན་ཤིང་ལོ་འདབ་རྒྱས་ འབྲས་བུ་དང་མེ་ཏོག་སྣ་ཚོགས་ཀྱིས་རྒྱན་འདི་ ག་ནི་ཝ་ ལེགས་པའི་ནགས་ཚལ་གྱི་སྦུག་ན་ལས་ རིན་པོ་ཆའི་འཁྲི་ཡངས་ཤིང་རྒྱ་ཆེ་བ་གཅིག་གུ་ སངས་རྒྱས་སྣང་བ་མཐའ་ཡས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱེད་བཟང་པོ་བརྒྱད་ཅུ་གིས་བརྒྱན་པ་ཅིག་བཞུགས་ སངས་རྒྱས་དེའི་ཐུགས་ཀ་ལས་འོད་ཟེར་འཕྲོས་ འདི་ཡུམ་ལུ་ཕོག་ བཀྲ་ཤིས་པ་དང་ཕུན་སུམ་ཚོགས་པའི་ཚིགས་འདི་ཚུ་བརྗོད་འདི་ཡུམ་ལུ་མེ་ཏོག་གཏོར་བའི་རྨི་ལམ་མཐོང་ནི་དང༌ དེ་བཟུམ་སྦེ་ར་ཡུམ་མོ་ར་ལྷ་སའི་གཙུག་ལག་ཁང་ནང་ལུ་བྱོན་པའི་རྨི་ལམ་མཐོང༌ ལྷ་སའི་གཙུག་ལག་ཁང་ནང་ལུ་ལྷོདཔ་ད་མོ་རའི་སྐུ་གཟུགས་ལས་ཉིན་ཟླ་ཤར་ དུང་དཀར་གྱི་སྒྲ་ལན་གསུམ་བྱུང་ སྤྱི་བོར་ལུ་རྒྱལ་མཚན་གྱིས་བརྒྱན་ ཡུམ་གྱི་གཡས་ཁ་ཐུག་ལུ་དར་འཕྱར་ གཡོན་ཁ་ཐུག་ལས་འཇའ་མཚོན་སྤུབ་ གདོང་ཁ་ལས་རྔ་དང་དུང་ལ་སོགས་པའི་སྒྲ་བྱུང་ རྒྱབ་ལས་ཆོས་བཤད་པའི་སྒྲ་འདི་ཚུ་བྱུང་བའི་རྨི་ལམ་དེ་སྦེ་མཐོང་ནུག། དེ་ལས་གྲུབ་ཐོབ་ཆེན་པོ་ཡུམ་གྱི་ལྷུམས་སུ་ཟླ་ངོ་བཅུ་གཉིས་བཞུགས་ཚར་འདི་ཤུལ་ལུ་ རབ་བྱུང་དྲུག་པའི་ལྕགས་མོ་གླང་ལོ་ སྤྱི་ལོ་ ༡༣༦༡ ཆོས་འཕྲུལ་ཟླ་བའི་ཚེས་བཅུ་ལུ་ བོད་ཀྱི་རྒྱལ་ཁབ་གཙང་འོལ་བ་ལྷ་རྩེ་ཟེར་ས་ལུ་ མཁའ་འགྲོ་མའི་མཚན་རྟགས་དང་ལྡན་པའི་ཡུམ་རྒྱ་གར་ལྷ་མོ་དང་ཡབ་རྡོ་རྗེ་རྒྱལ་མཚན་གྱི་སྲས་འབད་ གུང་ལས་ཉི་མ་ཤར་ནི་དང་འཁྲིལ་འདི་ ཞལ་ལས་ༀ་མ་ཎ་པདྨེ་ཧཱུྃ་ ཟེར་བའི་སྒྲ་སྒྲོག ལུས་རྣམ་སྣང་གི་ཆོས་བདུན་ལུ་བསྐྱལ་འདི་སྐུ་འཁྲུངས་ནུག།[]

དེ་ལས་ཁོ་རའི་ཡབ་ཀྱིས་དེ་བཟུམ་གྱི་མཛད་རྒྱ་ལུ་བལྟ་ཡ་མཚན་ཆེ་ ངོ་མཚར་འདི་ཡུམ་ལུ་ག་དེ་སྦེ་གསུངས་ནུག་ཟེར་བ་ཅིན་ རྒྱ་གར་ལྷ་མོ་ ཁོ་ལྷུམས་སུ་བཞུགས་པའི་དུས་འདི་ལས་འགོ་བཟུང་ཁྱོད་ལུ་རྨི་ལམ་བཟང་ངན་ལེགས་ཤ་ཅིག་ར་མཐོང་ ཨ་ལོ་གཞན་དང་མ་འདྲཝ་འབད་མངལ་ལུ་ཡང་ཟླ་ངོ་ ༡༢ སྡོད་  ད་སྐྱེཝ་ད་ཡང་གཞན་དང་མ་འདྲ་བའི་སྤྱོད་པ་ལེགས་ཤ་ཅིག་ར་སྟོན་ནི་འདུག་ འདི་ག་ཅི་གི་རྟགས་མཚན་ཨིན་ན་སྨོ་ཟེར་ དེ་འབད་གསུངམ་ད། དེའི་ལན་ལུ་གྲུབ་ཐོབ་ཀྱིས་ག་ཅི་གསུངས་ནུག་ཟེར་བ་ཅན། ཁ་སང་ཟླ་བ་སྔ་མ་ཡི། །རྨི་ལམ་མཚན་རྟགས་དེ་རྣམས་ལ། །ཡབ་ཡུམ་མི་དགའ་བྱ་མི་དགོས། །བརྡ་འགྲོལ་འམ་བུས་བཤད་ཀྱིས་ཉོན། །ང་ལྷུམས་སུ་བཞུགས་པའི་སྐབས་ཀྱི་རྟགས་དང་མཚན་མ་འདི་ཚུ་ལུ་ཡབ་དང་ཡུམ་གཉིས་དགའཝ་དང་མ་དགའཝ་ག་ནི་ཡང་བསྐྱེད་མི་དགོས་ འདི་ཚུ་ག་ཅི་གི་རྟགས་མཚན་ཨིན་ན་ང་གིས་བཤད་གེ་ཟེར་གསུངས་བཞིནམ་ལས་ ཡབ་ཡུམ་ལུ་ལན་ག་དེ་སྦེ་གསུངས་ནུག་ཟེར་བ་ཅིན་ གཙུག་ལག་སྟེང་དུ་ཕྱིན་པ་དེ། །ས་ལམ་རིམ་པར་བགྲོད་པའི་རྟགས། །ལུས་ལ་ཉིན་ཟླ་ཤར་བ་དེ། །མ་རིག་མུན་པ་སེལ་བའི་རྟགས། །དུང་དཀར་ལན་གསུམ་འབུད་པ་དེ། །འགྲོ་དོན་སྙན་གྲགས་བྱུང་བའི་རྟགས། །སྤྱི་གཙུག་རྒྱལ་མཚན་བཙུགས་པ་དེ། །བསྟན་པའི་རྒྱལ་མཚན་འཛིན་པའི་རྟགས། །ཡུམ་གྱིས་ལྷ་ས་གི་གཙུག་ལག་ཁང་ནང་འགྱོ་བའི་རྨི་ལམ་མཐོང་མི་འདི་ ངེད་ཀྱི་རྒྱུད་ལུ་ས་ལམ་གྱི་རྣམ་བཞག་འདི་ཚུ་ཡར་ངོའི་ཟླཝ་བཟུམ་སྦེ་གོང་འཕེལ་འགྱོ་ནིའི་རྟགས་མཚན་ཨིན། ཡུམ་གྱི་སྐུ་གཟུགས་ལུ་ཉིན་ཟླ་ཤར་བའི་རྨི་ལམ་མཐོང་མི་འདི་ ང་གིས་སེམས་ཅན་གྱི་རྒྱུད་ཀྱི་མ་རིག་པའི་མུན་པ་སེལ་ནིའི་རྟགས་མཚན་ཨིན། དུང་དཀར་གྱི་སྒྲ་ཚར་གསུམ་བྱུང་མི་འདི་ངེད་ཀྱི་འགྲོ་དོན་དང་འཕྲིན་ལས་འདི་འཇིག་རྟེན་གྱི་ཁམས་ནང་སྙན་གྲགས་འགྱོ་ནིའི་རྟགས་ཨིན། སྤྱི་གཙུག་ལུ་རྒྱལ་མཚན་གྱིས་བརྒྱན་མི་དེ་ ང་གིས་སངས་རྒྱས་བསྟན་པའི་རྒྱལ་མཚན་འཛིན་ནིའི་རྟགས་མཚན་ཨིན་པས་ཟེར་ ཡུམ་གྱི་རྨི་ལམ་དང་འཁྲིལ་དེ་རྟགས་མཚན་འདི་ཚུ་རིམ་པ་བཞིན་བཤད་དེ་ ལན་འདི་ཚུ་ཡ་མཚན་ཆེ་ཏོག་ཏོ་འབད་གསུངས་གནང་ནུག། ཡབ་རྡོ་རྗེ་རྒྱལ་མཚན་དང་ཡུམ་རྒྱ་གར་ལྷ་མོ་གཉིས་ལུ་རིགས་ཀྱི་མྱུ་གུ་ སེ་རོ་དཔལ་ལྡན་ སློབ་དཔོན་དཔལ་ཚུལ་ འཕན་པོ་ སྔ་དར་ ཁྲོ་བོ་དཔལ་ལྡན་ ལྕམ་མོ་དཔལ་འཛིན་རྡོ་རྗེ་མ་ཟེར་སྤུན་ཆ་དྲུག་ཡོད་ས་ལས་ ཁྲོ་བོ་དཔལ་འཛིན་ཟེར་མི་འདི་དུས་ཤུལ་མ་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཟེར་བའི་མཚན་ཡོངས་སུ་གྲགས་ཡོད་མི་དེ་ཨིན་པས།

འདི་བཟུམ་གྱི་སྐྱེས་ཆེན་དམ་པ་དེ་ ང་བཅས་ར་གིས་མཇལཝ་ད་ག་དེ་འབད་མཇལ་ནི་ཡོདཔ་མོ་ཟེར་བ་ཅིན་ འཕྲལ་འཕྲལ་ཁྲོ་བོ་སྦེ་མཇལ་དོ་བཟུམ་དང་ འཕྲལ་འཕྲལ་ཞི་བ་སྦེ་མཇལ་དོ་བཟུམ་ དེ་བཟུམ་སྦེ་ར་ཁྲེལ་ཁྲེལ་ཞི་བ་དང་ཁྲོ་བོ་གཉིས་ཆ་ར་ཨིན་དོ་བཟུམ་སྦེ་མཇལ་ནི་ཡོདཔ་ཨིན། དེ་འབད་མཇལ་ནི་ཡོད་མི་འདི་ཡང་ཨྱོན་གུ་རུ་རིན་པོ་ཆེའི་ཟབ་ཆོས་ཐུགས་ཀྱི་གཏེར་ལས་ ཞི་བ་ཐུགས་རྗེ་ཆེན་པོ་དང༌། །དྲག་པོ་ཁྲོ་བོ་དབང་ཆེན་གཉིས། །དབྱེར་མེད་གཅིག་ཏུ་སྦྲུལ་པ་ལས། །སྐུའི་ཆ་ལུགས་ཞི་མ་ཁྲོ། །[] ཟེར་གསུངས་དོ་བཟུམ་སྦེ་ གྲུབ་ཐོབ་རིན་པོ་ཆེ་མཆོག་ཞི་བ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དང་ ཁྲོ་བོ་དབང་ཆེན་རོལ་པ་དཔལ་རྟ་མགྲིན་གཉིས་ཟུང་དུ་འཇུག་པའི་རྣམ་སྤྲུལ་འབད་ནི་འདི་གི་འཕྲལ་འཕྲལ་ཁྲོ་བོ་དང་ འཕྲལ་འཕྲལ་ཞི་བ་འབད་མཇལ་ནི་ཡོད་མི་འདི་ འདི་ལས་བརྟེན་འདི་ཨིན།ཁོ་རང་སྐུ་ཟླ་ཆུང་ཀུ་བསྒང་ལས་ཐབས་ལུ་མཁས་པ་དང་ རིག་པ་གཞན་དང་མ་འདྲཝ་སྦེ་ཡོད་ནི་འདི་གིས་ ཁོ་རའི་ཡབ་ཡུམ་གཉིས་ཀྱིས་དགོན་པ་བྱང་སྡིངས་ཟེར་ས་ལུ་སློབ་དཔོན་ཆོས་སྐྱོང་དཔལ་ལས་སྒྲ་རིག་པའི་གཞུང་རིག་གནས་འདི་ཚུ་སློབ་སྦྱོང་འབད་ཝ་ བསྐྱལཝ་ད། ཁོ་ཐབས་ཤེས་འགྲན་ཟླ་དང་བྲལ་བ་ཅིག་འབད་ནི་འདི་གིས་ དུས་ཡུན་ཐུང་ཀུ་ཅིག་ནང་བོད་ཡིག་ལཉྩ་དང་ཝརྟུ་ སྒྲ་རིག་པའི་གཞུང་འདི་ཚུ་ལུ་མཁས་པ་མཐོན་ནུག།དེ་ལས་གྲུབ་ཐོབ་ཁོ་རའི་ཡུམ་གྱི་རེ་བ་དང་འཁྲིལ་དེ་ དགོན་པ་བྱང་སྡིངས་ཟེར་ཟ་ལུ་བླམ་ཉི་མ་སེངྒེའི་སྐུ་མདུན་ལུ་རབ་ཏུ་བྱུང་ སྤང་བླང་གི་ཡོན་ཏན་འདི་ཚུ་སྦྱངས་ དེ་བཟུམ་སྦེ་ར་བླམ་དཔལ་འབྱོར་ཤེས་རབ་ལས་མངོན་རྫོགས་ཀྱི་སྡོམ་པ་ཞུ་སྦེ་མཚན་ཡང་བརྩོན་འགྲུས་བཟང་པོ་ཟེར་བཏགས་གནང་ནུག། དེ་ལས་གྲུབ་ཐོབ་ཀྱིས་ལྷ་གདོང་པ་བསོད་ནམས་མཆོག་དང་ཀུན་སྤངས་རིན་ཆེན་རྒྱལ་མཚན་ རེད་མདའ་བ་གཞོན་ནུ་བློ་གྲོས་ལ་སོགས་པའི་དགེ་བའི་གཤེས་གཉེན་ལྔ་བརྒྱ་དེ་ཅིག་སྟོན་ དབང་ལུང་ཁྲིད་གསུམ་དང་གདམས་ངག་བཟང་པོ་འདི་ཚུ་གསན་བཞིནམ་ལས་ ཕྱི་ནང་གསང་གསུམ་གྱི་ཡོན་ཏན་ག་ཅི་གི་ཐད་ལས་འབད་རུང་མཁས་པ་མཐོན་ནུག།  

གྲུབ་ཐོབ་རིན་པོ་ཆེ་མཆོག་གིས་ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ཀྱི་དྲོ་པ་ ནམ་མ་ལངསམ་ཅིག་གི་དུས་ཚོད་ནང་ མདུན་གྱི་ནམ་མཁའ་ལུ་འཕགས་པ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ་དང་ བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་ལ་སོགས་པའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འདི་ཚུ་གིས་གཙོས་པའི་སངས་རྒྱས་དང་བྱང་ཆུབ་སེམས་པ་བསམ་གྱིས་མི་ཁྱབ་ཅིག་བསྐོར་འདི་བཞུགས་ས་གཟིགས་འདི་ སྙིགས་མ་ལྔའི་སེམས་ཅན་འདི་ཚུ་ལུ་ཐུགས་བརྩེ་བ་ཆེན་པོའི་སྒོ་ལས་གཟིགས་སུ་གསོལ་ཟེར་བའི་སྨོན་ལམ་དང་བཅསཔ་སྦེ་ དངོས་སུ་འབྱོར་བ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འདི་ཚུ་འཕུལཝ་ད་ འཕགས་པ་སྤྱན་རས་གཟིགས་ཀྱིས་ག་ཅི་གསུངས་ནུག་ཟེར་བ་ཅིན་ ཁ་བ་ཅན་གྱི་ཆུ་ཀླུང་ཆེ་རྣམས་ལ། །གྲུ་དང་རིན་ཆེན་ལྕགས་ཟམ་བརྟན་པོར་ཚུགས། །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ནས། །སྙིགས་མའི་སེམས་ཅན་བསོད་ནམས་འཕེལ་བར་མཛོད། །ཟེར་གསུངས་པའི་ལུང་བརྟན་དང་འཁྲིལ་འདི་ སྤྱིར་གྱི་འཛམ་བུ་གླིང་དང་བྱེ་བྲག་རྒྱ་བོད་འབྲུག་གསུམ་གྱི་རྒྱལ་ཁབ་ཀྱི་ཞི་བདེ་ལུ་དམིགས་བཞིནམ་ལས་ ལྕགས་ཟམ་ལྔ་བཅུ་ང་བརྒྱད་ ཤིང་ཟམ་དྲུག་ཅུ་ཐམ་པ་ གྲུ་བརྒྱ་དང་བཅོ་བརྒྱད་ སྐུའི་རྟེན་ཆེ་བ་སུམ་ཅུ་སོ་བརྒྱད་ ཆུང་བ་རིན་པོ་ཆེ་སེར་དང་དངུལ་ལ་སོགས་པ་ལས་གྲུབ་པ་བརྒྱ་ལྷགཔ་ཅིག་ དེ་བཟུམ་སྦེ་ར་རྒྱུ་འཇིམ་ལས་གྲུབ་པའི་སྐུ་སྟོང་ཕྲག་ལྔ་དང་ གཙུག་ལག་ཁང་བརྒྱ་དང་ཉི་ཤུ་དེ་ཅིག་བཞེངས་གནང་ནུག། འདི་གི་ཡང་མ་བརྩི་བ་གསུང་གི་རྟེན་བཀའ་འགྱུར་བཅོ་བརྒྱད་ བསྟན་འགྱུར་བཅོ་ལྔ་ རིན་པོ་ཆེའི་མཆོན་རྟེན་བརྒྱ་དང་བཅུ་གཅིག་དེ་ཅིག་གི་བརྩི་བཞེངས་གནང་ནུག།

དེ་སྦེ་སྐུ་གསུང་ཐུགས་ཀྱི་རྟེན་དང་གཙུག་ལག་ཁང་མ་རབ་ཅིག་བཞེངས་ཡོད་ས་ལས་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ལུ་ཕྱག་བཏབ་གནང་ཡོད་མི་འདི་ག་ཅི་ར་སྨོ་ཟེར་བ་ཅིན་ གསེར་ལུང་དགོན་པའི་ལྷ་ཁང་ སྤ་རོ་རྟ་མཆོག་ལྷ་ཁང་ སྤ་རོ་ཟླུམ་བརྩིགས་ལྷ་ཁང་ དབང་འདུས་ཕོ་བྲང་ལུ་ཡོད་པའི་ཤར་ཕྱི་ཐོག་ཁའི་ལྷ་ཁང་འདི་ཚུ་ཨིན། འདི་གི་ཡང་མ་བརྩི་པ་ཆུ་མཛོམ་ལས་སྤ་རོའི་ཕྱོགས་ཁ་ཐུག་ལུ་མཆོད་རྟེན་གཅིག་ སྤ་རོ་སྟག་ཚང་ལུ་མཆོད་རྟེན་གཅིག་དང་སྤ་རོ་རྟ་མཆོག་ལྷ་ཁང་གི་གདོང་ཕྱོགས་ལུ་ཡོད་པའི་ལྕགས་ཟམ་འདི་ཚུགས་གྲུབ་ཐོབ་རིན་པོ་ཆེ་མཆོག་གིས་གསར་བཞེངས་མཛད་གནང་ནུག། སྐུ་གསུང་ཐུགས་ཀྱི་རྟེན་དང་ལྕགས་ཟམ་འདི་ཚུ་བཞེངས་གནངམ་ད་ མི་མང་རབ་ཅིག་ལུ་དཀའ་ངལ་འདི་ཚུ་བྱུང་ མགརཝ་ལ་ལུ་གཅིག་ཆུ་གིས་འབག་འདི་ཤི་རྐྱེན་བྱུང་ འདི་བཟུམ་གྱི་རྐྱེན་ལེགས་ཤ་ར་བྱུངམ་ད་གྲུབ་ཐོབ་ཁོ་རའི་སློབ་མ་འདི་ཚུ་གིས་ཟམ་རྐྱབ་ནིའི་ལཱ་འདི་ལུ་སུན་ ཉམས་འཚེར་འདི་ཁོང་གི་ལཱ་འདི་མི་འབད་ནིའི་མནོ་བསམ་བཏང་སྡོདཔ་ད་ གྲུབ་ཐོབ་རིན་པོ་ཆེ་གིས་དེ་སྦེ་གསུངས་གནང་ནུག རང་གཞན་ཕན་བདེ་སྒྲུབ་དུས་སུ། །སྐྱོ་སུན་གྱིད་ལུགས་བར་ཆད་ཡིན། །སྨྲ་བ་མཁས་ཀྱང་གླུ་ལེན་ཡིན། །རི་ལ་བསྡད་ཀྱང་རི་དྭགས་ཡིན། །གཞན་དོན་གྱི་བྱ་བ་རླབས་ཆེན་པོ་འདི་བཟུམ་ཅིག་སྒྲུབ་ད་སུན་ནི་དང་ཉམས་འཚེར་ནི་འདི་ཚུ་བྱུངམ་འདྲཝ་ཅིག་འབད་བ་ཅིན་ འདི་གཞན་དོན་བསྒྲུབ་པའི་བར་ཆད་ཨིན་  གལ་སྲིད་གཞན་དོན་སྒྲུབ་པའི་སྐབས་ཉམས་འཚེར་སྡོདཔ་འདྲཝ་ཅི་འབད་ཝ་ཅིན་ ཁ་ལས་བསླབ་ནི་ནང་ལུ་ག་དེམ་ཅི་རང་མཁས་རུང་ཞབས་ཁྲ་འཐེན་པའི་སྣང་བ་ཅིག་དང་ སྡོད་ས་རི་ཁྲོད་གངས་ཁྲོད་ལུ་ཨིན་འདི་འབད་རུང་རི་དྭགས་ཀྱི་སྣང་བ་ལས་གཞན་ག་ནི་ཡང་མེད་ འདི་འབད་ནི་འདི་གི་རང་ལུ་ལྟོ་དང་གོས་ག་ཡོད་པའི་འཚོ་བ་ལུ་བརྟེན་བཞིནམ་ལས་རང་གཞན་ག་ར་གྱི་ལུས་དང་སེམས་ལུ་བདེ་བ་སྤྲོད་ཚུགས་པའི་ལཱ་ལུ་བརྩོད་ད་ཟེར་གསུངམ་ད། ཁོ་རའི་སློབ་མ་འདི་ཚུགས་ཡང་མི་ཕྱེད་པའི་དད་པ་དང་ ཡིད་ཆས་ཀྱི་བསམ་པ་ཀུན་ནས་བླངས་བཞིནམ་ལས་ སྟོན་པ་དང་སེམས་ཅན་གྱི་འགྲོ་དོན་ལུ་སྔར་བ་ལྷགཔ་སྦེ་བརྩོན་གནང་ནུག། དེ་སྦེ་བསྟན་པ་དང་སེམས་ཅན་གྱི་འགྲོ་དོན་མ་རབས་ཅི་བྱུང་ཚར་བའི་ཤུལ་མ་ དུས་ནམ་ཅིག་གི་ཚེ་གྲུབ་ཐོབ་ཆེན་པོ་ བོད་ཀྱི་རྒྱལ་ཁབ་གཙང་རྒྱས་སྡེའི་ཐང་ཟེར་མི་ནང་གཟིགས་སྐོར་ན་བྱོནམ་ད་ མདུན་གྱི་ནམ་མཁའ་ལས་གཙོ་མོ་ཡཻས་ཀྱི་མཁའ་འགྲོ་མ་ དབུས་ཕྱོགས་བུདྡ་རིགས་ཀྱི་མཁའ་འགྲོ་མ་ ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་ ནུབ་པདྨ་རིགས་ཀྱི་མཁའ་འགྲོ་ བྱང་ཀརྨ་རིགས་ཀྱི་མཁའ་འགྲོ་ལ་སོགས་པའི་རིགས་ལྔའི་མཁའ་འགྲོ་མ་ སྐུ་གཟུགས་ལུ་རིན་པོ་ཆེའི་རྒྱན་ཆ་སྣ་ཚོགས་ཀྱིས་བརྒྱན་ དཀཪ་སེཪ་དམར་ལྗང་ལ་སོགས་པའི་འོད་སྣ་ཚོགས་འཕྲོས་བཞིནམ་ལས་ སྙན་པའི་དབྱངས་དང་ བཅས་འདི་གྲུབ་ཐོབ་རིན་པོ་ཆེ་ལུ་དེ་སྦེ་ཞུ་ནུག རྒྱས་སྡེ་ཐང་ན་བཞུགས་པ་ཡི། །ཡ་མཚན་ཆེ་བའི་མི་འདི་ལ། །འདིར་ཚོགས་བུ་མོ་རྣམ་ལྔ་ཡིས། །དོན་དང་མཐུན་པའི་མིང་རེ་འདོགས། །ཟེར་གསུངས་འདི་ རིགས་ལྔའི་མཁའ་འགྲོ་མ་ལྔ་གིས་གྲུབ་ཐོབ་ཆེན་པོའི་སྤྱོད་པ་དང་མཐུན་པའི་མིང་ལྔ་གསོལ་གནང་ནུག། དེ་སྦེ་བཏགས་གནང་ས་ལས་ཐང་སྟོང་རྒྱལ་པོ་ཟེར་བའི་མཚན་དེ་ཡང་དེའི་སྐབས་མཁའ་འགྲོ་མ་ལྔ་གིས་ ཁྱབ་བརྡལ་ཆེན་པོའི་ཐང་ཆེན་ན། །སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ། །འཇིགས་མེད་རྒྱལ་པོ་ལྟ་བུར་བཞུགས། །དེ་ཕྱིར་ཐང་སྟོང་རྒྱལ་པོར་ཐོགས། །ཟེར་བའི་ལུང་བསྟན་དང་བཅསཔ་སྦེ་བཏགས་གནང་ནུག།

དེ་ལས་བདག་ཅག་གི་སྟོན་པ་སངས་རྒྱས་ཤཀྱ་ཐུབ་པ་མཆོག་ འཆི་བདག་གི་བདུད་བཅོམ་ཚར་བའི་སྐྱེས་བུ་ཅིག་འབད་ནི་འདི་གིས་ ཤི་མ་ཤི་གི་རྣམ་བཞག་མེད་འདི་འབད་རུང༌ འདུལ་བྱ་སེམས་ཅན་རྣམས་ལུ་ཚེ་རྟག་འཛིན་གྱི་ལོག་རྟོག་སེལ་ནིའི་ཆེད་དུ་ མཛད་པ་ཐ་མ་སྐུ་མྱ་ངན་ལས་འདས་པའི་ཚུལ་སྟོན་གནང་དོ་བཟུམ་སྦེ་ གྲུབ་ཐོབ་ཆེན་པོ་ཡང་སྐུ་ མི་འགྱུར་བ་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་ཚར་བའི་སྐྱེས་བུ་ཅིག་འབད་ནི་འདི་གི་ སྐུ་ཚེ་འབུམ་ཕྲག་ལས་འབུམ་ཕྲག་སྦེ་བཞུགས་དགོ་རུ་ཡང་བཞུགས་ཚུགས་པའི་སྐྱེས་བུ་ཅིག་ཨིན་པས། ཨིན་རུང་འདུལ་བྱའི་སེམས་ཅན་ཚུ་ལུ་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་པ་ཨིན་ཟེར་བའི་དོན་དང༌ སྐྱེས་ཚར་བའི་དུས་འདི་ལས་འགོ་བཟུང་དུས་ནམ་ཅིག་གི་ཚེ་འཆི་བ་མི་རྟག་པ་ཟེར་མི་འདི་ལུ་ཐུག་དགོཔ་ངེས་ཏིག་ཨིན་ཟེར་བའི་ དོན་སྟོན་གནང་ནིའི་དོན་ལུ་སྐུ་མྱ་ངན་ལས་འདས་པའི་ཚུལ་སྟོན་འདི་ ཤིང་མོ་སྦྲུལ་ལོ་ སྤྱི་ལོ་ ༡༤༨༥ ཆོ་འཕྲུལ་ཟླ་བའི་ཚེས་ ༤ ལུ་ཞིང་ལུ་གཤེགས་གནང་ནུག

སྐུ་ཡི་རྣམ་འགྱུར་མཚན་སྙན་ཙམ་གྱིས་ཀྱང༌། །སྲིད་ཞིའི་གུད་སེལ་ཡེ་ཤེས་མཆོག་སྟེར་ནུས། །མཚུངས་མེད་གྲུབ་ཐོབ་ཆེན་པོའི་རྣམ་ཐར་བཞིན། །རྟེན་འདིར་མཐོང་བའི་ཆོས་ལ་མངོན་གྱུར་ཤོག །སྤྱི་ཚེས་ ༢༧/༠༧/༢༠༢༤ ལུ་ཡོངས་འབྲེལ་གྱི་ཐོག་ལུ་བཀྲམ་སྤེལ་འབད་ཡོད།


བཙུན་གསར།

[ཞུན་དག]

ཕན་བདེ་འབྱུང་བའི་གནས་གཅིག་པུ། །བསྟན་པ་ཡུན་རིང་གནས་པ་དང་། ཟེར་གསུངས་དོ་བཟུམ། འགྲོ་བ་སེམས་ཅན་ཐམས་ཅད་ལུ་ཕན་པ་དང་བདེ་བ་འབྱིན་པའི་བསྟན་པ་རིན་པོ་ཆེ་འདི། ཡུན་རིངམ་འབད་གནས་དགོ་པ་ཅིན་ བསྟན་པ་འཛིན་པའི་སྐྱེས་བུ་རྣམས་ལུ་ཐུགཔ་ཨིནམ་ལས། གསེར་ལུང་དགོན་འཛིན་གྲྭ་ཚང་འདི་ནང་དགེ་སློང་བཙུན་གསར་བཙུགས་ནིའི་ཐུགས་འདོད་ཡོད་པ་ཅིན་ ན་བཟའ་དང་ཉེར་བར་མཁོ་བའི་མཐུན་རྐྱེན་གཞན་གྱི་རིགས་འདི་ཚུ་གེ་ར་གྲྭ་ཚང་གིས་རྒྱབ་སྐྱོར་མཛད་གནང་མ་གི་མ་ཚད། གྲྭ་ཚང་འདི་ནང་མཚན་འཁོད་བཀོད་པ་ལས་འགོ་བཟུང་རང་ལུ་ན་ཚ་དང་བྱ་སྟབས་མ་བདེ་བའི་དཀའ་ངལ་ག་ཅིག་འབྱུང་རུང་གྲོགས་རམ་བརྒྱ་ཆེ་བ་འབད་ཡོདཔ་མ་ཚད་ ཐ་ན་རང་གི་ནང་མི་གཙོ་ཅན་ཕ་དང་མ་ ཡང་ན་འདི་མེད་ན་དེའི་ངོ་ཚབ་གཉིས་ལུ་འཆི་རྐྱེན་གྱི་གྲོགས་རམ་གྱི་འཐོབ་ལམ་ཚུ་ཡང་ཡོདཔ་ཨིན།

རྩོམ་ཤོག་གི་རིགས། བདེན་པ་གཉིས་ཀྱི་སྐོར།

[ཞུན་དག]

༼ བདེན་པ་གཉིས་ལ་དཔྱད་པ་པུན་ཌ་རི་ཀའི་དྲི་བསུང་ཞེས་བྱ་བ་བཞུགས་སོ། །༽[]

[ཞུན་དག]

པུན་ཌ་རི་ཀའི་ཞབས་ལ་མགོས་བཏུད་ནས། །

པུན་ཌ་རི་ཀའི་དྲི་བསུང་སྤེལ་ལ་སྤྲོའོ། །

ནང་དོན་གནད་བསྡུས། དབུ་མའི་གཞུང་ལུགས་ཐམས་ཅད་ཀྱི་རྒྱན་དུ་གྱུར་པ་བདེན་གཉིས་བརྗོད་གཞིར་བྱས་ནས། དེའི་མཚན་ཉིད་རང་ལུགས་ཀུན་མཁྱེན་ཆེན་པོས་གསུངས་པ་ལ་རང་གཞན་གྱི་བསམ་ཚུལ་དང་། ལོག་པའི་ཀུན་རྫོབ་དེ་ཀུན་རྫོབ་བདེན་པ་ཡིན་མིན་གྱི་སྐོར་ནི་འདིར་གླེང་བར་བྱ་བའི་གཞིའོ། །

བརྡ་ཆད་གཙོ་བོ། ཀུན་རྫོབ་བདེན་པ། དོན་དམ་བདེན་པ། ཐ་སྙད་བདེན་པ། ལོག་པའི་ཀུན་རྫོབ།

འབྲི་དགོས་པའི་དམིགས་ཡུལ།          རྣམ་དཔྱོད་དམན་པས་ཡིན་མིན་འབྱེད་པའི་ཆེད་མ་ལགས། །

                                གཞན་དོན་ཟེར་ཡང་གད་མོའི་གཞི་ལས་གཞན་མ་མཆིས། །

                                དེས་ན་རང་ཉིད་གཞུང་ལུགས་ལྟ་བའི་མིག་འབྱེད་ནས། །

                                ཚིག་དོན་ཙམ་ལའང་རྨོངས་པའི་རྨོངས་པ་བཟློག་ཕྱིར་བྲིས།

        བདེན་གཉིས་ཀྱི་སྐོར་མདོ་ཙམ་ཞུ་བ་ལ། བདེན་གཉིས་བསྟན་པའི་དགོས་པ། ཀུན་རྫོབ་བདེན་པའི་མཚན་ཉིད་ལ་དཔྱད་པ། ལོག་པའི་ཀུན་རྫོབ་ཀུན་རྫོབ་བདེན་པ་ཡིན་མིན་ལ་དཔྱད་པ། ཐབས་དང་ཐབས་བྱུང་དུ་འགྲོ་བའི་ཚུལ་དང་བཞི་ལས།

དང་པོ་བདེན་གཉིས་བསྟན་པའི་དགོས་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དགོས་པ་སྤྱིར་བསྟན་པ་ནི། སློབ་དཔོན་གྱིས། གང་དག་བདེན་པ་དེ་གཉིས་ཀྱི། །རྣམ་པར་དབྱེ་བ་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ཡི། །ཟབ་མོའི་དེ་ཉིད་མི་ཤེས་སོ། །ཞེས་དང་། འཇུག་པ་ལས། དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པའི་ལམ་ངན་ཞུགས། །ཞེས་གསུངས་པ་ལྟར། བདེན་པ་གཉིས་ཀྱི་རྣམ་དབྱེ་མ་ཤེས་ན་རྣམ་རྟོག་ལོག་པའི་ལམ་ངན་པར་ཞུགས་པ་ཡིན་ཏེ། ཇི་ལྟར་ཞུགས་པའི་ཚུལ་ཡང་། ལས་འབྲས་དང་དཀོན་མཆོག་སོགས་ཐམས་ཅད་མེད་པར་བལྟ་ན་དེ་ནི་ཀུན་རྫོབ་ཐ་སྙད་ཀྱི་རྣམ་བཞག་ལ་དང་འགལ་བར་ཞུགས་པ་ཡིན་ཏེ། དེ་ལ་དགོངས་ནས་རྩ་ཤེར་ལས། གལ་སྟེ་དེ་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱེད་ལ་མེད་པར་ཐལ་བར་འགྱུར། །ཞེས་དང་། འདི་ལྟར་མེད་པར་ལྟ་བ་ཡི། །མི་གཙང་དེར་ནི་བྱིང་བར་འགྱུར། །ཞེས་གསུངས། གལ་ཏེ་ཆོས་ཐམས་ཅད་བདེན་གྲུབ་ཏུ་བལྟ་ན་དེ་ནི་དོན་དམ་སྟོང་ཉིད་ཀྱི་རྣམ་བཞག་དང་འགལ་བར་ཞུགས་པས། མྱ་ངན་ལས་འདས་པར་བགྲོད་པའི་ཐབས་མེད་པ་ཡིན་ཏེ། དེ་ལ་དགོངས་ནས་འཇུག་པར། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །ཞེས་གསུངས། གནད་བསྡུ་ན་བདེན་གཉིས་ལ་ལྟ་ཚུལ་ངན་པའི་ལོག་པར་རྟོག་པ་བཟློག་པའི་ཕྱིར་བདེན་པ་གཉིས་ཀྱི་རྣམ་བཞག་བསྟན་པ་ཡིན་ནོ། །

གཉིས་པ་བྱེ་བྲག་ཏུ་བཤད་པ་ནི། ཐ་སྙད་ཀུན་རྫོབ་ཀྱི་བདེན་པ་ཆོས་ཅན། ཁྱོད་ཀྱི་རྣམ་བཞག་བསྟན་པ་ལ་དགོས་པ་ཡོད་དེ། གནས་ལུགས་དེ་བཞིན་ཉིད་དམ་དོན་དམ་སྟོང་ཉིད་རྟོགས་པའི་ཐབས་ཡིན་པའི་ཕྱིར། དེ་ཡང་སློབ་དཔོན་སངས་རྒྱས་ཀྱང་གིས། གང་གི་ཕྱིར་ཐ་སྙད་ལ་མ་བརྟེན་པར་དོན་དམ་པ་བསྟན་པར་མི་ནུས་པ་དང་། གང་གི་ཕྱིར་དོན་དམ་པ་མ་བསྟན་པར་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར། ཞེས་དང་། འཇུག་པར། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །ཞེས་དང་། སྤྱི་དོན་རིགས་པའི་སྙིང་པོར། དང་པོ་བླང་དོར་མ་ནོར་བ་ལ་ཞུགས་པ་ཐབས་དང་། ཞེས་གསུངས། དོན་དམ་པའི་བདེན་པ་ཆོས་ཅན། ཁྱོད་ཀྱི་རྣམ་བཞག་བསྟན་པ་ལ་དགོས་པ་ཡོད་དེ། ཡེ་ནས་སྤྲོས་པ་དང་བྲལ་བའི་ཚུལ་གྱིས་གནས་པའི་ཐབས་བྱུང་བླ་ན་མ་མཆིས་པ་ཡིན་པའི་ཕྱིར། དེའང་འཇུག་པར། དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །ཞེས་གསུངས།

ཀུན་རྫོབ་བདེན་པའི་མཚན་ཉིད་ལ་དཔྱད་པ་ལ། གཞན་གྱི་འདོད་པ་བརྗོད་པ་དང་། རང་གི་བསམ་ཚུལ་ཞུ་བ་གཉིས་ལས། དང་པོ་ནི། ཐ་སྙད་བདེན་པ་དང་ཀུན་རྫོབ་བདེན་པ་གཅིག་ཏུ་འདོད་ནས། ལོག་པའི་ཀུན་རྫོབ་ཀུན་རྫོབ་ཀུན་རྫོབ་བདེན་པར་མི་འདོད་པ་དག་གིས། རང་ལུགས་ཀུན་མཁྱེན་ཆེན་པོས་ཀུན་རྫོབ་བདེན་པའི་མཚན་ཉིད། སྣང་ངོར་མི་བསླུ་བའམ་འཁྲུལ་ངོར་མི་བསླུ་བའམ་འཇིག་རྟེན་ཐ་སྙད་དུ་མི་བསླུ་བ། ཞེས་མཚན་ཉིད་ཀྱི་ཟུར་གསུམ་གསུངས་པ་དེ་ལྡོག་ཆའི་ཆ་ནས་ཁྱད་པར་ཡོད་ཀྱང་། མཚན་ཉིད་དོན་གཅིག་ཏུ་འདོོད་ནས་ཀུན་རྫོབ་བདེན་པ་ཡིན་ན་སྣང་ངོར་མི་བསླུ་བ་དང་། འཁྲུལ་ངོར་མི་བསླུ་བ་དང་། འཇིག་རྟེན་ཐ་སྙད་དུ་མི་བསླུ་བ་ཡིན་པས་ཁྱབ་པར་འདོད་དོ། །

ཡང་ཀུན་རྫོབ་བདེན་པ་དང་ཐ་སྙད་བདེན་པ་གཅིག་འདོད་ནས། ལོག་པའི་ཀུན་རྫོབ་ཀུན་རྫོབ་བདེན་པར་མི་འདོད་པ་ཁ་ཅིག་གིས། ཀུན་རྫོབ་ལ་ཀུན་རྫོབ་ཙམ་དང་། ལོག་པའི་ཀུན་རྫོབ་དང་། ཀུན་རྫོབ་བདེན་པ་གསུམ་དུ་དབྱེ་ནས། རང་ལུགས་ཀུན་མཁྱེན་ཆེན་པོས་མཚན་ཉིད་ཀྱི་ཟུར་གསུམ་གསུངས་པ་དེ་བསྡོམས་ནས་ཀུན་རྫོབ་ཀྱི་མཚན་ཉིད་དང་། སོ་སོར་འབྱེད་ན་སྣང་ངོར་མི་བསླུ་བ་དེ་ཀུན་རྫོབ་ཙམ་གྱི་མཚན་ཉིད་དང་། འཁྲུལ་ངོར་མི་བསླུ་བ་དེ་ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད་དང་། འཇིག་རྟེན་ཐ་སྙད་ལ་མི་བསླུ་བ་དེ་ཀུན་རྫོབ་བདེན་པའི་མཚན་ཉིད་དུ་འདོད་དོ། །དེའི་ལུགས་ལ་འཇིག་རྟེན་ཐ་སྙད་དུ་མི་བསླུ་བ་ཞེས་པའི་དོན་ཐ་སྙད་ཚད་མས་རྟོགས་བྱར་གྱུར་པའི་ཡུལ་ལ་འདོད་དོ། །

གཉིས་པ་རང་ལུགས་བཞག་པ་ནི། གོང་གི་འདོད་པ་ལ་ཁོ་བོས་དམིགས་བསལ་གྱི་དགག་པ་ཞུ་བར་མ་སྤོབས་ཀྱང་། ཀུན་མཁྱེན་ཆེན་པོས། ཀུན་རྫོབ་བདེན་པའི་མཚན་ཉིད་སྣང་ངོར་མི་བསླུ་བའམ་འཁྲུལ་ངོར་མི་བསླུ་བའམ་འཇིག་རྟེན་ཐ་སྙད་དུ་མི་བསླུ་བ། ཞེས་པའི་གཞུང་ཚིག་ལ་རང་གི་བསམ་ཚུལ་མདོ་ཙམ་ཞུ་བ་ན། ཀུན་མཁྱེན་ཆེན་པོས་མཚན་ཉིད་རྣམ་པ་གསུམ་གསུངས་པ་དེ་གཅིག་ཏུ་བསྡོམ་ན་ཀུན་རྫོབ་བདེན་པའི་མཚན་ཉིད་གཅིག་དང། སོ་སོར་འབྱེད་ན་མཚོན་བྱ་ཐ་དད་ཡོད་དེ། སྣང་ངོར་མི་བསླུ་བ་དེ་འཕགས་པ་ལ་ལྟོས་པའི་ཀུན་རྫོབ་ཙམ་གྱི་མཚན་ཉིད་དང་། འཁྲུལ་ངོར་མི་བསླུ་བ་དེ་སོ་སྐྱེ་ལ་ལྟོས་པའི་ཀུན་རྫོབ་ཙམ་མམ་ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད། འཇིག་རྟེན་ཐ་སྙད་དུ་མི་བསླུ་བ་དེ་ཐ་སྙད་བདེན་པའམ་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་དོ། །འོན་ཀྱང་འཕགས་པ་མཉམ་བཞག་ཡཻས་ཀྱིས་རྟོགས་བྱར་གྱུར་པའི་གནས་ལུགས་རྣམ་གྲངས་པའི་དོན་དམ་བདེན་པ་དེ་ཀུན་རྫོབ་བདེན་པ་ཡིན་ཡང། དབུ་མ་འཇུག་པའི་གཞུང་གིས་བསྟན་བྱར་གྱུར་པའི་ཀུན་རྫོབ་བདེན་པའི་ཁོངས་སུ་མི་གཏོགས་པ་ནི་གནད་དམ་པའོ། །དེ་ལྟར་ཡིན་པ་ཡང་གང་ལས་ཤེས་སྙམ་ན། དབུ་མ་འཇུག་པས་བསྟན་བྱར་གྱུར་པའི་ཀུན་རྫོབ་བདེན་པ་དེ་ལས་དབྱེ་བ་བཞག་པའི་ཚེ། འཇིག་རྟེན་ཉིད་ལ་ལྟོས་པའི་བདེན་པ་དང་འཇིག་རྟེན་ཉིད་ལ་ལྟོས་པའི་བརྫུན་པ་རྣམ་པ་གཉིས་མ་གཏོགས་མ་དབྱེ་ཞིང་། བྱང་འཕགས་ཀྱིས་གཟིགས་བྱར་གྱུར་པའི་གནས་ལུགས་རྣམ་གྲངས་པའི་དོན་དམ་བདེན་པ་དེ་དེ་གཉིས་གང་ཡང་མ་ཡིན་པའི་ཕྱིར། དེས་ན་སློབ་དཔོན་ཟླ་བས། མཐོང་བ་བརྫུན་པའང་རྣམ་པ་གཉིས་འདོད་དེ། །ཞེས་དང་། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །ཞེས་པའི་ཚིག་བཅད་གཉིས་གསུངས་པ་དེའི་དོན་ལ་ལེགས་པར་བསམ་ན་རྣམ་གྲངས་པའི་དོན་དམ་བདེན་པ་དེ་འཇུག་པར་བསྟན་བྱར་གྱུར་པའི་ཀུན་རྫོབ་བདེན་པ་ཡིན་མིན་ལ་དོགས་པའི་གཞི་མེད་དོ། །དེས་ན་གོང་གི་མཚན་ཉིད་དེས་བསྟན་བྱར་གྱུར་པའི་ཀུན་རྫོབ་བདེན་པ་ནི། གནས་ལུགས་རྟོགས་པའི་ཐབས་སུ་གྱུར་པའི་འཇིག་རྟེན་ཐ་སྙད་ཀྱི་བདེན་པ་དང་། དེའི་མི་མཐུན་ཕྱོགས་སུ་གྱུར་པ་འཇིག་རྟེན་ཐ་སྙད་དུའང་བརྫུན་པའི་ཡུལ་རྣམ་པ་གཉིས་ཡིན་ནོ། །

དེས་ན་རྣམ་གྲངས་པའི་དོན་དམ་བདེན་པ་ནི་འཇུག་པར་བསྟན་པའི་དོན་དམ་བདེན་པའི་ཁོངས་སུ་གཏོགས་པ་ཡིན་ནོ། །དེ་ལའང་སྒྲུབ་བྱེད་ཀྱི་རིགས་པ་མདོ་ཙམ་ཞུ་བར་བྱ་ན། བདེན་པ་གཉིས་ཀྱི་རྣམ་བཞག་ནི་ཐབས་དང་ཐབས་བྱུང་གི་ཚུལ་དུ་བསྟན་དགོས་པ་ནི། འཇུག་པར། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །ཞེས་གསུངས་པ་ལྟར་ཡིན་ལ། དེ་ལྟར་ཡིན་ན་དེ་གཉིས་ཐབས་དང་ཐབས་བྱུང་དུ་འགྲོ་བའི་ཚུལ་ནི་ཀུན་མཁྱེན་ཆེན་པོས་ལམ་ཉིན་མོར་བྱེད་པ་ལས། ཀུན་རྫོབ་ཀྱི་བདེན་པའི་ཐབས་ལས་དོན་དམ་པའི་བདེན་པ་འབྱུང་བས་ཏེ། ཀུན་རྗོབ་ཇི་ལྟར་སྣང་བ་འདི། །རིགས་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་ཉིད་དོན་དམ་ཡིན། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་གསུངས་ཤིང་། རྣམ་གྲངས་པའི་དོན་དམ་བདེན་པ་དེ་ལ་སྐབས་འདིའི་ཐབས་བྱུང་དོན་དམ་བདེན་པའི་དོན་ཚང་བའི་ཕྱིར་རོ། །

ལོག་པའི་ཀུན་རྫོབ་ཀུན་རྫོབ་བདེན་པ་ཡིན་མིན་དཔྱད་པ་ལ། གཞན་གྱི་ལུགས་དགག་པ་དང་། རང་གི་ལུགས་བཞག་པ། དེ་ལ་རྩོད་པ་སྤོང་བ་དང་གསུམ་ལས། དང་པོ་ལ་། ལོག་པའི་ཀུན་རྫོབ་ཀུན་རྫོབ་བདེན་པ་མ་ཡིན་པར་འདོད་པའི་ལུགས་བརྗོད་པ་དང་། ཆ་ཤས་ཕྱེ་ནས་འདོད་པའི་ལུགས་བརྫོད་པ་གཉིས་ལས། དང་པོ་ནི། ལོག་པའི་ཀུན་རྫོབ་ཀུན་རྫོབ་བདེན་པར་མི་འདོད་པ་དག་གིས་སྒྲུབ་བྱེད་ཀྱི་ལུང་རིགས་མང་དུ་བཤད་ཀྱང་། གཙོ་བོ་ནི་རིག་པ་གསུམ་གྱི་སྒོ་ནས་བསྒྲུབ་པར་སྣང་ཏེ། རིག་པ་དང་པོ་ནི། ལོག་པའི་ཀུན་རྫོབ་ཆོས་ཅན། ཀུན་རྫོབ་བདེན་པ་མ་ཡིན་ཏེ། ཀུན་རྫོབ་ཀྱི་བློ་དེས་དེ་ལ་བདེན་པར་ཞེན་པ་མེད་པའི་ཕྱིར། དེའི་སྒྲུབ་བྱེད་ཀྱི་ལུང་ཡང་། འཇུག་པ་ལས། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །ཞེས་དང་། རང་འགྲེལ་ལས། ཀུན་རྫོབ་དེས་གང་ཞིག་བདེན་པར་སྣང་ཞིང་རང་བཞིན་མེད་བཞིན་དུ་རང་བཞིན་དུ་སོ་སོར་སྣང་བ་དེ་ནི་འཇིག་རྟེན་ཕྱིན་ཅི་ལོག་ཏུ་བདེན་པས་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་སྟེ། ཞེས་དང་། སློབ་དཔོན་ཛ་ཡ་ཨ་ནན་ཏས་དབུ་མ་ལ་འཇུག་པའི་འགྲེལ་བཤད་ལས། གང་ཞིག་ཀུན་རྫོབ་ཏུ་ཡང་བརྫུན་པ་ཞེས་བྱ་བ་ནི་གཟུགས་བརྙན་དང་བྲག་ཅ་ལ་སོགས་པ་རྣམས་ནི་ཀུན་རྫོབ་ཀྱི་བདེན་པར་མི་འགྱུར་ཏེ། བདེན་པར་ཞེན་པ་མེད་པའི་ཕྱིར་རོ། །ཞེས་པའི་ལུང་གིས་སྒྲུབ་པར་བྱེད་དོ། །

དེ་ལ་འདི་ཞུ་བར་བྱ་སྟེ། ཀུན་རྫོབ་བདེན་པ་དང་འཇིག་རྟེན་ཀུན་རྫོབ་བདེན་པ་གཉིས་ལ་ཁྱད་པར་ཡོད་མེད་གང་། ཁྱད་པར་ཡོད་ན། ཀུན་རྫོབ་ཀྱི་བློས་བདེན་པར་ཞེན་པའི་ཆ་ནས་བཞག་པ་དེ་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་པ་ཡིན་པས་ལོག་པའི་ཀུན་རྫོབ་ལ་སྐྱོན་དེ་མི་གནས་སོ། །དེ་ལྟར་ཡིན་པ་ཡང་འཇུག་པ་རང་འགྲེལ་ལས། ཀུན་རྫོབ་དེས་གང་ཞིག་བདེན་པར་སྣང་ཞིང་རང་བཞིན་མེད་བཞིན་དུ་རང་བཞིན་དུ་སོ་སོར་སྣང་བ་དེ་ནི་འཇིག་རྟེན་ཕྱིན་ཅི་ལོག་ཏུ་བདེན་པས་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་སྟེ། ཞེས་དང་། སློབ་དཔོན་ཟླ་བས་གོང་བའི་རྩ་བ་དེའི་དབུར། དེ་ལ་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་བདེན་པ་བསྟན་པར་བྱ་བའི་ཕྱིར། ཞེས་པའི་ཚིག་དངོས་སུ་གསལ་བས་སོ། །སློབ་དཔོན་ཛ་ཡ་ཨ་ནན་ཏས་གསུངས་པའང་དེ་ལ་དགོངས་སོ། །གལ་ཏེ་དེ་གཉིས་ལ་ཁྱད་པར་མེད་ན། ཀུན་རྫོབ་བདེན་པ་ལ་ཡུལ་ཡུལ་ཅན་ཡང་ལོག་གི་དབྱེ་བ་གཉིས་བཞེད་པ་དང་། འཇིག་རྟེན་ཀུན་རྗོབ་བདེན་པ་ནི་ཀུན་མཁྱེན་ཆེན་པོས། རྣམ་པ་གཅིག་ཏུ་ན། འཇིག་རྟེན་ཀུན་རྗོབ་ཀྱི་བདེན་པ་ཞེས་ཀྱང་བྱ་སྟེ། ཆོས་ཐམས་ཅད་རང་བཞིན་མེད་ཅིང་སྟོང་པ་ལས་འཇིག་རྟེན་གྱི་ཕྱིན་ཅི་ལོག་གི་དངོས་པོ་སྐྱེ་ཞིང་འབྱུང་བར་མཐོང་བ་ལ་སོགས་པ་འཇིག་རྟེན་གྱི་ཐ་སྙད་དང་གྲགས་པ་ཙམ་དུ་བདེན་པ་སྟེ། ཞེས་དང་།  རྣམ་པ་གཅིག་ཏུ་ན། རབ་རིབ་དང་ལིང་ཐོག་གི་སྔོན་པོ་དང་། མིག་སེར་ལ་སོགས་པས་དབང་པོ་ཉམས་པས་མཐོང་བ་དང་གྲུབ་མཐའ་ངན་པས་གདགས་པའི་བདག་ལ་སོགས་པ་ཕྱིན་ཅི་ལོག་ཏུ་གནས་པ་དེ་དག་ནི་འཇིག་རྟེན་མ་ཡིན་ཏེ། དེ་དག་གི་ཀུན་རྫོབ་གང་ཡིན་པ་དེ་ནི་འཇིག་རྟེན་ཀུན་རྫོབ་བདེན་པ་མ་ཡིན་པས། ཞེས་འཇིག་རྟེན་གྱི་ཐ་སྙད་དུ་བདེན་པར་གསུངས་ཤིང་། ལོག་པའི་ཀུན་རྫོབ་དེ་འཇིག་རྟེན་ཀུན་རྫོབ་བདེན་པ་མ་ཡིན་པར་གསུངས་པ་གཉིས་མི་འགལ་ལམ། ལེགས་པར་སོམས་ཤིག ཁོ་བོ་ནི་ཀུན་རྫོབ་བདེན་ལ་ཡུལ་དང་ཡུལ་ཅན་གྱི་ཡང་ལོག་གཉིས་སུ་ཕྱེ་བའི་ལོག་པ་དེ་། འཇིག་རྟེན་ཐ་སྙད་དུའང་བརྫུན་པར་ཁས་ལེན་དགོས་པར་སྣང་བས། ཀུན་རྫོབ་བདེན་པ་དང་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་གཉིས་དོན་གཅིག་ཏུ་ཁས་ལེན་ནུས་པའི་སྤོབས་པ་མ་མཆིས་སོ། །

རིག་པ་གཉིས་པ་ནི། ལོག་པའི་ཀུན་རྫོབ་ཆོས་ཅན། ཀུན་རྫོབ་བདེན་པ་མ་ཡིན་ཏེ། དོན་དམ་བདེན་པའི་ཐབས་སུ་མ་གྱུར་པའི་ཕྱིར། དེ་ཡང་བདེན་པ་གཉིས་སུ་ཕྱེ་བ་ནི་ཐབས་དང་ཐབས་བྱུང་དུ་གྱུར་པའི་སྒོ་ནས་ཕྱེ་བ་ཡིན་པར་འདོད་དོ། །དེ་སྒྲུབ་བྱེད་ཀྱི་ལུང་ནི། །སློབ་དཔོན་གྱིས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་ནུས། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་དང་། སློབ་དཔོན་ཟླ་བས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །ཞེས་པའི་ལུང་གིས་སྒྲུབ་པར་བྱེད་དོ། །

དེ་ལའང་ཀུན་རྫོབ་བདེན་པ་སྤྱི་ལྡོག་ནས་དོན་དམ་བདེན་པའི་ཐབས་སུ་ཁས་མི་ལེན་པ་འདྲ་སྟེ། སློབ་དཔོན་གྱིས། ཐ་སྙད་ལ་ནི་མ་བརྟེན་པར། །ཞེས་དང་། དཔལ་ལྡན་ཟླ་བས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །ཞེས་གསུངས་ཀྱི། ཀུན་རྫོབ་བདེན་པ་ཐབས་སུ་གྱུར་པ་དང་། ཞེས་མ་གསུངས་པའི་ཕྱིར། དེས་ན་སངས་རྒྱས་ཀྱིས་ཀུན་རྫོབ་བདེན་པ་བསྟན་ཞེས་པའང་། ཀུན་རྫོབ་བདེན་པ་ཐ་དག་བསྟན་མི་དགོས་ཀྱི་དོན་དམ་བདེན་པའི་ཐབས་སུ་གྱུར་པའི་ཀུན་རྫོབ་བདེན་པ་དེ་བསྟན་དགོས་པ་ཡིན་ཏེ། དེ་ལ་དགོངས་ནས་སློབ་དཔོན་གྱིས། འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །ཞེས་གསུངས་པའི་ཕྱིར།

རིག་པ་གསུམ་པ་ནི། ལོག་པའི་ཀུན་རྫོབ་ཆོས་ཅན། ཀུན་རྫོབ་བདེན་པ་མ་ཡིན་ཏེ། མ་རིག་པའི་ལིང་ཐོག་གིས་བློའི་མིག་ཁེབས་པའི་དབང་གིས་སྣང་བ་མ་ཡིན་པའི་ཕྱིར། །དེའི་སྒྲུབ་བྱེད་ཀྱི་ལུང་ནི། འཇུག་པ་རང་འགྲེལ་ལས། གཞན་ནི་སོ་སོ་སྐྱེ་བོའི་མ་རིག་པའི་རབ་རིབ་ཀྱི་ལིང་ཐོག་གིས་བློའི་མིག་མ་ལུས་པར་ཁེབས་པ་རྣམས་ཀྱི་མཐོང་བ་བརྫུན་པའི་སྟོབས་ལས་བདག་གི་ཡོད་པ་རྙེད་པ་ཡིན་ཏེ། ཞེས་པའི་ལུང་གིས་སྒྲུབ་པར་བྱེད་དོ། །

དེ་ལ་ཁོ་བོས་ཐག་ཆོད་པའི་ལན་ཞིག་ཞུ་བར་མ་སྤོབས་ཀྱང་། ལོག་པའི་ཀུན་རྫོབ་དེ་མཐའ་གཅིག་ཏུ་མ་རིག་པའི་ལིང་ཐོག་གིས་བློའི་མིག་ཁེབས་པའི་དབང་གིས་སྣང་བ་མ་ཡིན་པའང་ཁས་ལེན་ནུས་པ་དཀའ་སྟེ། སློབ་དཔོན་ཛ་ཡ་ཨཱནནྡས། གང་ཞིག་ཀུན་རྫོབ་ཏུ་ཡང་བརྫུན་པ་ཞེས་བྱ་བ་ནི་གཟུགས་བརྙན་དང་བྲག་ཅ་ལ་སོགས་པ་རྣམས་ནི་ཀུན་རྫོབ་ཀྱི་བདེན་པར་མི་འགྱུར་ཏེ། བདེན་པར་ཞེན་པ་མེད་པའི་ཕྱིར་རོ། །དོན་དམ་པའི་བདེན་པའང་མི་འགྱུར་ཏེ། གཏི་མུག་གི་དབང་གིས་སྣང་བའི་ཕྱིར་རོ། །ཞེས་ལོག་པའི་ཀུན་རྫོབ་ཀྱི་བསྡུས་པའི་ཆོས་ལའང་གཏི་མུག་གི་དབང་གིས་སྣང་བ་ཡོད་པར་གསུངས་པའི་ཕྱིར། ཡིན་ཡང་ཁོ་བོའི་བསམ་ཚུལ་ཅུང་ཟད་ཞུ་བར་བྱ་ན། ཀུན་རྫོབ་སྣང་བྱེད་ཀྱི་རྐྱེན་དེ་ལ་གཏི་མུག་དང་གནས་སྐབས་ཀྱི་འཁྲུལ་རྒྱུ་རྣམ་པ་གཉིས་ལས། ལོག་པའི་ཀུན་རྫོབ་ནི་ཕྱི་མ་གནས་སྐབས་ཀྱི་འཁྲུལ་རྒྱུས་སྣང་བ་ཡིན་པར་འདྲ། དེ་ལྟར་འཇོག་པ་ལ་གོང་གི་རིགས་པས་གནོད་པ་མེད་དེ། གོང་དུ་འཇུག་པ་རང་འགྲེལ་གྱི་ལུང་དོན་ནི་ཀུན་རྫོབ་བདེན་པ་དེ་ལ་ཡང་ལོག་གི་ཁྱད་པར་རྣམ་པ་གཉིས་གསུངས་པའི་སྔ་མ་ལ་དགོངས་པའི་ཕྱིར་རོ། །

གཉིས་པ་ལོག་པའི་ཀུན་རྫོབ་ལ་ཆ་ཤས་ཕྱེ་ནས་འདོད་པའི་ལུགས་བརྗོད་པ་ནི། ཁ་ཅིག ལོག་པའི་ཀུན་རྫོབ་ལ་ཡུལ་དང་ཡུལ་ཅན་གྱི་ཆ་གཉིས་སུ་ཕྱེ་བའི་དང་པོ་ནི་ཐ་སྙད་བདེན་པ་མ་ཡིན་ཏེ། ཁྱོད་རྟོགས་པའི་ཐ་སྙད་ཚད་མ་མེད་པའི་ཕྱིར། གཉིས་པ་ནི་ཐ་སྙད་བདེན་པ་ཡིན་ཏེ། ཁྱོད་རྟོགས་པའི་ཐ་སྙད་ཚད་མ་ཡོད་པའི་ཕྱིར་ཏེ། རང་རིག་མངོན་སུམ་དང་གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་རྟོགས་པའི་ཕྱིར། ཞེས་འདོད་དོ། །ལུགས་དེ་ལའང་གྲུབ་མཐའི་ཁྱད་པར་འབྱེད་མ་ཤེས་པའི་སྐྱོན་དང་། ཡུལ་དང་ཡུལ་ཅན་ལྟོས་འཇོག་མ་ཡིན་པར་ཐལ་བ་དང་། རང་རིག་ཁས་ལེན་པས་གཞན་དབང་བདེན་གྲུབ་འགོག་བྱེད་ཀྱི་རིག་པ་མི་འཐད་པར་ཐལ་བ་སོགས་སྐྱོན་གྱི་འཕྲེང་བ་མང་དུ་སྣང་ཡང་རེ་ཞིག་བཏང་སྙོམས་སུ་བྱའོ། །

གཉིས་པ་རང་ལུགས་བཞག་པ་ནི། ལོག་པའི་ཀུན་རྫོབ་ཀུན་རྫོབ་བདེན་པ་ཡིན་པ་ནི་གཞུང་རྩ་བའི་དགོངས་པ་ཡིན་པར་སྣང་སྟེ། རྩ་བར་བདེན་པ་གཉིས་ཀྱི་ངོ་བོ་བསྟན་པར་བཞེད་ནས། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །ཞེས་པའི་ཚིགས་སུ་བཅད་པ་གཅིག་གསུངས་ཤིང་། དེའི་རང་འགྲེལ་དུ། མཐོང་བ་ཡང་དག་པའི་ཡུལ་གང་ཡིན་པ་དེ་ནི་དེ་ཉིད་དེ། དེ་ནི་དོན་དམ་པའི་བདེན་པའོ། །ཞེས་དང་། མཐོང་བ་བརྫུན་པའི་ཡུལ་གང་ཡིན་པ་དེ་ནི་ཀུན་རྫོ་བ་ཀྱི་བདེན་པའོ། །ཞེས་གསུངས། སྐབས་འདིའི་མཐོང་བ་བརྫུན་པ་དེ་ལའང་སྐྱོན་ལྡན་དབང་ཅན་རྣམས་ཀྱི་ཤེས་པ་དང་། སྐྱོན་མེད་དབང་ཅན་རྣམས་ཀྱི་ཤེས་པ་གཉིས་དང་། དེའི་ཡུལ་ཡང་འཇིག་རྟེན་ཉིད་ལས་བདེན་པ་དང་ལོག་པའི་ཡུལ་གཉིས་ཡོད་པར་བསྟན་པའི་ཕྱིར། མཐོང་བ་བརྫེན་པའང་རྣམ་པ་གཉིས་འདོད་དེ། །ཞེས་པའི་ཚིགས་སུ་བཅད་པ་གཅིག་དང་། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །ཞེས་པའི་ཚིགས་སུ་བཅད་པ་གཅིག་གསུངས་པ་ཡིན་པས། གཞུང་རྩ་བར་ལེགས་པར་བསམ་ཞིབ་བྱ་ན་ལོག་པའི་ཀུན་རྫོབ་ཀུན་རྫོབ་བདེན་པ་ཡིན་མིན་ལ་དོགས་པའི་གཞི་མེད་དོ། །

དེར་མ་ཟད་མཐོང་བ་བརྫུན་པ་དེ་ལ་ཡང་ལོག་གཉིས་སུ་ཡོད་པ་དེ་གཞུང་རྩ་བའི་དགོངས་པ་ཡིན་པ་གང་ཞིག མཐོང་བ་བརྫུན་པའི་ཡུལ་ཡིན་ན་ཀུན་རྫོབ་བདེན་པ་ཡིན་པས་ཁྱབ་པའི་ཕྱིར། དེ་ནི་སློབ་དཔོན་ཟླ་བའི་དགོངས་པ་དྲི་མ་མེད་པ་ཡིན་ཏེ། འཇུག་པ་རང་འགྲེལ་ལས། མཐོང་བ་བརྫུན་པའི་ཡུལ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཞེས་གསུངས་པའི་ཕྱིར། ཀུན་མཁྱེན་ཆེས་པོས་ཀྱང་དེ་ལྟར་དུ་བཞེད་པ་ཡིན་ཏེ་ཀུན་རྫོབ་བདེན་པའི་མཚན་ཉིད་བཤད་ནས། ཡུལ་ཅན་ཡང་ལོག་གཉིས་དང་། ཡུལ་ཡང་ལོག་གཉིས་དེའི་དབྱེ་བར་བསྟན་པའི་ཕྱིར་།  མཐོང་བ་བརྫུན་པའང་རྣམ་པ་གཉིས་འདོད་དེ། །ཞེས་པའི་ཚིགས་སུ་བཅད་པ་གཉིས་པོ་དེ་དྲངས་པ་ཡིན་པའི་ཕྱིར།

བཞི་པ་ཐབས་དང་ཐབས་བྱུང་འགྲོ་ཚུལ་ནི། ཁ་ཅིག འཇུག་པར་བསྟན་པའི་ཐབས་དང་ཐབས་བྱུང་དེ་རྣམ་འགྲེལ་གྱི་དགོངས་པ་གཞིར་བཟུང་ནས་ཐབས་བྱུང་སངས་རྒྱས་ཀྱི་ཡཻས་ཁོ་ནར་འདོད་དོ། །དེར་དཔྱད་ན་དཔལ་ལྡན་ཨ་ཏི་ཤས་བདེན་གཉིས་ལ་འཇུག་པར། ཀུན་རྫོབ་ཇི་ལྟར་སྣང་བ་དེ། །རིགས་པས་བརྟགས་ན་འགའ་མ་རྙེད། །མ་རྙེད་པ་ཉིད་དོན་དམ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་གསུངས་ཤིང་། ལུང་དེས་རང་ལུགས་ཀུན་མཁྱེན་ཆེན་པོའི་ལུགས་ལ་བདེན་གཉིས་ཐབས་ཐབས་བྱུང་དུ་འགྲོ་ཚུལ་བསྟན་པར་བཞེད་པ་ནི་ལམ་ཉིན་མོར་བྱེད་པ་ལས་གསལ། དེ་ལྟར་ཡིན་ན་བྱང་འཕགས་ཀྱིས་གཟིགས་བྱར་གྱུར་པའི་གནས་ལུགས་དེ་རིགས་པས་དཔྱད་ན་མ་རྙེད་པའི་ཆོས་ཉིད་དེ་ཡིན་མིན་གང་། དང་པོ་ལྟར་ན་དེ་ཡང་ཐབས་བྱུང་གི་དོན་ཚང་བས་ཐབས་བྱུང་དུ་ཁས་ལེན་པ་ལ་གནོད་བྱེད་མ་མཐོང་ཞིང་། གཉིས་པ་ལྟར་ན་བྱང་སེམས་འཕགས་པས་མཐའ་བཞི་དང་བྲལ་བའི་གནས་ལུགས་མ་རྟོགས་པར་ཐལ་བས་སྙིང་པོ་མེད་དོ། །དེས་ན་རྣམ་འགྲེལ་ལས་བཤད་པའི་ཐབས་དང་ཐབས་བྱུང་ནི་ཡུལ་ཅན་གྱི་ཆར་འཆད་དགོས་ཤིང་། འཇུག་པར་བཤད་པའི་ཐབས་ཐབས་བྱུང་ནི་གཙོ་བོ་ཡུལ་གྱི་ཆར་འཆད་དགོས་པས་བཤད་ཚུལ་མི་འདྲ་ལ། ཁས་ལེན་ཚུལ་ཡང་མི་འདྲ་བས་དེ་གཉིས་གཅིག་ཏུ་ཁས་ལེན་དགོས་པའི་དགོས་པ་མ་མཐོང་ངོ། །དེ་ལྟར་མིན་ཐལ་འགྱུར་པའི་དགོངས་པར་ཀ་བ་དང་བུམ་པ་ལ་སོགས་ཐ་སྙད་ཀྱིས་བསྡུས་པའི་ཆོས་དེ་ཐབས་སུ་ཁས་ལེན་མི་ནུས་པར་འགྱུར་ཏེ། རྣམ་འགྲེལ་ལས་བཤད་པའི་ཐ་སྙད་ཚད་མ་དེ་མ་ཡིན་པའི་ཕྱིར་རོ། །དེས་ན་རང་ལུགས་ཀུན་མཁྱེན་ཆེན་པོའི་རྗེས་འབྲང་དུ་ཞལ་གྱིས་བཞེད་པ་དག་གིས་ཐལ་འགྱུར་པའི་གཞུང་ལུགས་ལས་བཤད་པའི་ཐབས་ཐབས་བྱུང་གི་དོན་གོང་གི་ལུང་དོན་ལ་གཟིགས་རྟོག་བྱུང་ན་མ་ཤེས་པའི་གནས་མེད་དོ། །[][]

པུན་ཌ་རི་ཀའི་དྲི་བསུང་སྤེལ་བའི་དགེས། །སྐལ་ལྡན་བུང་བའི་ཚོགས་རྣམས་ཚིམས་འགྱུར་ཅིག །

ཅེས་པའང་གསེར་ལུང་པད་དཀར་ཆོས་གླིང་དགོན་འཛིན་གྲྭ་ཚང་གི་སློབ་གཉེར་བ་ཀུན་བཟང་སྟོབས་རྒྱས་མིང་པས་བྲིས་པ་དགེའོ། །སྤྱི་ཚེས་ ༣༠/༠༧/༢༠༢༤ ལ་ཡོངས་འབྲེལ་ཐོག་ཏུ་སྤེལ་ཡོད།

༼བདེན་གཉིས་ཀྱི་སྐོར་ལ་ཅུང་ཟད་དཔྱད་པ་གཞོན་ནུ་མཁས་པའི་ངང་ཚུལ་ཞེས་བྱ་བ་བཞུགས་སོ། །༽[༡༠][༡༡]

[ཞུན་དག]

གང་སྐུ་ཚུལ་ཁྲིམས་གཙང་བ་རྣམ་དག་གི་ཕུང་པོ། །

གང་གསུང་ཆོས་དབྱངས་སྒྲོག་པ་མཁའ་ཁྱབ་ཀྱི་བདུད་རྩི། ། [༡༡]

གང་ཐུགས་གཞན་ཕན་ལྷག་བསམ་རྒྱུན་སྐྱོང་གི་ངང་ལས། །

གང་འདོད་དངོས་གྲུབ་སྟེར་བའི་བླ་མ་ལ་འདུད་དོ། །


བདེན་གཉིས་གནས་ལུགས་མངོན་དུ་མ་འགྱུར་པར། །

འཁོར་བར་རང་དབང་བྱེད་པའི་ནུས་པས་དབེན། །

དེ་ཕྱིར་མཁྱེན་འདོད་ཆེ་བའི་སྐྱེ་བོ་ལ། །

གཞུང་དོན་ཅི་ནུས་བདག་གིས་འཆད་དོ་ཉོན། །


ཞེས་མཆོདཔར་བརྗོད་པ་དང་དམ་བཅའ་སྔོན་བཏང་གི་མོད་ལ། བདེན་པ་གཉིས་ཀྱི་རྣམ་གཞག་གཏན་ལ་འབེབས་པ་ཡིན་ལ། དགོས་པ་ཅི་ཡིན་ཞེ་ན། ཇོ་བོ་རྗེ་ལྷ་གཅིག་གིས། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཞེས་གསུངས་པ་ལྟར་ཡིན་ལགས། དེ་ལ་ཡང་། ༡ གཞུང་འགྲེལ་གྱིས་མདོར་བསྟན། ༢ མཐའ་དཔྱད་ཀྱིས་རྒྱས་པར་བཤད། ༣ ངག་དོན་གྱིས་མཇུག་བསྡུ་བ་དང་གསུམ་ལས།

དང་པོ་གཞུང་འགྲེལ་གྱིས་མདོར་བསྟན་པ་ནི། ཡབ་སྲས་མཇལ་བའི་མདོ་ལས། འཇིག་རྟེན་ཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་འདི་གཉིས་ཉིད་ཀྱིས་བསྟན་པར་མཛད། །གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་འགའ་ཡང་མ་མཆིས་སོ། །ཞེས་གསུངས་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་ བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་གསུངས་པ་དང་། དབུ་མ་འཇུག་པ་ལས། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་ཡིན་དེ་ཉིད་དེ། །མཐོང་བ་བརྫུན་པ་ཀུན་རྫོབ་བདེན་པ་ གསུངས། །ཞེས་གསུངས་སོ། །

གཉིས་པ་མཐའ་དཔྱད་ཀྱི་རྒྱས་པར་བཤད་པ་ལ། ༡ ཀུན་རྫོབ་བདེན་པ་གཙོ་བོར་བྱས་ནས་བསྟན་པ་དང་། ༢ དོན་དམ་བདེན་པ་མཚོན་པ་ཙམ་གྱི་སྒོ་ནས་བསྟན་པ་གཉིས་ལས། དང་པོ་ཀུན་རྫོབ་བདེན་པ་གཙོ་བོར་བྱས་ནས་བསྟན་པ་ལ། ༡ ཀུན་རྫོབ་བདེན་པ་དང་འཇིག་རྟེན་ ཀུན་རྫོབ་བདེན་པ་གཉིས་ལ་དཔྱད་པ། ༢ ཐ་སྙད་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ལ་དཔྱད་པ། ༣ ཀུན་རྫོབ་བདེན་པ་རང་གི་ངོ་བོ་དང་དབྱེ་བ་བཤད་པ་དང་གསུམ་ལས།

དང་པོ་ཀུན་རྫོབ་བདེན་པ་དང་འཇིག་རྟེན་ཀུན་རྫོབ་བདེན་པ་གཉིས་ལ་དཔྱད་པ་ནི། ཀུན་རྫོབ་བདེན་པ་དང་འཇིག་རྟེན་ཀུན་རྫོབ་བདེན་པ་གཉིས་ལ་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད་དེ། འཇིག་རྟེན་ཀུན་རྫོབ་བདེན་པ་ཡིན་ན་ཀུན་རྫོབ་བདེན་པ་ཡིན་པས་ཁྱབ་ཀྱང་། ཀུན་རྫོབ་བདེན་པ་ཡིན་ན་འཇིག་ རྟེན་ཀུན་རྫོབ་བདེན་པ་ཡིན་པས་མ་ཁྱབ་སྟེ། ཀུན་རྫོབ་ཙམ་དང་ལོག་པའི་ཀུན་རྫོབ་གཉིས་ཆོས་ཅན། ཀུན་རྫོབ་ཙམ་ནི་འཇིག་རྟེན་ཀུན་རྫོབ་བདེན་པ་མིན་ཏེ། བློ་འཇིག་རྟེན་པའི་ངོར་བདེན་པར་སྣང་བ་མེད་པའི་ཕྱིར། ལོག་པའི་ཀུན་རྫོབ་ཀྱང་འཇིག་རྟེན་ཀུན་རྫོབ་བདེན་པ་མིན་ཏེ། འཇིག་རྟེན་པའི་བློ་ལ་བལྟོས་ནས་ཀྱང་ལོག་པ་ཡིན་པའི་ཕྱིར་རོ། ། དེ་ལྟ་བུའི་ཁྱད་པར་ཡང་རང་གི་རྣམ་པར་རྟོག་པ་ཙམ་མིན་པ་གཞུང་ཚད་ལྡན་རྣམས་ཀྱི་དགོངས་ པ་ཡང་ཡིན་ཏེ། འཇུག་འགྲེལ་ལས། དེ་ཡང་ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ཅན་གྱི་མ་རིག་པ་སྤངས་པ། འདུ་བྱེད་གཟུགས་བརྙན་ལ་སོགས་པའི་ཡོད་པ་ཉིད་དང་འདྲ་བར་གཟིགས་པ་རྣམས་ལ་ནི་བཅོས་མའི་རང་བཞིན་ཡིན་གྱི་བདེན་པ་ནི་མ་ཡིན་ཏེ། བྱིས་པ་རྣམས་ལ་ནི་བསླུ་བར་བྱེད་པ་ཡིན་ལ། དེ་ལས་གཞན་པ་རྣམས་ལ་ནི་སྒྱུ་མ་ལ་སོགས་པ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱིས་ཀུན་རྫོབ་ཙམ་དུ་འགྱུར་རོ། །དེ་ཡང་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་མ་རིག་པ་ཙམ་ཀུན་ཏུ་སྤྱོད་པའི་ཕྱིར། ཞེས་གསུངས་པ་དང་། ལོག་པའི་ཀུན་རྫོབ་འཇིག་རྟེན་ཀུན་རྫོབ་བདེན་པ་མིན་པ་ཡང་། ཀུན་མཁྱེན་ཆེན་པོས། རབ་རིབ་དང་ལིང་ཐོག་གི་སྔོན་པོ་དང་། མིག་སེར་ལ་སོགས་པས་དབང་པོ་ཉམས་པས་མཐོང་བ་དང་གྲུབ་མཐའ་ངན་པས་གདགས་པའི་བདག་ལ་སོགས་པ་ཕྱིན་ཅི་ལོག་ཏུ་གནས་པ་དེ་དག་ནི་འཇིག་རྟེན་མ་ཡིན་ཏེ། དེ་དག་གི་ཀུན་རྫོབ་གང་ཡིན་པ་དེ་ནི་འཇིག་རྟེན་ཀུན་རྫོབ་བདེན་པ་མ་ཡིན་པས། ཞེས་གསུངས་སོ། ། དེ་ལྟར་ན་འཇིག་རྟེན་ཀུན་རྫོབ་བདེན་པ་ནི། ཀུན་མཁྱེན་ཆེན་པོས། མ་རིག་པའི་ལིང་ཐོག་གིས་བློའི་མིག་མ་ལུས་པར་ཁེབས་པ་རྣམས་ཀྱི་མཐོང་བ་བརྫུན་པས་རྙེད་པའི་ངོ་བོ་ཞིག་གོ། །ཞེས་གསུངས་པའི་མཚན་ཉིད་ཅན་ཅིག་དགོས་པ་ཡིན་ཏེ། སྤྱོད་འཇུག་གི་འབྲུ་འགྲེལ་དབུ་མའི་ལམ་གྱི་སྒྲོན་མ་ལས། དེའི་དང་པོ་གཏི་མུག་གི་སླད་པ་ཞུགས་ཀྱང་། ཐ་སྙད་ཙམ་དུ་མི་འཁྲུལ་བས་བདེན་པར་བཞག་སྟེ། ཞེས གསུངས་པའི་ཕྱིར།


གཉིས་པ་ཐ་སྙད་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ལ་དཔྱད་པ་ནི། དེ་གཉིས་ཀྱི་ཁྱད་པར་ཡང་འདི་ལྟར་ཏེ། འཇུག་པར། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་འབྱུང་གྱུར་པ་དེ། །ཞེས་པ་ལྟར། ཐ་སྙད་བདེན་པ་ནི་རྣམ་གྲངས་པའི་དོན་དམ་བདེན་པ་དང་། རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་གཉིས་ཀྱི་ཐབས་ཅིག་ལ་བཞག་དགོས་པ་མ་གཏོགས། འཇིག་རྟེན་ཐ་སྙད་ཀྱི་ངོར་ཡོད་པ་ཙམ་ལ་ནི་མིན་ཏེ། དཔེར་ན་ནམ་མཁའ་འདི་འཇིག་རྟེན་གྲགས་པའི་ངོར་བདེན་ཀྱང་། དེ་ལས་རྣམ་གྲངས་པ་དང་རྣམ་གྲངས་མིན་པའི་བདེན་པ་གང་ཡང་རྟོགས་མི་ཐུབ་པའི་ཕྱིར་ཡིན་ནོ། །དེའི་ཕྱིར་ཐ་སྙད་བདེན་པ་ཡིན་ན་ཀུན་རྫོབ་བདེན་པ་ཡིན་པས་ཁྱབ་ཀྱང་། ཀུན་རྫོབ་བདེན་པ་ཡིན་ན་ཐ་སྙད་བདེན་པ་ཡིན་པས་མ་ཁྱབ་བོ། ། ཐ་སྙད་བདེན་པ་དོན་དམ་བདེན་པའི་ཐབས་སུ་འགྱུར་ཚུལ་ཡང་། ཀུན་མཁྱེན་ཆེན་པོས། དྭགས་ པོའི་ཆོས་བཞིའི་རྣམ་བཤད་སྐྱེས་བུ་གསུམ་གྱི་ལམ་ཉིན་མོར་བྱེད་པ་ལས། ཀུན་རྫོབ་ཀྱི་བདེན་པའི་ ཐབས་ལས་དོན་དམ་པའི་བདེན་པ་འབྱུང་བས་ཏེ། ཀུན་རྫོབ་ཇི་ལྟར་སྣང་བ་འདི། །རིགས་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་ཉིད་དོན་དམ་ཡིན། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་པའི་ཚུལ་གྱིས་སོ། །ཞེས་གསུངས་སོ།     གསུམ་པ་ཀུན་རྫོབ་བདེན་པ་རང་གི་ངོ་བོ་དང་དབྱེ་བ་བཤད་པ་ནི། ཀུན་རྫོབ་བདེན་པའི་ངོ་བོ་ནི། གཞུང་གསུམ་གསལ་བྱེད་ལས། སྣང་ངོར་མི་བསླུ་བའམ། འཁྲུལ་ངོར་མི་བསླུ་བའམ། འཇིག་རྟེན་ཐ་སྙད་དུ་མི་བསླུ་བ། ཞེས་གསུངས་པ་དེ་ཡིན་ནོ། ། མཚན་ཉིད་དེ་ལ་རང་གི་བསམ་ཚུལ་ཅུང་སྨོས་ན། མཚན་ཉིད་དེ་ཡང་། མཚོན་བྱ་རང་ལ་གསུམ་ཀར་བདེན་དགོས་ཀྱང་། རང་གི་མཚན་གཞི་ལ་གང་རུང་ཅིག་ལྡན་ནའང་ཆོག་པར་བསམ་ནས། དེ་དག་གི་དོན་ཡང་། སྣང་ངོར་མི་ བསླུ་བ་ཞེས་པས་མངོན་སུམ་ཚད་མའི་ངོར་མི་བསླུ་བ་དང་། འཁྲུལ་ངོར་མི་བསླུ་བ་ཞེས་པས་བློ་འཁྲུལ་པའི་ངོར་མི་བསླུ་བ་དང་། འཇིག་རྟེན་ཐ་སྙད་དུ་མི་བསླུ་བ་ཞེས་པས་འཇིག་རྟེན་གྲགས་པའི་ངོར་མི་བསླུ་བ་ཅིག་ཡིན་དགོས་པར་སེམས་སོ། །ཀུན་རྫོབ་བདེན་པ་དེ་ལ་དབྱེ་ན། ༡ ཀུན་རྫོབ་ཙམ། ༢ ཡང་དག་ཀུན་རྫོབ། ༣ ལོག་པའི་ཀུན་རྫོབ་རྣམས་ཡིན་ནོ། ། གཉིས་པ་དོན་དམ་བདེན་པ་མཚོན་པ་ཙམ་གྱི་སྒོ་ནས་བསྟན་པ་ཡང་། འཇུག་འགྲེལ་ལས། དོན་དམ་པའི་བདེན་པ་བསྟན་པར་འདོད་པས་དེ་ནི་བརྗོད་དུ་མེད་པའི་ཕྱིར་དང་ཤེས་པའི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་དངོས་སུ་བསྟན་པར་མི་ནུས་པས། ཉན་པར་འདོད་པ་རྣམས་ལ་རང་གི་མྱོང་བ་ཉིད་དུ་དེའི་རང་བཞིན་གསལ་བར་བྱ་བའི་ཕྱིར་དཔེ་བཤད་པ། ཞེས་གསུངས་པ་ལྟར་ཡིན་ཏེ། དེ་བཤད་པ་ལ་ཡང་། ༡ དོན་དམ་པ་དང་དོན་དམ་བདེན་པ་གཉིས་ཀྱི་ཁྱད་པར། ༢ དོན་དམ་བདེན་པ་རང་གི་ངོ་བོ་བཤད་པ་དང་གཉིས་ལས།

དང་པོ་དོན་དམ་པ་དང་དོན་དམ་བདེན་པ་གཉིས་ཀྱི་ཁྱད་པརནི། དོན་དམ་པ་ལ་དབྱེ་ན། སོ་སོ་སྐྱེ་བོ་རྣམས་ཀྱིས་བཞག་པའི་དོན་དམ་པ་དང་། སངས་རྒྱས་ལས་གཞན་པའི་འཕགས་པ་རྣམས་ཀྱི་དོན་དམ་པ་དང་། སངས་རྒྱས་ཀྱི་དོན་དམ་པ་དང་གསུམ་ལས། དང་པོ་ནི། འཕགས་པ་སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་རྣམས་ཀྱི་ཀུན་རྫོབ་ཡིན་ལ། གཉིས་པ་ནི། ཀུན་རྫོབ་ཙམ། དེ་གཉིས་ཀ་རྣམ་གྲངས་པའི་དོན་དམ་བདེན་པ། གསུམ་པ་ནི། སངས་རྒྱས་ཀྱི་གཟིགས་ངོར་མི་བསླུ་བ་གང་ཡིན་པའོ། །དེ་གསུམ་ལས་དང་པོ་གཉིས་ཐ་སྙད་ཀྱི་ཕྱིར་ཕྱིན་ཅི་མ་ལོག་པས་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། ཕྱི་མ་ནི་དོན་དམ་བདེན་པ་མཚན་ཉིད་པ་ཡིན་ནོ། །

གཉིས་པ་དོན་དམ་བདེན་པ་རང་གི་ངོ་བོ་ནི། ཀུན་མཁྱེན་ཆེན་པོས། ཡང་དག་པའི་མཐོང་བ་ལ་མི་བསླུ་བའམ། གནས་ལུགས་ལ་མི་བསླུ་བས་སམ། སངས་རྒྱས་ཀྱི་གཟིགས་ངོར་མི་བསླུ་བ་དོན་དམ་བདེན་པའི་མཚན་ཉིད་དོ། །ཞེས་གསུངས་པ་དེ་ཡིན་ལགས། རྩ་ཤེར་ལས་ཀྱང་། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེའི་མཚན་ཉིད་དོ། །ཞེས་གསུངས་སོ། །

མཚན་ཉིད་བཞག་ཚུལ་དེ་ལ་ཡང་རང་གི་བསམ་ཚུལ་ནི། དང་པོ་ནི་ཡུལ་གྱི་ཆ་ལས་དང་། གཉིས་པ་ཡུལ་ཅན་གྱི་ཆ་ནས་དང་། གསུམ་པ་རྟེན་གྱི་ཆ་ནས་བཞག་པ་མིན་ནམ་མཉམ་སྟེ། དེ་ཡང་ ཀུན་མཁྱེན་ཆེན་པོས། སངས་རྒྱས་ཀྱི་གཟིགས་པ་འབའ་ཞིག་དོན་དམ་པའི་བདེན་པ་ཡིན་ལ། ཞེས་དང་། སངས་རྒྱས་ཀྱི་ཡེ་ཤེས་འབའ་ཞིག་དོན་དམ་བདེན་པ་ཡིན་ཏེ། ཞེས་གསུངས་པ་ལས་རང་གི་རྣམ་པ་རྟོག་པ་དེ་ལྟ་བུ་ཅིག་སྐྱེས་པ་ཡིན་པས་ཀུན་གྱིས་དཔྱོད་པར་མཛོད་ཅིག གང་ལྟར་ཡང་དོན་དམ་བདེན་པ་མཚན་ཉིད་པ་ནི་སྒྲ་རྟོག་གི་ཡུལ་ཐམས་ཅད་ལས་འདས་པ་ཡིན་པས་མང་པོ་སྨྲས་ཀྱང་དོན་མེད་ཀྱི་གནས་སུ་མཐོང་བས་རེ་ཞིག་དེ་ཙམ་ལས་མ་སྤྲོས་སོ། ། གསུམ་པ་ངག་དོན་གྱིས་མཇུག་བསྡུ་བ་ནི། ཀུན་རྫོབ་བདེན་ལ་ཉོན་སྒྲིབ་ཤེས་སྒྲིབ་ལས། །འཇིག་རྟེན་ཀུན་རྫོབ་དང་ནི་ཀུན་རྫོབ་ཙམ། ། མ་རིག་སྒྲིབ་ངོར་རྙེད་དང་མི་རྙེད་ལས། །ཡང་ལོག་ཀུན་རྫོབ་གཉིས་ཀྱི་ཁྱད་པར་ཡོད། ། ཐ་སྙད་ཐབས་ལས་རྟོགས་པའི་དོན་དམ་ཡང༌། །རྣམ་གྲངས་དོན་དམ་ཙམ་ལས་གཞན་མ་མཆིས། དོན་དམ་བདེན་པ་དངོས་ཀྱི་རང་བཞིན་ལ། །བདག་གི་བརྟག་པའི་ནུས་པ་ག་ལ་ཡོད། ། རྫོགས་སངས་རྒྱས་ཀྱང་ལྐུག་པ་རྨི་ལམ་བཞིན། །ཁོ་བོས་དཔྱད་པའི་སྡོམ་ནི་དེ་ཙམ་ལགས། །

སླར་སྨོས་པ་ནི།

ཡང་དག་དོན་ལོག་གྱུར་ན་ཐོལ་ལོ་བཤགས། །

ཚད་མར་ཕྱིར་ན་ཀུན་གྱིས་མཆོད་པར་བཞེས། །

ཅུང་ཙམ་འབད་པའི་དགེ་བ་ཅི་ཐོབ་ཀྱང་། །

ཚེགས་གཉིས་དམ་པར་རྫོགས་པའི་རྒྱུ་རུ་བསྔོ། །

༼བདེན་པ་གཉིས་ཀྱི་རྣམ་གཞག་ཐུན་མིན་ལེགས་བཤད་ཐུབ་པའི་དགོངས་བཞེད་ཞེས་བྱ་བ་བཞུགས་སོ།།༽[༡༢][༡༣] [༡༤]

[ཞུན་དག]

ཁྱེད་ཐུགས་གསལ་བའི་མེ་ལོང་ལྟ་བུའི་ངོས། །ཐུབ་པའི་ཐུགས་ཀྱི་གཟུགས་བརྙན་ཇི་བཞིན་ཤར། །

རྣམ་པ་དུ་མའི་ནང་ནས་བདེན་གཉིས་ཚུལ། །ཐུན་མིན་ཇི་བཞིན་བསྟན་པས་གང་ལ་འདུད། །

བདེན་གཉིས་ཚུལ་ནི་མི་རྟོགས་མི་རུང་བས། །དེ་ཕྱིར་བླ་མས་བསྟན་པའི་ཐུབ་པའི་དགོངས། །

གཟུར་གནས་བློ་ཡིས་མ་ལུས་གཟིགས་པ་ལས། །གཞན་ཕྱིར་སྟོན་པའི་དྲིན་ཅན་བླ་མར་འདུད། །

ཁྱེད་ཀྱིས་བཤད་པའི་བདེན་གཉིས་རྣམ་གཞག་ནི། །ཇི་བཞིན་མ་རྟོགས་མྱང་འདས་མེད་ངེས་པས། །

ནམ་ཞིག་བདག་ཀྱང་ཇི་བཞིན་དམིགས་ཐབས་སུ། །བདེན་གཉིས་རྣམ་གཞག་ཅུང་ཟད་དཔྱད་པར་བྱ། །

ཞེས་ཐུབ་པའི་དགོངས་པ་ཇི་བཞིན་རྟོགས་པའི་ཀུན་མཁྱེན་བླ་མ་དང་། བླང་དོར་གྱི་ཐབས་མ་ནོར་བར་སྟོན་པའི་བཀའ་དྲིན་བླ་ན་མ་མཆིས་པའི་དྲིན་ཅན་གྱི་བླ་མ་རྣམས་ལ་ ཕྱག་འཚལ་ནས་མཆོད་པར་བརྗོད་པ་དང་། རྩོམ་པར་དམ་བཅའ་བས་མདུན་བསུས་ཏེ།

རྐང་གཉིས་ཀྱི་གཙོ་བོ་སྟོན་པ་བཅོམ་ལྡན་འདས་ཀྱིས། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་དེ་གཉིས་ཉིད་ཀྱིས་བསྟན་པར་མཛད། ། ཅེས་དང་། སློབ་དཔོན་ཟླ་བ་གྲགས་པས། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། ། ཞེས་གསུངས་པའི་བརྗོད་བྱ་བདེན་པ་གཉིས་ལ་ མཁས་པ་རྣམས་ཀྱིས་བཤད་ཚུལ་དང་བཞེད་ཚུལ་མི་འདྲ་བ་དུ་མ་ཡོད་པ་ལས། འདིར་ཀུན་མཁྱེན་ཆེན་པོའི་བཞེད་ཚུལ་ཁྱད་པར་ཅན་དང་མི་འགལ་བར་ ཅུང་ཟད་དཔྱད་པར་བྱ་བ་ཡིན་ལ།

དེ་ཡང་རྒྱལ་སྲས་ཞི་བ་ལྷས། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་དོན་བསམ་པ་བདག་ལ་མེད། ཅེས་གསུངས་པ་ལྟར་ཡིན་ཡང་། ཡང་དེ་ཉིད་ཀྱིས། རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས། ཞེས་གསུངས་པ་བཞིན། རང་གི་ཡིད་ལ་བསྒོམ་པ་ཅུང་ཐོབ་པ་ལ་དམིགས་ཏེ་ཅུང་ཟད་དཔྱད་པར་བྱ་བ་འདི་ཡང་།

གཞན་གྱི་རྣམ་རྟོག་ངན་པས་བཞག་པའི་ལུགས་འགག རང་གི་བློ་ལ་འཆར་ཚུལ་གྱི་ལུགས་དོན་མཐུན་བསྟན། སྐྱོན་མེད་ཀྱི་ལུགས་ལ་སྐྱོན་བརྗོད་པའི་རྩོད་པ་སྤོང་བ་སྟེ། སྔོན་བྱོན་མཁས་པ་རྣམས་ཀྱི་བཤད་ཚུལ་དང་མཐུན་པའི་ས་བཅད་ཆེན་པོ་གསུམ་གྱི་སྒོ་ནས་བཤད་པ་ལས།

དང་པོ་གཞན་གྱི་རྣམ་རྟོག་ངན་པས་བཞག་པའི་ལུགས་འགག་པ་ནི། ཁ་ཅིག རྣམ་གྲངས་པའི་དོན་དམ་བདེན་པ་དོན་དམ་བདེན་པ་ཡིན་ལ་ བྱང་སེམས་ཀྱིས་ཀྱང་དོན་དམ་བདེན་པ་རྟོགས་ཞེས་ཟེར་རོ། །དེ་ནི་དོན་མཐུན་མ་ཡིན་ཏེ། སློབ་དཔོན་ཟླ་བ་གྲགས་པས་ དབུ་མ་འཇུག་པའི་རང་འགྲེལ་དུ། དེ་ལ་སོ་སོའི་སྐྱེ་བོ་རྣམས་ཀྱི་དོན་དམ་པ་གང་ཡིན་པ་དེ་ཉིད་འཕགས་པ་སྣང་བ་བཅས་པའི་སྤྱོད་ཡུལ་ཅན་རྣམས་ཀྱི་ཀུན་རྫོབ་ཙམ་ཡིན་ལ། དེའི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ནི་དེ་རྣམས་ཀྱི་དོན་དམ་པའོ། །སངས་རྒྱས་རྣམས་ཀྱི་དོན་དམ་པ་ནི་རང་བཞིན་ཉིད་ཡིན་ཞིང་། དེ་ཡང་སླུ་བ་མེད་པ་ཉིད་ཀྱིས་དོན་དམ་པའི་བདེན་པ་ཡིན་ལ། ཞེས་གསུངས་པས་ འཕགས་པ་རྣམས་ཀྱི་དོན་དམ་པ་ནི་ དོན་དམ་པའི་བདེན་པ་མ་ཡིན་པར། སངས་རྒྱས་ཀྱི་དོན་དམ་པ་ཁོ་ན་ དོན་དམ་པའི་བདེན་པ་ཡིན་པར་བཞེད་པའི་ཕྱིར་རོ། །དེ་ལ་ལྟོས་ནས་དོན་དམ་དང་དོན་བདེན་པ་གཉིས་ལ་ཁྱད་པར་ཕྱེ་དགོས་པར་ཤེས་སོ། །

ཡང་དེ་ཉིད་ལས། དོན་དམ་པར་བདེན་པ་གཉིས་ཡོད་པ་མ་ཡིན་ཏེ། དགེ་སློང་དག་བདེན་པ་འདི་ནི་གཅིག་སྟེ། འདི་ལྟ་སྟེ། མི་བསླུ་བའི་ཆོས་ཅན་མྱ་ངན་ལས་འདས་པའོ། །འདུ་བྱེད་ཐམས་ཅད་ནི་རྫུན་པ་སླུ་བའི་ཆོས་ཅན་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། ། ཞེས་གསུངས་པས་ མྱ་ངན་ལས་འདས་པ་ཁོ་ན་དོན་དམ་བདེན་པར་བཞེད་པའི་ཕྱིར་དང་།

ཡང་དེ་ཉིད་དུ། དོན་དམ་པ་ནི་ཡང་དག་པར་གཟིགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་ཁྱད་པར་གྱི་ཡུལ་ཉིད་ཀྱིས་བདག་གི་ངོ་བོ་རྙེད་པ་ཡིན་གྱི། ཞེས་གསུངས་ཤིང་། འདིའི་དགོངས་པ་ཇི་བཞིན་དུ་བཀྲལ་མཁན་ རྒྱ་གར་གྱི་མཁས་པ་སློབ་དཔོན་ཛ་ཡ་ཨ་ནན་ཏས་ དབུ་མ་ལ་འཇུག་པའི་འགྲེལ་བཤད་ལས། ཡེ་ཤེས་ཀྱི་ཁྱད་པར་གྱི་ཡུལ་ཉིད་ཀྱིས་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པ་ནི་ཡེ་ཤེས་ཀྱི་ཁྱད་པར་ཡིན་ལ། ཞེས་གསུངས་པས། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པ་ནི་སངས་རྒྱས་ཁོ་ན་ཡིན་པས་ དོན་དམ་བདེན་པ་སངས་རྒྱས་ཁོ་ནས་རྟོགས་པར་བསྟན་པའི་ཕྱིར་རོ། །

ཡང་ལ་ལས། ཀུན་མཁྱེན་ཆེན་པོའི་བཞེད་པ་ལའང་ བྱང་སེམས་ཀྱིས་དོན་དམ་བདེན་པ་རྟོགས་ཞེས་འདོད་པ་རྣམས་ནི་སྔར་ལས་ཀྱང་དམན་ལ་ཤིན་ཏུ་མི་འཐད་པར་ཡིན་ཏེ། ཀུན་མཁྱེན་འདི་ཉིད་ཀྱིས་ དབུ་མའི་གཞུང་གསུམ་གསལ་བྱེད་དུ། སངས་རྒྱས་ཀྱི་གཟིགས་པ་འབའ་ཞིག་དོན་དམ་པའི་བདེན་པ་ཡིན་ལ། གཞན་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ། ། ཞེས་དང་།

དེ་ཡང་སྒྲིབ་པ་ཕྲ་མོ་དང་བཅས་པའི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་ལ་ལྟོས་ནས་རྫུན་པར་བཞག་སྟེ། སངས་རྒྱས་ཀྱི་ཡེ་ཤེས་འབའ་ཞིག་དོན་དམ་བདེན་པ་ཡིན། ཞེས་དང་།

རྣམ་གྲངས་པའི་དོན་དམ་བདེན་པ་དེ་ཡང་། ཐ་སྙད་ཀྱི་ཕྱིར་ཕྱིན་ཅི་མ་ལོག་པས་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ། ། ཞེས་གསུངས་པས། དངོས་བསྟན་གྱི་ལུང་རྒྱ་མཚོ་ཆེན་པོ་སྣག་ཚར་དང་ནམ་མཁའ་ཤོག་བུར་གྱུར་ནས་འབྲི་ཡང་མི་ལོངས་བའི་ལུང་གསལ་བ་དུ་མ་མཆིས་ཀྱང་། དེ་ལ་ཚིག་བསྣན་ནས་དགོངས་པ་ཕྱིན་ཅི་ལོག་ཏུ་འགྲེལ་བ་ནི་ གཞན་གྱི་ལྟ་བས་རྒྱུད་བསླད་པ་ཡིན་པས།

གཞན་ལུགས་སྒྱུ་མའི་ནོར་བུ་ལྟ་བུ་ལ། །

རྨོངས་ཞེན་འདོར་ནས་མཁས་པའི་མིག་ཕྱེ་ནས། །

རང་ལུགས་གཡོ་ཟོལ་མེད་པའི་ནོར་བུ་ནི། །

རིན་ཐང་མཐོང་ནས་ལེན་ན་མི་ལེགས་སམ། །

ཞེས་པའང་དྲན་གསོའི་ཚུལ་གྱི་དྲི་བ་ཙམ་མོ། །

ཡང་ཀུན་མཁྱེན་ཆེན་པོས། སྣང་ངོར་མི་བསླུ་བའམ། འཁྲུལ་ངོར་མི་བསླུ་བའམ། འཇིག་རྟེན་གྱི་ཐ་སྙད་དུ་མི་བསླུ་བ་ཀུན་རྫོབ་བདེན་པའི་མཚན་ཉིད་དང་། ཡང་དག་པའི་མཐོང་བ་ལ་མི་བསླུ་བའམ། གནས་ལུགས་ལ་མི་བསླུ་བས་སམ། སངས་རྒྱས་ཀྱི་གཟིགས་ངོར་མི་བསླུ་བ་དོན་དམ་བདེན་པའི་མཚན་ཉིད་དུ་གསུངས་པ་ལ།

ཁ་ཅིག དེ་མཚན་ཉིད་ཀྱི་ཟུར་ཡིན་པས་ སྣང་ངོར་མི་བསླུ་བས་ཀུན་རྫོབ་ཙམ་དང་། འཁྲུལ་ངོར་མི་བསླུ་བས་ལོག་པའི་ཀུན་རྫོབ་དང་། འཇིག་རྟེན་གྱི་ཐ་སྙད་དུ་མི་བསླུ་བས་ཀུན་རྫོབ་བདེན་པ་མཚོན་ཟེར་བ་དང་། ཡང་དག་པའི་མཐོང་བ་ལ་མི་བསླུ་བས་བྱང་སེམས་ཀྱི་རྟོགས་བྱར་གྱུར་པའི་དོན་དམ་བདེན་པ་དང་། གནས་ལུགས་ལ་མི་བསླུ་བས་རིགས་ཤེས་རྗེས་དཔག་གི་འཛིན་བྱར་གྱུར་པའི་དོན་དམ་བདེན་པ་དང་། སངས་རྒྱས་ཀྱི་གཟིགས་ངོར་མི་བསླུ་བས་སངས་རྒྱས་ཀྱི་གཟིགས་བྱར་གྱུར་པའི་དོན་དམ་བདེན་པ་མཚོན་པ་ཡིན་ཞེས་ཟེར་རོ། །

དེ་ནི་རིགས་པ་མ་ཡིན་ཏེ། ཀུན་རྫོབ་བདེན་པའི་མཚན་ཉིད་ཀྱི་འགྲེལ་བཤད་ལ་ལྟོས་ན་ དེ་ཀུན་རྫོབ་བདེན་པའི་མཚན་ཉིད་མ་ཡིན་པ་དང་། ཡང་ན་ཟླ་གཉིས་དང་སྐྲ་ཤད་རྣམས་ཀྱང་ཀུན་རྫོབ་བདེན་པ་ཡིན་པ་གང་རུང་ཁས་ལེན་དགོས་པས། སྔ་མ་ལྟར་ན། མཚན་ཉིད་དེའི་མཇུག་ཏུ་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་དུ་བཤད་ནས། ཞེས་གསུངས་པ་དང་འགལ་བ་དང་། ཕྱི་མ་ལྟར་ན་ ཧ་ཅང་ཐལ་ལོ། །དོན་དམ་བདེན་པའི་མཚན་ཉིད་ཀྱི་འགྲེལ་བཤད་ལ་ལྟོས་ན་ དོན་དམ་བདེན་པ་སངས་རྒྱས་ཁོ་ནའི་ཡུལ་མ་ཡིན་པར༌གྱུར་བས་ སྔར་གི་ལུང་གིས་གནོད་པར་འགྱུར་རོ། །

ཡང་ཁ་ཅིག་དེ་ལ་ དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་རེ་རེ་ལའང་མཚན་ཉིད་གསུམ་གསུམ་རེ་གདམ་ཁ་ཡིན་ཟེར། དེ་ཡང་རིགས་པ་མིན་ཏེ་ མཚོན་བྱ་གཅིག་ལ་མཚན་ཉིད་གཉིས་གསུམ་བཞག་པ་ནི་མཁས་པའི་བཤད་ཚུལ་མ་ཡིན་པའི་ཕྱིར་རོ། །

གཉིས་པ་རང་གི་བློ་ལ་འཆར་ཚུལ་གྱི་ལུགས་དོན་མཐུན་བསྟན་པ་ལ། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པའི་ངོས་འཛིན། དེ་གཉིས་ཀྱི་མཚན་ཉིད་ལ་དོགས་གཅོད། དབུ་མ་པའི་ས་མཚམས་ས་དང་པོ་ནས་འཇོག་པའི་རྒྱུ་མཚན། ཀུན་རྫོབ་བདེན་པའི་ངོས་འཛིན་བདེར་སྣང་འདོད་པ་གཉིས་པ་བསྟན་པ་དང་བཞི་ལས། དང་པོ་ནི། དོན་དམ་བདེན་པ་ནི་སངས་རྒྱས་ཁོ་ནའི་གཟིགས་བྱར་གྱུར་པའི་ཡུལ་ཡིན་ལ་ སངས་རྒྱས་ལས་གཞན་པས་དོན་དམ་བདེན་པ་རྟོགས་མི་ནུས་པ་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། མྱ་ངན་འདས་པ་བདེན་གཅིག་པུར། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་སུ་ཞིག་རྟོགས་མི་བྱེད། ། ཅེས་གསུངས་པའི་ཕྱིར་རོ། །དེས་ན་རང་ལུགས་ལ་དོན་དམ་དང་དོན་དམ་བདེན་པ་གཉིས་ལ་ཁྱད་པར་ཆེ་བས་བྱང་སེམས་ཀྱིས་དོན་དམ་རྟོགས་པར་གསུངས་པའི་གཞུང་ཚིག་ཁུངས་ལྡན་གསལ་ཡང་། དེས་དོན་དམ་བདེན་པ་རྟོགས་པར་བསྟན་པའི་འཕགས་པའི་ཡུལ་གྱི་གཏན་ཚིགས་རིགས་པའི་ལུང་གར་ཡང་མི་སྣང་ངོ། །

                   རྒྱ་གར་མཁས་པའི་དགོངས་པ་ཟེའུ་འབྲུ་ནི། །

                 མཁས་པ་ཕལ་ཆེའི་ངོར་ནི་སྦུབས་སུ་བཞུགས། །

                 བླ་མའི་ཐུགས་རྗེའི་འོད་ཀྱིས་གསལ་མོད་ཀྱང་། །

                 ཡང་ཕྱིས་གཞན་ལུགས་གོམས་པས་མིག་ལོང་གྱུར། །

                                               ཞེས་པའང་རྟོག་འཆར་གྱི་ངལ་གསོའི་ཚིག་གོ། །

ཀུན་རྫོབ་བདེན་པ་ནི་ཐ་སྙད་ཚད་མ་ལ་མི་བསླུ་བའི་ཆོས་ཁོ་ན་ཡིན་པས་ སྐྲ་ཤད་དང་ཟླ་གཉིས་སོགས་ཀུན་རྫོབ་བདེན་པར་མི་རུང་བ་ཡིན་ཏེ། སྐྲ་ཤད་དང་ཟླ་གཉིས་ གཟུགས་བརྙན་ལ་སོགས་པ་གང་ཞིག་དབང་པོ་རྣམས་ལ་གནོད་པ་ཡོད་པ་ ཡུལ་གྱི་ངོ་བོ་ཉིད་དུ་སྣང་བ་དེ་ནི་ འཇིག་རྟེན་ཉིད་ལ་ལྟོས་ནས་ལོག་པ་ཡིན་ལ། ཐ་སྙད་བདེན་པ་བསྟན་པའི་སྐབས་སུ་ ཐམས་ཅད་མཁྱེན་པས་ཀྱང་། གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ང་ཡང་ཡོད་པར་བཞེད་དོ། །གང་འཇིག་རྟེན་ན་མེད་པར་འདོད་པ་དེ་ནི་ང་ཡང་མེད་པར་བཞེད་དོ། ། ཞེས་གསུངས་པས་སོ། །དེས་ན་ཀུན་རྫོབ་བདེན་པ་དང་ཀུན་རྫོབ་ལ་ཁྱད་པར་ཆེ་བས་སྐྲ་ཤད་སོགས་ཀུན་རྫོབ་ཡིན་ཡང་ཀུན་རྫོབ་བདེན་པ་མ་ཡིན་པས། ཡང་ལོག་གཉིས་སུ་དབྱེ་བའང་ཀུན་རྫོབ་ལ་དབྱེ་བ་ཡིན་གྱི་ཀུན་རྫོབ་བདེན་པའི་དབྱེ་བ་དངོས་མིན་པས། འདིའི་དངོས་བཏགས་མ་ཕྱེ་བའི་དབྱེ་བ་ཙམ་མོ། །

གཉིས་པ་དེ་གཉིས་ཀྱི་མཚན་ཉིད་ལ་དོགས་གཅོད་ནི། སྣང་ངོར་མི་བསླུ་བའམ། འཁྲུལ་ངོར་མི་བསླུ་བའམ། འཇིག་རྟེན་གྱི་ཐ་སྙད་དུ་མི་བསླུ་བ་ཀུན་རྫོབ་བདེན་པའི་མཚན་ཉིད་དང་། ཡང་དག་པའི་མཐོང་བ་ལ་མི་བསླུ་བའམ། གནས་ལུགས་ལ་མི་བསླུ་བས་སམ། སངས་རྒྱས་ཀྱི་གཟིགས་ངོར་མི་བསླུ་བ་དོན་དམ་བདེན་པའི་མཚན་ཉིད་དུ་གསུངས་པའི་མཚན་ཉིད་ནི། ཀུན་རྫོབ་བདེན་པའི་མཚན་ཉིད་གཅིག་དང་། དོན་དམ་བདེན་པའི་མཚན་ཉིད་གཅིག་ཡིན་པས་ མཚན་ཉིད་གཉིས་གསུམ་དུ་ཐལ་བའི་སྐྱོན་ཡང་མེད་ལ། ཀུན་རྫོབ་བདེན་པའི་མཚན་ཉིད་ཟུར་གསུམ་ཀས་ ཐ་སྙད་ཚད་མའི་ཡུལ་མཚོན་པ་དང་། དོན་དམ་བདེན་པའི་མཚན་ཉིད་ཟུར་གསུམ་ཀས་ སངས་རྒྱས་ཀྱི་གཟིགས་བྱར་གྱུར་པའི་ཡུལ་མཚོན་པས། སྐྲ་ཤད་སོགས་ཀུན་རྫོབ་བདེན་པར་ཐལ་བ་དང་། རྣམ་གྲངས་པའི་དོན་དམ་བདེན་པ་དོན་དམ་བདེན་པར་ཐལ་བའི་སྐྱོན་ཡང་མེད་དོ། །

དེ་གཉིས་མཚན་ཉིད་ཟུར་རེ་རེས་མཚོན་ནུས་པ་ལ་ཟུར་གསུམ་གསུམ་གསུངས་པའི་དགོས་པ་ཡང་མེད་པ་མིན་ཏེ། ཀུན་རྫོབ་བདེན་པའི་མཚན་ཉིད་ལ་ སྣང་ངོར་མི་བསླུ་བ་ནི་ཡུལ་གྱི་ཆ་ནས་དང་། འཁྲུལ་ངོར་མི་བསླུ་བ་ནི་ཡུལ་ཅན་གྱི་ཆ་ནས་དང་། འཇིག་རྟེན་གྱི་ཐ་སྙད་དུ་མི་བསླུ་བ་ནི་བརྟེན་གྱི་ཆ་ནས་བཞག་པ་དང་། དོན་དམ་བདེན་པའི་མཚན་ཉིད་ལ་ ཡང་དག་པའི་མཐོང་བ་ལ་མི་བསླུ་བ་ནི་ཡུལ་ཅན་གྱི་ཆ་ནས་དང་། གནས་ལུགས་ལ་མི་བསླུ་བ་ནི་ཡུལ་གྱི་ཆ་ནས་དང་། སངས་རྒྱས་ཀྱི་གཟིགས་ངོར་མི་བསླུ་བ་ནི་བརྟེན་གྱི་ཆ་ནས་འཇོག་པས་གོ་སླ་བའི་ཆེད་དོ། །

གསུམ་པ་དབུ་མ་པའི་ས་མཚམས་ས་དང་པོ་ནས་འཇོག་པའི་རྒྱུ་མཚན་ནི། ཀུན་མཁྱེན་ཆེན་པོས་ ཆོས་འཁོར་དོགས་གཅོད་ལས། ས་དང་པོ་ནས་ཆེན་པོར་སོང་བས་དབུ་མ་པའི་ས་མཚམས་དེ་ནས་འཛིན་པ་ཡིན། དེ་ཡན་དུ་དབུ་མའི་ལྟ་བ་གོ་བ་ཙམ་ལས་རྙེད་པར་མི་འགྱུར་ཏེ། གོ་བ་དེ་ཡང་བློས་གཞལ་བ་ཉིད་ཀྱི་བསམ་པའི་མཐར་ཟད་པས་རེ་ཞིག་པའི་དབུ་མར་རུང་ཡང་ཇི་ལྟ་བ་ནི་མ་ཡིན་པས། གདུལ་བྱའི་གཙོ་བོ་དེ་ནས་སོ། ། ཞེས་དབུ་མ་པའི་ས་མཚམས་ས་དང་པོ་ནས་གསུངས་འདུག་པས།

ཐེག་ཆེན་ཚོགས་ལམ་པ་དང་སྦྱོར་ལམ་པ་རྣམས་ ཐེག་ཆེན་ཡིན་ཡང་དབུ་མ་པ་མིན་པའི་རྒྱུ་མཚན་ཅི། ཉན་ཐོས་དང་རང་རྒྱལ་དགྲ་བཅོམ་པ་རྣམས་ བྱང་སེམས་འཕགས་པ་དང་བདག་མེད་མངོན་སུམ་དུ་རྟོགས་པར་མཚུངས་ཀྱང་དབུ་མ་པ་མིན་པའི་རྒྱུ་མཚན་ཅི་སྙམ་ན། དོགས་པ་གཉིས་པ་དེ་འགོག་སླ་བས་དང་པོར་དེ་འགོག་ན་ ཉན་ཐོས་དང་རང་རྒྱལ་རྣམས་ཐབས་སྙིང་རྗེ་ཆེན་པོ་དང་མི་ལྡན་པས་ཐེག་ཆེན་སེམས་བསྐྱེད་ཡོད་པར་འཇོག་མི་ནུས་པའི་ཕྱིར་དང་ ཐེག་ཆེན་དུ་ཡང་བཞག་མི་ནུས་ན་དབུ་མ་པར་འཇོག་མི་ནུས་པ་ནི་དེ་ཁར་གྲུབ་བོ། །

ཐེག་ཆེན་ཚོགས་ལམ་པ་དང་སྦྱོར་ལམ་པ་རྣམས་ སྟོང་ཉིད་དམ་སྤྲོས་བྲལ་མངོན་སུམ་དུ་རྟོགས་མི་ནུས་པས་ཐེག་ཆེན་ཡིན་ཡང་དབུ་མ་པར་མི་བཞག་གོ། །དེས་ན་དབུ་མ་པ་ཡིན་ན་ཐབས་སྙིང་རྗེ་ཆེན་པོ་དང་ལྡན་པའི་སྒོ་ནས་ སྤྲོས་བྲལ་མངོན་སུམ་དུ་རྟོགས་པ་ཞིག་དགོས་སོ། །སྤྲོས་བྲལ་མངོན་སུམ་དུ་རྟོགས་ཞེས་མངོན་སུམ་སྦྱར་བ་དེ་ཡང་ ཞེན་པ་ཤུགས་ཆེ་བའི་དབང་དུ་བྱས་པ་ཡིན་གྱི། དངོས་ན་ནི་རིགས་ཤེས་རྗེས་དཔག་གིས་སྤྲོས་བྲལ་རྟོགས་མི་ནུས་ལ་ སྤྲོས་བྲལ་རྟོགས་ན་མངོན་སུམ་ཡིན་དགོས་ཏེ། རྗེས་དཔག་གིས་སྤྲོས་བྲལ་ལོ་སྙམ་དུ་འཛིན་པ་དེ་ཁ་རང་ སྤྲོས་བྲལ་ཡིན་པ་དང་སྤྲོས་བྲལ་ཞིག་ཡོད་པར་འཛིན་སོང་བས་ སྤྲོས་པའི་མཐའ་གང་རུང་དུ་ཞུགས་པའི་ཕྱིར་ན་སྤྲོས་བྲལ་རྟོགས་པར་མི་རུང་བའི་ཕྱིར་རོ། །དེས་ན་གོང་དུ་བཤད་པའི་ཁྱད་ཆོས་གཉིས་ནི་དབུ་མའི་ལྟ་བ་ཡིན་ལ་ ལྟ་བ་དེ་ཡང་ས་དང་པོ་ནས་ལྡན་གྱི་དེ་ཡན་དུ་མི་ལྡན་པས་ དབུ་མ་པའི་ས་མཚམས་ས་དང་པོ་ནས་འཛིན་པ་ཡིན་ནོ། །

བཞི་པ་ཀུན་རྫོབ་བདེན་པའི་ངོས་འཛིན་བདེར་སྣང་འདོད་པ་གཉིས་པ་ནི། དཔྱད་རྩོམ་༼ཀུན་རྫོབ་བདེན་པའི་རྣམ་བཤད་དོན་ཆེན་སྨྲ་བའི་སེང་སྒྲ་༽ཞེས་བྱ་བའི་སྐབས་སུ་གསལ་བར་བསྟན་པས་དེར་གཟིགས་སོ། །

གསུམ་པ་སྐྱོན་མེད་ཀྱི་ལུགས་ལ་སྐྱོན་བརྗོད་པའི་རྩོད་པ་སྤོང་བ་ནི། གལ་ཏེ་ཁྱོད་རའི་ལུགས་ལའང་བྱང་སེམས་ཀྱིས་ཀྱང་དོན་དམ་བདེན་པ་རྟོགས་པར་ཐལ་ཏེ། དེས་སྟོང་ཉིད་རྟོགས་པའི་ཕྱིར་ཟེར་ན། མ་ཁྱབ་སྟེ། སྟོང་ཉིད་ཡིན་ན་དོན་དམ་བདེན་པ་ཡིན་པས་མ་ཁྱབ་ལ་ དོན་དམ་བདེན་པ་ནི་སྟོང་ཉིད་མཐར་ཐུག་པ་སྟེ། སངས་རྒྱས་ཀྱི་གཟིགས་བྱར་གྱུར་པའི་སྟོང་ཉིད་ཁོ་ན་ཡིན་ནོ། །དེས་ན་བྱང་སེམས་ཀྱི་རྟོགས་བྱར་གྱུར་པའི་སྟོང་ཉིད་དང་ སངས་རྒྱས་ཀྱི་རྟོགས་བྱར་གྱུར་པའི་སྟོང་ཉིད་ལ་ཁྱད་པར་ཡོད་པས། ས་དང་པོ་ནས་ས་བཅུ་པའི་བར་ཤེས་སྒྲིབ་དང་དེའི་བག་ཆགས་སྤོང་དགོས་པའི་གནད་འཐོན་ནོ། །ཡང་གསལ་བ་དང་རྫོགས་པ་མཐོང་མ་མཐོང་གི་ཡུལ་གཉིས་ལའང་ཐ་སྙད་དུ་ཡུལ་གཅིག་ལ་ཁྱད་པར་མེད་པར་རྨོངས་ཀྱང་ དོན་ལ་ཁྱད་པར་ཤིན་ཏུ་ཆེའོ། །

འོ་ན་སྟོང་ཉིད་དང་། ཆོས་ཀྱི་དབྱིངས། གནས་ལུགས་སོགས་དོན་གཅིག་ཡིན་པས། གནས་ལུགས་ལ་མི་བསླུ་བ་ཡིན་ན་དོན་དམ་བདེན་པ་ཡིན་པས་མ་ཁྱབ་སྟེ། བྱང་སེམས་ཀྱི་རྟོགས་བྱར་གྱུར་པའི་སྟོང་ཉིད་དེ་གནས་ལུགས་ལ་མི་བསླུ་བ་ཡིན་ཡང་དོན་དམ་བདེན་པ་མ་ཡིན་པའི་ཕྱིར། འདོད་ན། དོན་དམ་བདེན་པའི་མཚན་ཉིད་སྐྱོན་ཅན་དུ་གྱུར་རོ་ཞེ་ན། གོང་དུ་རྟགས་མ་གྲུབ་སྟེ། ཁྱོད་གནས་ལུགས་ཀྱང་ཡིན་ལ་མི་བསླུ་བའང་ཡིན་པ་ཙམ་གྱི་གནས་ལུགས་ལ་མི་བསླུ་བར་མི་ཆོག་སྟེ། དེ་ཡིན་ན་གནས་ལུགས་ཀྱི་ནང་ནས་གནས་ལུགས་མཆོག་ཏུ་གྱུར་པ་ འདི་ལས་གོང་ན་མེད་པ་ཞིག་དགོས་སོ། །གཞན་དུ་ན་མཚན་ཉིད་ཀྱི་སྐབས་སུ་གནས་ལུགས་ལ་མི་བསླུ་བ་ཞེས་མིན་པར་གནས་ལུགས་ཞེས་འཇོག་ཀྱང་ཆོག་པ་ལས་དེ་ཙམ་ཞིག་མ་འཇོག་པའི་གནད་ཡོད་དོ། །

དོན་དམ་བདེན་པ་སངས་རྒྱས་ཁོ་ནས་རྟོགས། །

སྟོང་ཉིད་ཡིན་ན་དོན་བདེན་ཡིན་མི་དགོས། །

རྗེས་དཔག་སྤྲོས་བྲལ་རྟོགས་པར་མི་ནུས་པ། །

ཁོ་བོའི་རྟོག་པས་བཞག་པའི་སྡོམ་ཚིག་གོ། །

ཞེས་ཁོ་བོའི་རྣམ་རྟོག་དམན་པས་རྙེད་པའི་སྡོམ་ཚིག་དང་བཅས་པའི་ དཔྱད་རྩོམ་བདེན་པ་གཉིས་ཀྱི་རྣམ་གཞག་ཐུན་མིན་ལེགས་བཤད་ཐུབ་པའི་དགོངས་བཞེད་ཞེས་བྱ་བ་རྫོགས་སོ། །

དོན་མཐུན་བྲིས་ནས་མཆོད་པར་མ་ནུས་ཀྱང་། །གཞུང་ལ་དཔྱད་པའི་འབད་རྩོལ་ཅུང་བྱས་པས། །

དགེ་བ་ཆུ་ཐིག་ཙམ་ཞིག་རྙེད་སྲིད་ན། །འདི་ཡིས་འགྲོ་ཀུན་དོན་གཉིས་མཐར་ཕྱིན་ཤོག །

གསེར་ལུང་དགོན་འཛིན་གྱི་སློབ་གཉེར་བ་ མཁོ་ཐང་བསོད་ནམས་རྒྱལ་མཚན༼ཤར་གྱི་གཅེས་ཕྲུག༽ མིང་པས་བྲིས་པའོ།།

      ༼ བདེན་གཉིས་ལ་དཔྱད་པ། ༽[༡༣][༡༥]

[ཞུན་དག]

ཀུན་མཁྱེན་འབྲུག་པའི་ཞལ་ནས། བཀའ་དྲིན་ལན་བློན་བདག་ལ་མཐུ་མེད་ཀྱང་། །ལུས་ངག་ཡིད་གསུམ་གང་གི་འབངས་སྦྱར་ནས། །ཚུལ་གནས་ཐོས་བསམ་སྒོམ་ལ་འབད་པ་ཡིས། །ཁྱེད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བར་ཤོག །ཅེས་སུངས་པ་ལྟར། བདག་ཅག་བུ་བརྒྱུད་པ་རྣམས་ཀྱི་གཙུག་གི་རྒྱན༌དང༌སྙིང་གི་ནོར་བུ་ལྟ་བུར་གྱུར་པའི་བཀའ་བརྒྱུད་གོང་མ་རྣམས་ཀྱི་བཀའ་དྲིན་ལན་ཐབས་གཞན་གྱིས་སྒོ༌ནས༌ལན༌བློན༌དུ༌མེད༌ཀྱང་ལུས་ངག་ཡིད་གསུམ་གང་གི་འབངས་སུ་སྦྱར་བའི་སྒོ་ནས་ཕྱག་ཕྱིད་ཞབས་ཏོག་ཞུས་ཚུལ་དུ་བདེན་གཉིས་ཀྱི་རྣམ་གཞག་ཅུང་ཟད་འབྲི་ལ་སྤྲོའོ། །དེ་བཤད་པ་ལ་ལྔ་སྟེ། གཞི་བདེན་པ་གཉིས་ཇི་ལྟར་གནས་པའི་ཚུལ་བསྟན་པ། བདེན་པ་གཉིས་སུ་ཕྱེ་བའི་དགོས་པ། སངས་རྒྱས་ཀྱིས་ཀུན་རྫོབ་བདེན་པ་མི་གཟིགས་པར་བསྟན་པ། ཀུན་རྫོབ་བདེན་པ་དང་འཇིག་རྟེན་གྱི་ཀུན་རྫོབ་དེན་པ་ལ་དཔྱད་པ། འཇིག་རྟེན་ཀུན་རྫོབ་བདེན་པ་དང་ཐ་སྙད་བདེན་པ་གཉིས་དོན་གཅིག་ཏུ་བསྟན་པ། ཐ་སྙད་བདེན་པའི་ཐབས་ལས་དོན་དམ་བདེན་པ་ཐབས་འབྱུང་བས་བསྟན་པ། དོན་དམ་པ་དང་དོན་དམ་བདེན་པ་གཉིས་དོན་གཅིག་ཏུ་བསྟན་པ། གཉིས་ཀྱི་མཚན་ཉིད་ལ་དཔྱད་པ།   ཞར་ལ་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་རྟོགས་པའི་ཡུལ་ཅན་སངས་རྒྱས་ཁོ་ནར་བསྟན་པའོ། །

          གཞི་བདེན་པ་གཉིས་ཇི་ལྟར་གནས་པའི་ཚུལ་བསྟན་པ་ནི། གཞི་དངོས་པོའི་སྟེང་དུ་ཡུལ་ཅན་གྱི་བློ་སོ་སོ་ལ་བརྟེན་ནས་ཀུན་རྫོབ་གྱི་བདེན་པ་དང་དོན་དམ་པའི་བདེན་པ་གཉིས་བཞག་པ་ཡིན་ཏེ། འཇུག་པ་ལས། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་གསུངས་པ་ལྟར། དངོས་པོའི་ཆོས་ཐམས་ཅད་ཀྱི་ངོ་བོ་ལ་རྣམ་པ་གཉིས་གནས་པ་ཡོད་དེ། དེའི་ཕྱིར་སངས་རྒྱས་རྣམས་ཀྱི་གཟིགས་ངོའི་རང་བཞིན་ནི་དོན་དམ་པའི་བདེན་པ་དང་། མཐོང་བ་བརྫུན་པའི་ངོའི་དངོས་པོའི་རྣམ་པ་བཅོས་མའམ། བརྫུན་མ་ཞེས་བྱ་བ་འདི་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་བསྟན་ཏེ། སངས་རྒྱས་རྣམས་ཀྱིས་ཇི་ལྟ་བ་གཟིགས་པའི་ཡེ་ཤེས་ཀྱི་རྙེད་པའི་ཡུལ་ཞིག་དང་། མ་རིག་ལིང་ཐོག་གིས་མཐོང་བ་བརྫུན་པའི་ཡུལ་རྣམ་པ་གཉིས་དངོས་པོའི་སྟེང་དུ་དེ་ལྟར་གནས་པ་བསྟན་ནུས་པའི་ཕྱིར་རོ།། དེ་ཉིད་ཀྱིས། ཤེས་བྱའི་དངོས་པོ་རེ་རེའི་སྟེང་དུ་སངས་རྒྱས་ཀྱིས་ཇི་ལྟ་བ་གཟིགས་པ་ཞིག་དང་། འཕགས་པ་སློབ་པ་རྣམས་ཀྱིས་དེ་དང་རྗེས་སུ་མཐུན་པར་མཐོང་བ་ཞིག་དང་། སོ་སོ་སྐྱེ་བོ་རྣམས་ཀྱིས་ཕྱིན་ཅི་ལོག་ཏུ་མཐོང་བའི་ཚུལ་གསུམ་སྟེ། རྒྱུད་བླ་ལས། སོ་སོའི་སྐྱེ་བའི་ཕྱིན་ཅི་ལོག །བདེན་པ་མཐོང་བ་བཟློག་པ་སྟེ། །བདེ་བཞིན་གཤེགས་པ་ཇི་ལྟ་བཞིན། །ཞེས་སོ། ། དང་པོ་ནི་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་དང་། གཉིས་པ་ནི་རྣམས་གྲངས་པའི་དོན་དམ་བདེན་པ་སྟེ། ཐ་སྙད་ཀྱི་ཕྱིར་ཕྱིན་ཅི་མ་ལོག་པས་ཀུན་རྫོབ་གྱི་བདེན་པ་ཞེས་དང་། གསུམ་པ་ནི་འཇིག་རྟེན་ཡང་དག་པའི་ལྟ་བ་དང་ལོག་པའི་ཀུན་རྫོབ་རྣམས་ཡིན་ནོ། །

          གཉིས་པ་བདེན་པ་གཉིས་སུ་ཕྱེ་བའི་དགོས་པ་ནི། སློབ་དཔོན་གྱིས། ཐ་སྙད་ལ་ནི་མ་བརྟེན་པར།།དམ་པའི་དོན་ནི་བསྟན་མི་ནུས།།དམ་པའི་དོན་ནི་མ་རྟོགས་པར།།མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་པ་ལྟར། དོན་དམ་པའི་བདེན་པ་རྟོགས་པ་ལ་ཐ་སྙད་ཀྱི་བདེན་པ་ལ་བརྟེན་དགོས་པས། དེ་ལ་བརྟེན་དགོས་ན་དེའི་རྣམ་བཞག་ཤེས་དགོས་པ་རྟོགས་ནས་བདེན་པ་གཉིས་སུ་ཕྱེ་བ་དང་། དབུ་མའི་གཞུང་ཚིག་བཀྲལ་བར་རྣམས་ཀྱི་རྣམ་པར་རྟོག་པ་ཁོ་ནས་མེད་པ་ཉིད་ཀྱི་དོན་དམ་པ་ཡིན་ནོ་ཞེས་སྒྲོ་བཏགས་ནས་འདོད་པ་རྣམས་ཀྱི་ལོག་རྟོག་འགོག་པའི་དོན་དུ་བདེན་པ་གཉིས་སུ་ཕྱེ་བ་ཡིན་ནོ།།

      

            གསུམ་པ་སངས་རྒྱས་ཀྱིས་ཀུན་རྫོབ་མི་གཟིགས་པར་བསྟན་པ་ལ། ལུང་དང་རིག་པ་གཉིས་ལས། དང་པོ་ནི། དེ་ཉིད་ཀྱིས། དབུ་མའི་གཞུང་གསུམ་གསལ་བྱེད་ཀྱི་འགྲེལ་པར། སངས་རྒྱས་ཀྱིས་ཀུན་རྫོབ་གཟིགས་པར་འདོད་པ་དང་། རྣམ་མཁྱེན་ཀུན་རྫོབ་ཀྱི་གཞལ་བྱ་མཇལ་བྱེད་ཀྱི་ཚད་མར་འདོད་པ་ལ་སོགས་པ་ནི་དབུ་མའི་ནང་དུ་བསྐྲད་པའི་འཁོར་ལོས་ཟིན་པ་ཡིན་ནོ།། ཞེས་དང་། ཡང་དེའི་འགྲེལ་པར། བག་ཆགས་ཐམས་ཅད་ཡོངས་སུ་དག་པ་ན་རྣམ་པ་ཐམསཅད་དུ་ཀུན་རྫོབ་ཀྱི་ཆོས་སྣང་མི་མྱོང་བ་རང་བཞིན་ཉིད་ལ་དུས་ཐམས་ཅད་དུ་མཉམ་པར་འཇོག་པ་ཡིན་ནོ། ། ཞེས་དང་། ཡང་བྱམས་ཞལ་ལས། དེས་ཀུན་རྫོམ་འདི་ལྟར་དུ་མི་གཟིགས་ཏེ། ཀུན་རྫོབ་ནི་གཏི་མུག་གི་གཉིད་ཀྱིས་ནོན་པའི་དབང་གིས་བྱུང་བའི་རྨི་ལམ་ཡིན་ལ། དེ་ནི་གཉིད་དེ་སངས་ཟིན་པའི་ཕྱིར་རོ། ། ཞེས་གསུངས་པ་འདི་ཐམས་ཅད་གནད་གཅིག་ཏུ་བབས་འདུག་པར་སེམས་སོ། །  གཉིས་པ་ནི། སངས་རྒྱས་ཆོས་ཅན། ཀུན་རྫོབ་མི་གཟིགས་ཏེ། ཀུན་རྫོབ་གཟིགས་པའི་རྒྱུ་མ་རིག་པ་མེད་པའི་ཕྱིར་དང་། ཡང་ན། སྒྲིབ་གཉིས་སྤངས་ཟིན་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །

ཀུན་རྫོབ་བདེན་པ་དང་འཇིག་རྟེན་ཀུན་རྫོབ་བདེན་པ་གཉིས་ལ་དཔྱད་པ། ཀུན་རྫོབ་བདེན་པ་བཤད་པའི་གནས་སྐབས་སུ་ འཇུག་འགྲེལ་ལས། མཐོང་བ་བརྫུན་པའི་ཡུལ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པའོ། ། ཞེས་གསུངས་པའི་མཐོང་བ་བརྫུན་པའི་ཡུལ་དེ་ལ་རྣམ་པ་གཉིས་བཞག་སྟེ། རྩ་བར། མཐོང་བ་བརྫུན་པའང་རྣམ་པ་གཉིས་འདོད་དེ། །དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་ནོ། ། ཞེས་སྐབས་ནས་བསྟན་པའི་ མཐོང་བ་བརྫུན་པའི་ཡུལ་ཅན་དང་དེའི་ཡུལ་གཉིས་ཀ་ཀུན་རྫོབ་བདེན་པ་ཡིན་གྱི་འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་ནི་མ་ཡིན་ཏེ། གཏི་མུག་རང་བཞིན་གྱིས་སྒྲིབ་པའི་འཇིག་རྟེན་ཀུན་རྫོབ་བདེན་པ་འདི་མ་ཡིན་པའི་ཕྱིར་དང་། ཡང་འཇུག་འགྲེལ་ལས། དེའི་ཕྱིར་དེ་དང་གང་ཞིག་གང་ཞིག་ཀུན་རྫོབ་ཏུ་ཡང་བརྫུན་པ་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་ནོ། ། ཞེས་གསུངས་སོ། །

ཐ་སྙད་བདེན་པའི་ཐབས་ལས་དོན་དམ་བདེན་པ་ཐབས་འབྱུང་བས་བསྟན་པ། འཇུག་པ་ལས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་འབྱུང་གྱུར་པ་སྟེ། །ཞེས་དང་། རྣམ་ཤེས་ལས། ཀུན་རྫོབ་ཇི་ལྟར་སྣང་དེ། །རིགས་པས་བརྟགས་ན་འགའ་མ་བརྙད། །མ་རྙེད་པ་ནི་དོན་དམ་ཉིད་དོན་དམ་ཡིན། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཅེས་དང་། སློབ་དཔོན་གྱིས། ཐ་སྙད་ལ་ནི་མ་བརྟེན་པར། །དོན་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་མ་རྟོགས་པར་མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་དང་། འགྲེལ་པར། འཇིག་རྟེན་པའི་དོན་དམ་པ་ཁས་མ་བླངས་པར་དོན་དམ་པ་བསྟན་མི་ནུས་ལ། མ་བསྟན་ན་ཡང་རྟོགས་པར་མི་ནུས་ཤིང་། དོན་དམ་པ་མི་རྟོགས་པར་ཡང་མྱ་ངན་འདས་པའི་གྲོང་ཁྱེར་དུ་ཕྱིན་པར་མི་ནུས་སོ། །ཞེས་བསྟན་པས་རྣམ་གྲངས་པའི་དོན་དམ་བདེན་པ་ལ་སོགས་པའི་ཐབས་ལས་ མཐར་ཐུག་རིགས་པའི་དཔྱད་པའི་ཚེ་ འགའ་ཡང་མ་རྙེད་པའི་ཡེ་ནས་དག་པའི་ཆོས་ཉིད་དེ་ཉིད་ཐབས་འབྱུང་དུ་གསལ་བར་བསྟན་ཏོ། ། རིགས་པས་དཔྱད་པའི་ཚེ་འགའ་མ་རྙེད་པ་ནི་ཐབས་འབྱུང་དུ་བཞག་མི་ནུས་སྟེ། དེ་ལྟར་ཡིན་ན་ འཇིག་རྟེན་ཀུན་རྫོབ་བདེན་པ་ཐམས་ཅད་ཐབས་འབྱུང་དུ་འགྱུར་རོ། ། བྱང་ཆུབ་སེམས་དཔས་རྟོགས་པའི་ཆོས་ཉིད་དེ་ཡང་ཡེ་ནས་གནས་པའི་ཆོས་ཉིད་ཉིད་དུ་བཞག་མི་ནུས་སྟེ། དེ་ལྟར་ཡང་ཀུན་མཁྱེན་ཆེན་པོས། ཡུམ་དེ་ཉིད་སྲས་རང་རང་གིས་རྟོགས་པ་ལྟར་དུ་གྲུབ་བམ་སྙམ་ན་མ་ཡིན་ཏེ། འདི་ནི་རྫོགས་པའི་སངས་རྒྱས་གཟིགས་པ་ལྟར་དུ་གནས་སོ་ཞེས་བསྟན་ཏོ། །

དོན་དམ་པ་དང་དོན་དམ་བདེན་པ་གཉིས་དོན་གཅིག་ཏུ་བསྟན་པ་ལ། སྒྲ་ཡངས་པའི་སྒོ་ནས་བཤད་ཚུལ་དང་། སྒྲ་ལྡོགས་པའི་སྒོ་ནས་བཤད་ཚུལ་གཉིས་ལས། དང་པོ་ནི། འགྲེལ་པ་ལས། དོན་དམ་པ་དེ་ནི་གཞན་ལ་བརྟེན་ནས་རྟོགས་པ་མ་ཡིན་པ་དང་ཞི་བ་དང་འཕགས་རྣམས་ཀྱིས་སོ་སོ་རང་གི་རིག་པའི་བདག་ཉིད་ཅན་དང་། སྤྲོས་པ་ཐམས་ཅད་ལས་འདས་པ་བསྟན་དུ་མེད་པ་ཤེས་པར་བྱས་པ་མ་ཡིན་ནོ། །ཞེས་གསུངས་པ་འདི་ཡང་སྒྲ་ཡངས་པའི་སྒོ་ནས་ སོ་སོ་སྐྱེ་བོ་རྣམས་ཀྱི་དོན་དམ་པ་དང་འཕགས་པ་སྣང་བ་དང་བཅས་པའི་སྤྱོད་ཡུལ་རྣམས་ཀྱི་རྣམ་གྲངས་པའི་དོན་དམ་བདེན་པ་རྣམས་ལ་ དོན་དམ་པའམ་དོན་དམ་བདེན་པའི་སྒྲ་སྦྱར་བའི་སྒོ་ནས་བཤད་པ་ཙམ་ཡིན་ནོ། ། སྒྲ་ལྡོགས་པའི་སྒོ་ནས་བཤད་ཚུལ་ནི། ཀུན་མཁྱེན་ཆེན་པོས། དོན་དམ་པར་ནི་དེ་དོན་ཀྱང་ཡིན་ལ། དམ་པ་ཡིན་པས་དོན་དམ་པའམ་རྣམ་པར་མི་རྟོག་པའི་ཡེ་ཤེས་དམ་པའི་དོན་ཡིན་པས་དོན་དམ་པ་སྟེ་དེ་ཁོ་ན་ལས་གཞན་ལས་བཤད་པ་མ་ཡིན་པ་ལ་སོགས་པའི་མཚན་ཉིད་དོ། ། ཅེས་གསུངས་པའི་དོན་ཡང་ རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་གཞན་དུ་གྱུ་པའི་དོན་དམ་པ་མེད་པ་ཁོ་བོས་རྣམ་པར་རྟོག་པའོ། ། ཡང་ཤེར་ཕྱིན་ལས། ཡུམ་དེ་ཉིད་སྲས་རང་རང་གིས་རྟོགས་པ་ལྟར་དུ་གྲུབ་བམ་སྙམ་མ་ཡིན་ཏེ། དེ་ནི་རྫོགས་པའི་སངས་རྒྱས་ཀྱིས་གཟིགས་པ་ལྟར་དུ་གནས་སོ། ། ཞེས་སྲས་རང་རང་གིས་རྟོགས་པ་ལྟར་གྲུབ་པའི་ཡུམ་མམ་དོན་དམ་བདེན་པ་མེད་པས་ དོན་དམ་པ་ནི་སངས་རྒྱས་ཀྱིས་གཟིགས་ལྟར་དུ་གནས་པ་ལ་འཇོག་དགོས་པའི་ཕྱིར་རོ། ། ཡང་རྣམ་འགྲེལ་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མེད། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་གསུངས་སོ། །

         བཞི་པ་བདེན་གཉིས་ཀྱི་མཚན་ཉིད་དཔྱད་པ་ལ། ཀུན་རྫོབ་བདེན་པའི་མཚན་ཉིད་ལ་དཔྱད་པ་དང་། དོན་དམ་བདེན་པའི་མཚན་ཉིད་ལ་དཔྱད་པ་གཉིས།  ཀུན་རྫོབ་བདེན་པའི་མཚན་ཉིད་འདི་ཡང་སྣང་ངོར་མི་བསླུ་བ་གང་རུང་གི་མཚོན་ནུས་པའི་ཕྱིར་རོ།། འོ་ན་མཚན་ཉིད་དེ་གཟུར་གསུམ་དུ་བཞག་པ་ལ་དགོས་མེད་དུ་ཐལ་བ་དང་། ཟླ་བ་གཉིས་ཡང་འཁྲུལ་ངོར་མི་བསླུ་བ་ཡིན་པས་ཀུན་རྫོབ་བདེན་པར་འགྱུར་རོ་ཞེ་ན། དང་པོ་ནི་དགོས་མེད་དུ་ཐལ་བར་མི་འགྱུར་ཏེ། སྣང་ངོར་མི་བསླུ་བ་ནི་ཡུལ་གྱི་སྒོ་ནས་ཀུན་རྫོབ་བདེན་པའི་མཚན་ཉིད་དུ་བཞག་པ་དང་། འཁྲུལ་ངོར་མི་བསླུ་བ་ནི་ཡུལ་ཅན་གྱི་ཆ་ནས་ཀུན་རྫོབ་བདེན་པའི་མཚན་ཉིད་དུ་བཞག་པ་དང་། འཇིག་རྟེན་གྱི་ཐ་སྙད་དུ་མི་བསླུ་བ་ནི་བརྟེན་གྱི་ཆ་ནས་ཀུན་བདེན་པའི་མཚན་ཉིད་དུ་བཞག་པ་ཡིན་ནོ།། གཉིས་པ་ཟླ་བ་གཉིས་ནི་འཁྲུལ་ངོར་བསླུ་བ་ཡིན་ཏེ། ཀུན་ཏུ་ཐ་སྙད་པའི་ཚད་མའི་ངོར་བསླུ་བ་ཡིན་པས་ཀུན་རྫོབ་བདེན་པ་མ་ཡིན་ནོ།། དོན་དམ་བདེན་པའི་མཚན་ཉིད་ལ་དཔྱད་པ་ནི། ཡང་དག་པའི་མཐོང་བ་ལ་མི་བསླུ་བའམ། གནས་ལུགས་ལ་མི་བསླུ་བའམ། སངས་རྒྱས་ཀྱི་གཟིགས་ངོར་མི་བསླུ་བ་ནི་དོན་དམ་བདེན་པའི་མཚན་ཉིད་ཡིན། འདི་ཡང་ཀུན་རྫོབ་བདེན་པའི་མཚན་ཉིད་ལྟར་བཞག་པ་ཡིན་གྱི་དེ་ལྟར་མ་ཡིན་ན་རྣམ་གྲངས་པའི་དོན་དམ་བདེན་པ་ཡང་སངས་རྒྱས་གཟིགས་ངོར་མི་བསླུ་བ་ཡིན་པར་འགྱུར་རོ། །

ལྔ་ཞར་ལ་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་རྟོགས་པའི་ཡུལ་ཅན་སངས་རྒྱས་ཁོ་ནར་བསྟན་པ་ལ། དེ་ཉིད་ཀྱི་ལུགས་ལ་རྣམ་གྲངས་མ་ཡིན་པའི་ དོན་དམ་བདེན་པ་རྟོགས་པའི་ཡུལ་ཅན་སངས་རྒྱས་ཁོ་ནར་ཡིན་དགོས་ཏེ། དེ་ཉིད་ཀྱིས། སངས་རྒྱས་ཀྱིས་གཟིགས་པ་འབའ་ཞིག་དོན་དམ་བདེན་པ་ཡིན་ལ། གཞན་ནི་ཀུན་རྫོབ་གྱི་བདེན་པ་ཡིན་ནོ།། ཞེས་གསུངས་པ་ཡང་གཞན་དོན་རྣམ་གཅོད་ཀྱི་སྒོ་ནས་གསུངས་པ་ཡིན་ཏེ། གཞན་ནི་ཀུན་རྫོབ་གྱི་བདེན་པ་ཡིན་ནོ་ཞེས་གསུངས་པའི་ཤུགས་ཀྱིས་ རྣམ་གྲངས་མ་ཡིན་པའི་དོན་དམ་རྟོགས་པའི་ཡུལ་ཅན་སངས་རྒྱས་ཁོ་ནར་ཡིན་པ་བསྟན་ནུས་པའི་ཕྱིར་རོ། །ཡང་འཇམ་པའི་ཞལ་ལུང་ལས། རྟོགས་བྱ་སྙིང་པོ་ནི་གཅིག་ཏུ་དེ་ཡིན་ལ། དེ་ཇི་ལྟར་རྟོགས་པའི་ཡུལ་ཅན་ཡང་སངས་རྒྱས་ཁོ་ནར་ངེས་པས་མཐར་ཐུག་གཅིག་པ་དེ་ཡང་དེ་བླག་ཏུ་ཤེས་པར་འགྱུར་རོ་ཞེས་དང་། དེ་ཉིད་ཀྱིས། སངས་རྒྱས་རྣམས་ཀྱི་དོན་དམ་པ་ནི་རང་བཞིན་ཉིད་ཡིན་ཞིང་། དེ་ཡང་བསླུ་བ་མེད་པ་ཉིད་ཀྱིས་དོན་དམ་པའི་བདེན་པ་ཡིན་ལ། དེ་ནི་དེ་རྣམས་ཀྱིས་སོ་སོ་རང་རིག་པར་བྱ་བ་ཡིན་ནོ། །ཞེས་གསུངས་པ་དེ་གཉིས་འགལ་མེད་དུ་སྣང་ངོ་། །  །སྡུས་པ་ལས། ཇི་སྲིད་ཚོགས་གཉིས་ཡོངས་སུ་རྫོགས་པར་མ་བྱས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་འགྱུར། །ཞེས་གསུངས་པ་ལྟར། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་མ་རྫོགས་པ་ལ་སྟོང་ཉིད་དམ་པའམ་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་ རྟོགས་མི་ནུས་པས་དེ་གཉིས་རྫོགས་པ་ནི་སངས་རྒྱས་ཁོ་ན་ལས་གཞན་རྣམས་ཀྱིས་དེ་རྟོགས་མི་ནུས་པའི་ཕྱིར་རོ། །དེ་ཉིད་ཀྱིས། ཉན་རང་འཕགས་པ་བདེན་མཐོང་བཀག་པ་མེད། །བྱང་འཕགས་གཟིགས་པ་རྣམ་གྲངས་དོན་མེད་ན། བདེ་གཤེགས་སྙིང་པོ་ལྟ་ལ་མིག་མེད་བཞི། །སོ་སྐྱེ་ཉན་རང་ཐེག་པ་གསར་ཞུགས་སོ། །ས་ཆེན་ཞུགས་པའང་ཆ་ཙམ་ཐོགས་མེད་ཀྱིས་། ། གསུངས་པའི་ཀུན་ལའང་འགྱུར་བཅོས་མཛད་པ་ཞུ། ། ཞེས་གསུངས་སོ། ། དོན་དམ་བདེན་པ་རྟོགས་ཚུལ་ནི་ཚོགས་གཉིས་ཡོངས་སུ་རྫོགས་པའི་དུས་དེ་ཁར་ སྣང་བ་ཐམས་ཅད་འགག་ནས ཟུང་འཛིན་གཉིས་པོ་ངོ་བོ་དབྱེར་མེད་དུ་སོང་བ་དེ་ཁ་ དོན་དམ་བདེན་པ་རྟོགས་ཞེས་པའི་ཐ་སྙད་འཇོག་པ་ཡིན་གྱི་ དོན་དམ་ཚད་མ་ལས་ལོགས་སུ་གྱུར་པའི་ དོན་དམ་བདེན་པའི་ཡུལ་ཡོད་པ་ནི་མ་ཡིན་ནོ། ། གསེར་དགོན་འཛིན་གྱི་སློབ་གཉེར་བ་ ཀུན་དགའ་དྲོ་ཡ་མིང་པས་བྲིས་པའོ། །[༡༦]


རྩོམ་ཤོག་གི་རིགས། ཐེག་ཆེན་སེམས་བསྐྱེད་ཀྱི་སྐོར།

[ཞུན་དག]

༼ ཐེག་ཆེན་སེམས་བསྐྱེད་ལ་དཔྱད་པ་པད་དཀར་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། ། ༽[༡༧]

[ཞུན་དག]

གང་ཞིག་བསྟེན་ན་ཉེར་ཞི་གཉིས་ཀྱི་གོང་དུ་འཁྲིད་ལ་སོམ་ཉིད་བྲལ། །གང་དང་ལྡན་ན་ཞི་བ་ལྷ་སོགས་འཕགས་པ་རྣམས་ཀྱིས་ཕྱག་བྱར་འོས། །

གང་ལ་བསྟེན་ན་སྒོ་གསུམ་ཉེས་པ་མ་ལུས་པ་ཡང་སྤོང་བྱད་པ། །བླ་མེད་བྱང་ཆུབ་སེམས་ལ་མི་ཕྱེད་དད་པ་བརྒྱ་ཡིས་བླངས་ནས་མཆོད། །

གང་གི་གཞུང་ལུགས་ཟབ་པའི་ཆུ་གཏེར་ལ། །ཁྲོན་པའི་སྦལ་པས་རོལ་བར་མ་ནུས་ཀྱང་། །

ཟབ་དགོངས་རྒྱ་མཚོར་འབབ་པའི་ཆུ་ཕྲན་ལ། །སྒྱུ་རྩལ་ཆུང་ངུའི་སྒོ་ནས་འཁྱམ་ལ་སྤྲོ། །

ཞེས་མཆོད་པར་བརྗོད་པ་དང་དམ་བཅའ་བས་མདུན་བསུས་ཏེ་གང་ཞིག་གླེང་བར་བྱ་བ་ནི། འོ་སྐོལ་གྱི་སྟོན་པ་ཐུབ་པའི་དབང་པོས་གདུལ་བྱའི་ཁམས་དང་། བསམ་པ་དང་། མོས་པ་དང་། དབང་པོ་དང་བསྟུན་པའི་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་གསུངས་པ་དེ་དག་ཀྱང་བསྡུ་ན། ཀུན་མཁྱེན་ཆེན་པོས།

རྟུལ་འབྲིང་རྣོན་པོ་འདུལ་བྱེད་ཀྱིས། །འཁོར་ལོ་རིམ་པ་གསུམ་དུ་བསྡུས། །ཞེས་དང་།

ཝཱ་རཱ་ཎ་སཱིར་བདེན་བཞི་གཞན་དུ་ཡང་། །ཕར་ཕྱིན་རྡོ་རྗེ་ཐེག་པ་མ་ལུས་པའི། །

ཞེས་གསུངས་པ་ལྟར་ཆོས་འཁོར་རིམ་པ་གསུམ་དུ་སྡུད་པ་ཡིན་ལ། དེའི་ནང་ནས་ཀྱང་ཆོས་འཁོར་སྤྱིའི་དབང་དུ་བཏང་ན་བར་པ་ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་། མདོ་ལུགས་གཞིར་བཞག་གི་དབང་དུ་བཏང་ན། བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གྱི་དགོངས་འགྲེལ་དུ་འགྱུར་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན། དེ་ལའང་དོན་གྱི་བརྗོད་བྱ་དོན་བདུན་ཅུ་ཡོད་པའི་ཐོག་མ་སེམས་བསྐྱེད་ཀྱི་སྐོར་མདོ་ཙམ་ཞུ་བ་ལ། དང་པོ་ཐེག་ཆེན་སེམས་བསྐྱེད་ཀྱི་རྟེན།  གཉིས་པ་ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་ལ་དཔྱད་པ།  གསུམ་པ་དབྱེ་བ་དང་ས་མཚམས་བཅས་གསུམ་ལས།   དང་པོ་ལ་ལུས་རྟེན་དང་སེམས་རྟེན་གཉིས་ལས།  དང་པོ་ནི།  འགལ་རྐྱེན་མི་ཁོམས་པའི་གནས་བརྒྱད་ལས་གྲོལ།  མཐུན་རྐྱེན་འབྱོར་པ་བཅུ་ཚང་བའི་ལུས་རྟེན་ཞིག་དགོས་ཏེ། དེ་ལ་དགོངས་ནས་སྤྱོད་འཇུག་ལས།

དལ་འབྱོར་འདི་ནི་རྙེད་པ་ཤིན་ཏུ་དཀའ། །སྐྱེས་བུའི་དོན་བསྒྲུབ་ཐོབ་པར་གྱུར་པ་ལ། །

གལ་ཏེ་འདི་ལ་ཕན་པ་མ་སྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །

ཞེས་གསུངས། དེའང་ལུས་རྟེན་ཕུན་སུམ་ཚོགས་པའི་དབང་དུ་བྱས་པ་ཡིན་གྱི། སེམས་བསྐྱེད་སྐྱེ་བའི་ལུས་རྟེན་ཡིན་ན་དེ་ཡིན་པས་མ་ཁྱབ་སྟེ།  ངན་འགྲོའི་རྟེན་ལའང་སེམས་བསྐྱེད་གསར་དུ་སྐྱེ་བ་ཡོད་པར་ཀུན་མཁྱེན་ཆེན་པོས་བཞེད་པའི་ཕྱིར། གཉིས་པ་སེམས་རྟེན་ཕུན་སུམ་ཚོགས་པའི་དབང་དུ་བཏང་ནས་སྡོམ་གསུམ་རྒྱ་ཆེར་འགྲེེལ་པ་ལེའུ་བར་པ་དང་། བྱང་ཆུབ་ལམ་སྒྲོན་ལས་སོ་ཐར་གྱི་སྡོམ་པ་དགོས་པར་གསུངས་ཀྱང་། ངེས་བཟུང་གི་ཡན་ལག་ཏུ་ནི་མ་ཡིན་ཏེ་གོང་གི་དཔེ་བཞིན་ནོ། །

གཉིས་པ་ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་ལ་དཔྱད་པ་ལ།  གཞན་ལུགས་དགག  རང་ལུགས་བཞག རྩོད་པ་སྤོང་བ་དང་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི། ཁ་ཅིག ཀུན་མཁྱེན་ཆེན་པོས་བྱམས་པའི་ཞལ་ལུང་དུ།  ཐེག་ཆེན་དུ་སེམས་བསྐྱེད་པ་ནི།  སྟོང་པ་དང་སྙིང་རྗེའི་སྙིང་པོ་ཅན་དུ་སེམས་བསྐྱེད་པ།  ཞེས་པའི་ཚིག་གཞིར་བཟུང་ནས།  དེས་ཐེག་ཆེན་སེམས་བསྐྱེད་སྤྱིའི་མཚན་ཉིད་བསྟན་ཞེས་པའང་འཐད་པར་མ་མཐོང་སྟེ།  མཚན་ཉིད་དེའི་དོན།  སྙིང་རྗེས་ཆེད་དུ་བྱ་བ་གཞན་དོན་དུ་དམིགས་ལ།  ཤེས་རབ་དེས་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་སྟེ་དོན་གཉིས་སམ་དམིགས་པ་གཉིས་དང་བཅས་པའི་སེམས་བསྐྱེད་ལ་བཞེད་པ་འདྲ།   སྐབས་དེར་བསྟན་གྱི་མཚན་ཉིད་དེ་ཡང་ངོ་སྤྲོད་ཀེའུ་ཚང་མའི་འགྲེལ་པ་ལས།  བྱང་ཆུབ་ཀྱི་སེམས་གང་ཞེ་ན། གཞན་གྱི་དོན་གྱི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་མཁྱེན་པའོ།  །ཞེས་པའི་སྐབས་ནས་བསྟན་པའི་མཚན་ཉིད་དེ་དང་དོན་གཉིས་སུ་མི་སེམས་ཞིང་།  དེ་ལྟར་ཡིན་ན།  དེ་ལྟ་བུའི་སེམས་བསྐྱེད་དེ་ལ་ངོ་བོའི་སྒོ་ནས་སྨོན་པ་དང་། འཇུག་པ་སེམས་བསྐྱེད་གཉིས་སུ་དབྱེ་འདུག་པས།  མཚན་ཉིད་དེ་ལྡན་གྱི་སེམས་བསྐྱེད་དེ་ཀུན་རྫོབ་སེམས་བསྐྱེད་ཡིན་པར་སེམས་ཏེ།  ངོ་བོའི་སྒོ་ནས་སྨོན་འཇུག་གི་སེམས་བསྐྱེད་གཉིས་སུ་དབྱེར་རུང་བའི་སེམས་བསྐྱེད་དེ་ཀུན་རྫོབ་སེམས་བསྐྱེད་ལས་གཞན་ལ་འོས་མེད་པའི་ཕྱིར་རོ།  །དེ་ཡང་སྤྱོད་འཇུག་དབུ་མ་ལམ་སྒྲོན་ལས། མདོར་བསྡུ་ན། རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། བྱང་ཆུབ་ཏུ་སྨོན་པའི་སེམས་དང་ནི།  བྱང་ཆུབ་ལ་འཇུག་པ་ཉིད་ཡིན་ནོ། །དེ་གཉིས་ཀུན་རྫོབ་ཁོ་ན། ཞེས་དངོས་སུ་གསལ་བས་དོགས་པའི་གཞི་མེད་དོ།།

འོ་ན་ཀུན་མཁྱེན་ཆེན་པོས་དོན་གཉིས་སམ་དམིགས་པ་གཉིས་དང་ལྡན་པའི་སེམས་བསྐྱེད་དེ་ལ་ངོ་བོའི་སྒོ་ནས་སྨོན་འཇུག་གི་སེམས་བསྐྱེད་གཉིས་སུ་དབྱེ་བ་དེ་ཇི་ལྟར་འཐད་ཅེ་ན།  དེ་ཉིད་སློབ་དཔོན་གྱི་དགོངས་པའང་ཡིན་པར་སྣང་ཏེ། དེ་ཉིད་ཀྱིས་མཛད་པའི་འགྲེལ་ཆུང་དོན་གསལ་ལས།  སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།  །ཡང་དག་རྫོགས་པའི་བྱང་ཆུབ་འདོད།  །ཅེས་པའི་གཞུང་གི་འཐད་དུ། སངས་རྒྱས་སུ་གྲུབ་ནས་གཞན་གྱི་དོན་གྱི་ཕྱིར་སྐལ་བ་ཇི་ལྟ་བ་བཞིན་དུ་འབད་པར་བྱའོ་ཞེས་སེམས་བསྐྱེད་པ་གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་མཚན་ཉིད་སྨོན་པ་དང་འཇུག་པའི་ངོ་བོ་ཉིད་རྣམ་པ་གཉིས་སོ། །ཞེས་གསུངས་པས་སོ།།

དེར་མ་ཟད། དོན་དམ་སེམས་བསྐྱེད་ནི་ལུང་ལ་འཇུག་སྒོར།  གཏེར་ལྟ་བུ་ནས་མཉམ་བཞག་གི་ངོ་ཏི་ལ་དོན་དམ་སེམས་བསྐྱེད། ཅེས་དང་། སྡོམ་གསུམ་སྙིང་པོ་བསྟན་པར། དོན་དམ་སེམས་བསྐྱེད་ནི་ས་དེ་པའི་མཉམ་བཞག་ཡཻས། གསུངས་པ་ལྟར་བྱང་སེམས་འཕགས་པའི་རྒྱུད་ཀྱི་མཉམ་བཞག་ཡཻས་ལ་འཇོག་དགོས་ཤིང་། །དེ་ཡང་དམིགས་མེད་ཀྱི་ཡཻས་ཤིག་དགོས་པའི་ཕྱིར་རོ། །

དེར་མ་ཟད་སློབ་དཔོན་གྱིས། རྣམ་པ་གཅིག་ཏུ་ན་སྨོན་ལམ་ནི་དོན་དུ་གཉེར་བ་སྟེ། ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ཡིན་ལ། དེ་དང་ལྷན་ཅིག་སྤྱོད་པའི་སེམས་བསྐྱེད་པ་དེའི་སྒྲར་བསྟན་པ་ནི་དེ་ལྟར་ན་བྱང་ཆུབ་སེམས་པ་རྣམས་ལ་སྨོན་ལམ་དང་ལྡན་པའི་སེམས་དེ་སྐྱེའོ་ཞེས་བྱ་བར་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །ཞེས་དང་། བྱམས་པའི་ཞལ་ལུང་ལས།  སེམས་པ་ཞེས་པ་ནི་མཚུངས་པ།  གང་དེ་དང་མཚུངས་པར་ལྡན་ན།  སེམས་འབྱུང་བ་སྟེ་དོན་སེམས་པ་དང་མཚུངས་པར་ལྡན་པའི་སེམས་ཡུལ་ཁྱད་པར་ཅན་དུ་སྣང་བར་སྐྱེ་བ་ཞེས་སྟོན་པའོ།  །ཞེས་པའི་གཞུང་ཚིག་དེ་དག་གིས་མཚན་ཉིད་དེ་ལྡན་གྱི་སེམས་བསྐྱེད་དེའི་མཚན་གཞི་གཙོ་སེམས་ལ་བཞེད་པ་ལས་ཀྱང་།  སྐབས་དེར་བསྟན་གྱི་མཚན་ཉིད་དེ་ཀུན་རྫོབ་སེམས་བསྐྱེད་ཀྱི་མཚན་ཉིད་ཡིན་པར་གོ་ནུས་སྙམ་སྟེ།  རང་གི་གོ་བ་མ་ནོར་བ་ཡིན་ན། ལུང་ལ་འཇུག་སྒོ་ལས།  དེ་ཡང་དོན་གཉིས་སམ་དམིགས་པ་གཉིས་དང་ལྡན་པའི་ཡིད་ཀྱི་རྣམ་ཤེས་སུ་བཞག་པ་ནི།  སེམས་བསྐྱེད་པ་དེ་ལ་ཡང་དག་པར་བླངས་པ་ལས་ཐོབ་པ་དང་།  ཆོས་ཉིད་ཀྱིས་ཐོབ་པ་གཉིས་ཡོད་པ་དང་པོའི་དབང་དུ་བྱས་པའི་ཕྱིར། ཞེས་པའི་གཞུང་ཚིག་གི་དགོངས་པ་ཡིན་པར་འདྲ་བས་སོ། །

ཡང་སྤྱོད་འཇུག་དབུ་མ་ལམ་སྒྲོན་ལས། དེའི་ངོ་བོ་ནི་བྱང་ཆུབ་ཀྱི་སེམས་སྟོང་པ་དང་སྙིང་རྗེའི་སྙིང་པོ་ཅན་ལ་དམིགས་པའི་ཡིད་ཤེས་དགེ་བ་ཡོན་ཏན་ཟད་མི་ཤེས་པ་འདྲེན་ནུས་པ་ཞིག་གོ །ཞེས་པའི་མཚན་ཉིད་འཇོག་ཚུལ་ལྟར་ནའང་། དམིགས་པ་རྣམ་པ་གཉིས་དང་བཅས་ཤིང་། ཡིད་ཤེས་ཀྱི་ངོ་བོར་འགྱུར་པའི་སེམས་བསྐྱེད་དེ་ཀུན་རྫོབ་སེམས་བསྐྱེད་ལས་གཞན་ལ་འོས་མེད་པར་འདྲའོ། །

ཡང་ཁ་ཅིག སྟོང་པ་སྙིང་རྗེའི་སྙིང་པོ་ཅན་གྱི་སེམས་བསྐྱེད་པ་དེ་ཐེག་ཆེན་སེམས་བསྐྱེད་ཀྱི་ངོ་བོར་བཞག་ནས།  དེའི་དོན་སྙིང་རྗེས་གཞན་དོན་དང་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་དང་ལྡན་པའི་སེམས་བསྐྱེད་ལ་བཞེད་ཅིང་། དེའི་སྒྲུབ་བྱེད་དུ།  མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པའི་གཞུང་ཚིག་དྲངས་པ་ཡང་ཡོད་དོ། །དེར་ཅུང་ཟད་དཔྱད་ན། དམིགས་པ་རྣམ་པ་གཉིས་དང་བཅས་པའི་སེམས་བསྐྱེད་དེ་མངོན་རྟོགས་རྒྱན་གྱི་གཞུང་ཚིག་དེའི་དངོས་བསྟན་གྱི་བརྗོད་བྱ་ཉིད་དུ་བཞེད་མི་བཞེད་གང་། དང་པོ་ལྟར་ན་དོན་དམ་སེམས་བསྐྱེད་དང་ཀུན་རྫོབ་སེམས་བསྐྱེད་གཉིས་པོ་དེ།  གཉིས་ཀ་དམིགས་པ་རྣམ་པ་གཉིས་དང་བཅས་པའི་སེམས་བསྐྱེད་ཡིན་པར་འདྲ་བས།  གཞུང་ཚིག་དེས་དོན་དམ་སེམས་བསྐྱེད་སྦས་དོན་གྱིས་བསྟན་པའི་རྣམ་བཞག་ཡང་མི་འཐད་པར་ཐལ་ལོ།  །འདོད་མི་ནུས་ཏེ་ཀུན་མཁྱེན་ཆེན་པོས་ལུང་ལ་འཇུག་སྒོར།  འདིས་གཙོ་བོར་ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་བསྟན་ལ་སྦས་དོན་གྱིས་ཕྱི་མའང་བསྟན་ནོ།།ཞེས་གསུངས་པའི་ཕྱིར། གཉིས་པ་ལྟར་ཡང་མི་འཐད་དེ།  དམིགས་པ་རྣམ་པ་གཉིས་དང་བཅས་པའི་སེམས་བསྐྱེད་དེ་གཞུང་ཚིག་དེས་ཚིག་ཟིན་ལ་བསྟན་པའི་ཕྱིར་རོ།  །དེས་ན་མངོན་རྟོགས་རྒྱན་གྱི་གཞུང་ཚིག་དེས་དམིགས་པ་རྣམ་པ་གཉིས་དང་བཅས་པའི་སེམས་བསྐྱེད་དེ་དངོས་སུ་བསྟན་ཅིང་། དོན་དམ་སེམས་དེ་དམིགས་པ་གཉིས་དང་བཅས་པའི་སེམས་བསྐྱེད་ཡིན་ཡང་། གཞུང་ཚིགས་དེའི་སྦས་དོན་དུ་བཞེད་པ་ནི་མ་བརྟག་པར་རང་དགར་དུ་སྨྲ་བའི་གཏམ་སྟེ།  ཀུན་མཁྱེན་དགོངས་པའི་འབེན་མུན་པར་བཞག་ནས་རློམ་ཚོད་ཀྱིས་མདའ་འཕེན་པ་ལ་དགོས་པ་མ་མཐོང་ངོ། །

ཁོ་བོ་ཁྱི་རྒན་མྱོས་པའི་ཀུ་ཅོ་ཡིས། །སེང་གེའི་ངར་སྒྲ་གཞོམ་པར་མི་ནུས་ཀྱང་། །

ཚིག་དོན་ཕུན་ཚོགས་མེད་པའི་སྒྲ་སྐད་ཀྱིས། །ཁྱི་རྒན་གཞན་ཡང་རྗེས་སུ་འབྲང་ཕྱིར་བཏོན། །

གཉིས་པ་རང་ལུགས་བཞག་པ་ནི།  འོ་ན་ཀུན་མཁྱེན་ཆོས་པོས་ཐེག་ཆེན་སེམས་སྤྱིའི་མཚན་ཉིད་མི་བཞེད་པ་ཡིན་ནམ་ཞེ་ན།  ཁོ་བོ་ནི་འདོད་ཅེས་པའི་ལན་འདེབས་པ་ལ་བློ་རྩེ་གཉིས་མི་མངའ་བ་ཡིན་ཏེ། སྒྲུབ་བྱེད་ནི་རྣམ་འགྲེལ་ལས། ཡུལ་རྣམ་ཅན་ནི་ཐ་དད་པས། །བློ་ཡི་རྟོག་པ་ཐ་དད་ཕྱིར། །ཞེས་པ་དེས་གྲུབ་བོ། །དེས་ན་ཀུན་མཁྱེན་ཆེན་པོའི་རྗེས་འབྲང་དུ་བཞེད་པ་དག་གིས། ཚད་མ་སྤྱི་ལ་ཁྱབ་པའི་མཚན་ཉིད་མེད་པའི་སྒྲུབ་བྱེད་ཁས་ལེན་བཞིན་དུ་ཐེག་ཆེན་སེམས་བསྐྱེད་སྤྱི་ལ་ཁྱབ་པའི་མཚན་ཉིད་ཁས་ལེན་པ་ནི་ཆོས་རྗེ་ས་པན་གྱིས། ནགས་ལ་གནས་པའི་སྤྲེའུ་དག ། ལྗོན་པའི་ཤིང་ལ་མི་གཙང་འཐོར། །ཞེས་པའི་འགྲོས་ལྟར་དུ་མི་འགྱུར་རམ། ཁོ་བོ་ནི་ཟས་ཟ་སའི་སྣོད་དུ་སྐྱག་པ་གཏང་འདོད་ཀྱི་བློ་མེད་པས། རེ་ཞིག་ཐེག་ཆེན་སེམས་བསྐྱེད་སྤྱི་ལ་ཁྱབ་པའི་མཚན་ཉིད་ཁས་མི་བླང་ངོ། །

  ཐེག་ཆེན་དོན་དང་ཀུན་རྫོབ་སེམས་བསྐྱེད་གཉིས། །ཡུལ་གྱི་རྣམ་པ་ཤིན་དུ་མི་མཐུན་པས། །

  སྤྱི་ལ་ཁྱབ་པའི་མཚན་ཉིད་མི་འདོད་ཅེས། །རྨོངས་བློས་ཡང་ཡང་དཔྱད་པའི་འབྲས་ལགས་སོ། །ཅེས་པས་བསྡུ་བའི་ཚིགས་བཅད་དོ། །

གསུམ་པ་རྩོད་པ་སྤོང་བ་ནི། ཁ་ཅིག སློབ་པའི་རྒྱུད་ཀྱི་དོན་དམ་སེམས་བསྐྱེད་དང་། མི་སློབ་པའི་རྒྱུད་ཀྱི་དོན་དམ་སེམས་བསྐྱེད་གཉིས་པོ་དེ་ཡུལ་གྱི་རྣམ་པ་ཤིན་ཏུ་མི་མཐུན་པས། དོན་དམ་སེམས་བསྐྱེད་སྤྱི་ལ་ཁྱབ་པའི་མཚན་ཉིད་མེད། ཅེས་ཟེར་རོ། །དེ་ལ་མཁས་པའི་བཞེད་ཚུལ་མང་ཡང་། ཁོ་བོའི་རྟོག་བློ་ལ་འཆར་ཚུལ་མདོ་ཙམ་ཞུས་ན། ཡུལ་གྱི་རྣམ་པ་མི་མཐུན་པ་ཙམ་གྱིས་སྤྱི་ལ་ཁྱབ་པའི་མཚན་ཉིད་མེད་པར་འཇོག་མི་ནུས་སྙམ་ཏེ། དེ་ལྟར་མིན་ན་ལུང་ལ་འཇུག་སྒོ་དང་བྱམས་པའི་ཞལ་ལུང་གཉིས་ཀྱི་ནང་དུ། མཐར་ཐུག་པའི་མངོན་རྟོགས་དེ་མི་སློབ་ལམ་སྤྱིའི་མཚན་ཉིད་དུ་གསུངས་པ་དང་ཧ་ཅང་འགལ་ཏེ། མི་སློབ་ལམ་སྤྱིའི་མཚན་ཉིད་དེས་མི་ཐེག་པ་གསུམ་ཆར་གྱི་མི་སློབ་ལམ་ལ་ཁྱབ་དགོས་པའི་ཕྱིར་རོ། །གལ་ཏེ་མཐར་ཐུག་པའི་མངོན་རྟོགས་དེ་ཐེག་ཆེན་མི་སློབ་ལམ་ཁོ་ནའི་མཚན་ཉིད་ཡིན་གྱི། ཐེག་པ་གསུམ་ཆར་གྱི་མི་སློབ་ལམ་གྱི་མཚན་ཉིད་མིན་ནོ་སྙམ་ན། མི་འཐད་དེ། མཚན་ཉིད་དེའི་དོན་བྱམས་པའི་ཞལ་ལུང་ལས་རང་ལུགས་ཀྱི་བསླབ་པ་ཡོངས་སུ་རྫོོགས་པ་ཞེས་གསུངས་ཤིང་། རང་ལུགས་ཞེས་པའི་ཚིག་ལ་དམིགས་བསལ་གྱི་དགོངས་པ་ཡོད་པའི་ཕྱིར་དང་། ལུང་ལ་འཇུག་སྒོར་ལམ་ལྔའི་མཚན་ཉིད་གསུངས་པའི་རྗེས། དེ་ལས་ཐར་པའི་ཆ་དང་མཐུན་པའི་ཉན་ཐོས་ཀྱི་མངོན་རྟོགས། ཉན་ཐོས་ཀྱི་ཚོགས་ལམ་དུ་བཞག་པ་བཞིན་གྱི་ལམ་ལྔ་གསུམ་བཅོ་ལྔ་ཀུན་ཤེས་པར་བྱའོ། །ཞེས་པའི་ཚིག་གི་འགྲོས་ལྟར་ན། མཐར་ཐུག་པའི་མངོན་རྟོགས་དེ་མི་སློབ་ལམ་སྤྱིའི་མཚན་ཉིད་དུ་བཞག་ནས། ཐེག་པ་སོ་སོ་ལ་སྦྱར་བའི་ཚེ། མཐར་ཐུགས་པའི་ཉན་ཐོས་ཀྱི་མངོན་རྟོགས། མཐར་ཐུག་པའི་རང་རྒྱལ་གྱི་མངོན་རྟོགས། མཐར་ཐུག་པའི་ཐེག་ཆེན་གྱི་མངོན་རྟོགས་ཞེས་སྦྱར་དགོས་པར་ཤུགས་ལ་གསལ་བས་སོ། །

འོ་ན་སྔར་ཀུན་རྫོབ་སེམས་བསྐྱེད་དང་། དོན་དམ་སེམས་བསྐྱེད་གཉིས་སྤྱི་ལ་ཁྱབ་པའི་མཚན་ཉིད་མེད་པའི་སྒྲུབ་བྱེད་ཇི་ལྟར་ཡིན་སྙམ་ན། ཀུན་རྫོབ་སེམས་བསྐྱེད་དང་དོན་དམ་སེམས་བསྐྱེད། ཐ་སྙད་ཚད་མ་དང་དོན་དམ་ཚད་མ་ལ་སོགས་པའི་ཡུལ་ཅན་རྣམས་ནི་ཡུལ་གྱི་ཆ་ནས་ཁྱད་པར་འཇོག་དགོས་པས། ཡུལ་གྱི་རྣམ་པ་ཤིན་ཏུ་མི་མཐུན་ན་སྤྱི་ལ་ཁྱབ་པའི་མཚན་ཉིད་འཇོག་མི་ནུས་ལ། སློབ་པའི་རྒྱུད་ཀྱི་དོན་དམ་སེམས་བསྐྱེད་དང་མི་སློབ་པའི་རྒྱུད་ཀྱི་དོན་དམ་སེམས་བསྐྱེད། ཐེག་དམན་གྱི་མི་སློབ་ལམ་དང་ཐེག་ཆེན་གྱི་མི་སློབ་ལམ་ལ་སོགས་པའི་ཡུལ་ཅན་རྣམས་ནི་ཡུལ་གྱི་ཆ་ནས་ཁྱད་པར་འཇོག་མི་དགོས་པས། ཡུལ་ཅན་དེ་གཉིས་ཡུལ་གྱི་རྣམ་པ་མི་མཐུན་ཀྱང་སྤྱི་ལ་ཁྱབ་པའི་མཚན་ཉིད་འཇོག་ནུས་སྙམ་ཏེ། སྒྲུབ་བྱེད་ཚད་ལྡན་གྱི་གཞུང་ལུགས་དང་མ་སྦྱར་བའི་ཅལ་སྒྲོག་འགའ་ཞིག་འདིར་ཞུས་པ་ལ་དགོངས་འགལ་མེད་པར་ཞུའོ། །

ཁ་ཅིག སངས་རྒྱས་ཀྱི་སེམས་བསྐྱེད་དང་།  སློབ་པའི་རྒྱུད་ཀྱི་སེམས་བསྐྱེད་གཉིས་པོ་དེ་ཡུལ་གྱི་རྣམ་པ་ཤིན་ཏུ་ནས་མི་མཐུན་པ་མ་ཡིན་ཏེ།  སློབ་པའི་རྒྱུད་ཀྱི་སེམས་བསྐྱེད་དེས་དོན་དམ་བདེན་པ་ལ་དམིགས་པའི་ཕྱིར་ཏེ་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་ཕྱིེར།  རྟགས་གྲུབ་སྟེ།  ཀུན་རྫོབ་སེམས་བསྐྱེད་དེ་དམིགས་པ་རྣམ་པ་གཉིས་དང་བཅས་པ་ཡིན་པའི་ཕྱིར།  ཞེས་ཟེར་རོ།  །དེ་ལ་རྣམ་དཔྱོད་ཧ་ཅང་གིས་ཆེ་བ་རྣམས་ལ་སོམ་ཉིད་དེ་མི་འབྱུང་ལ།  རྣམ་དཔྱོད་གཏན་ནས་མེད་པ་རྣམས་ལའང་དོགས་པ་དེ་མི་འབྱུང་བས།  གཞུང་ལུགས་ལ་དཔྱད་པའི་རྣམ་དཔྱོད་གང་འཚམས་དང་ལྡན་པ་རྣམས་ཀྱི་ཆེད་དུ་ཁོ་བོའི་བསམ་ཚུལ་ཅུད་ཟད་སྨྲོས་ན།  ཀུན་རྫོབ་སེམས་བསྐྱེད་ཀྱིས་རྫོགས་པའི་བྱང་ཆུབ་ལ་དམིགས་ཞེས་པའང་རྣམ་བཞག་འདི་ལྟར་ཕྱེ་བར་བྱ་སྟེ།  སློབ་པའི་རྒྱུད་ཀྱི་རྣམ་པར་རྟོག་པས་བཟོས་པའི་དོན་དམ་བདེན་པའམ།  རྫོགས་པའི་བྱང་ཆུབ་གང་ཡིན་པ་དེ་ཡང་རྣམ་གྲངས་པའི་དོན་དམ་བདེན་པ་ལས་མ་འདས་པས།  རྣམ་པར་དཔྱད་ན་ཀུན་རྫོབ་སེམས་བསྐྱེད་དེས་རྫོགས་པའི་བྱང་ཆུབ་ལ་དངོས་སུ་དམིགས་མི་ནུས་སོ། །འོ་ན་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་ཐོབ་མི་ནུས་ཏེ།  དངོས་སུ་དམིགས་བྱར་འགྱུར་པའི་ཡུལ་དེ་རྣམ་གྲངས་པའི་དོན་དམ་ཡིན་པའི་ཕྱིར་ཞེ་ན།  ཀུན་རྫོབ་སེམས་བསྐྱེད་དེས་རང་གི་དངོས་ཡུལ་དུ་འགྱུར་པའི་རྣམ་གྲངས་པའི་དོན་དམ་བདེན་པའམ། རྫོགས་པའི་བྱང་ཆུབ་རྣམ་གྲངས་པ་དེ་ལ།  རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པའམ། རྣམ་གྲངས་མ་ཡིན་པའི་རྫོགས་བྱང་ཉིད་དུ་ཞེན་ནས། དེ་ཐོབ་པའི་ཕྱིར་ལམ་ལ་བརྩོན་པ་ཡིན་པས། རྣམ་གྲངས་མ་ཡིན་པའི་དོན་དམ་ཐོབ་མི་ནུས་པའི་སྐྱོན་དུའང་མི་འགྱུར་རོ། ། དེའང་ཆོས་རྗེ་ས་པན་གྱིས། །

འཆད་ཚེ་རྣམ་པར་ཕྱེ་བས་མཁས། །འཇུག་ཚེ་གཅིག་ཏུ་འཁྲུལ་པས་ཐོབ། །

ཅེས་པའི་གནད་ཤེས་ན་དོགས་པ་རང་གྲོལ་དུ་འགྱུར་རོ། །

གསུམ་པ་ས་མཚམས་ནི།  ཐེག་ཆེན་སེམས་བསྐྱེད་ནི་མ་མཐའ་ཚོགས་ལམ་ཆུང་ངུ་ནས་སངས་རྒྱས་ཀྱི་སའི་བར་ཡོད།  དེའང་ནང་གསེས་སུ་དབྱེ་ན།  ཀུན་རྫོབ་སེམས་བསྐྱེད་ནི་མ་མཐའ་ཚོགས་ལམ་ཆུང་ངུ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར།  དེའི་ནང་གསེས་སེམས་ཐོག་མར་བསྐྱེད་པའི་སྨོན་རྐྱང་ནི་ཚོགས་ལམ་ཆུང་ངུ་ཁོ་ནར་ཡོད་དོ།  །དེ་ཡང་ལུང་ལ་འཇུག་སྒོར། དང་པོ་ནི་བདག་རྫོགས་པའི་བྱང་ཆུབ་ཐོབ་པར་བྱའོ་སྙམ་ནས་དམ་བཅས་པ་ཡིན་ལ། དེ་འགྲུབ་པར་བྱེད་པའི་ཐབས་ཀྱིས་མ་ཟིན་པ་སྨོན་རྐྱང་། དེ་ཡང་ཚོགས་ལམ་ཆུང་ངུ་ཁོ་ནར་རིགས་ཀྱི། ཞེས་དངོས་སུ་གསལ་ལོ། །དོན་དམ་སེམས་བསྐྱེད་ནི་མ་མཐའ་ས་དང་པོ་ནས་སངས་རྒྱས་ཀྱི་སའི་བར་ཡོད་དོ། །དེ་ཡང་ངོ་སྤྲོད་ཀེའུ་ཚང་མའི་འགྲེ་པར།

དང་པོ་ཐེག་ཆེན་མཐོང་ལམ་ནས། །སངས་རྒྱས་ས་ཡི་བར་ན་ཡོད། ། ཅེས་དང་།  བྱམས་པའི་ཞལ་ལུང་ལས།  དེ་ཡང་རབ་ཏུ་དགའ་བ་དང་པོར་སྐྱེ་བའི་ས་མཚམས་སུ་བཞག་སྟེ། ཞེས་གསུངས་པས་སོ།  །དེ་ཡང་མཉམ་བཞག་ཡཻས་ལ་འཇོག་དགོས་པ་ནི་སྡོམ་གསུམ་སྙིང་པོ་བསྟན་པར། དོན་དམ་སེམས་བསྐྱེད་ནི་ས་དེ་པའི་མཉམ་བཞག་ཡཻས། ཞེས་དང་།  ལུང་ལ་འཇུག་སྒོར། གཏེར་ལྟ་བུ་ནས་མཉམ་བཞག་གི་ངོ་ཏི་ལ་དོན་དམ་སེམས་བསྐྱེད།  སྦྱོར་རྗེས་ཀུན་རྫོབ་ཀུན་རྫོབ་སེམས་བསྐྱེད་དུ་བཞག་གོ །ཞེས་གསུངས། འོ་ན་ངོ་སྤྲོད་ཀེའུ་ཚང་མའི་འགྲེལ་པར།

དོན་དམ་ཀུན་རྫོབ་རྣམ་པ་གཉིས། །དང་པོ་ཐེག་ཆེན་མཐོང་ལམ་ནས། །

སངས་རྒྱས་ས་ཡི་བར་ན་ཡོད། །གཉིས་པ་ཐེག་ཆེན་ཚོགས་ལམ་ནི། །ཆུང་ནས་སངས་རྒྱས་ས་ཡི་བར། །

ཞེས་པའི་གཞུང་ཚིག་དེས་སེམས་བསྐྱེད་གཉིས་ཀྱི་ཡ་མཐའི་ས་མཚམས་སངས་རྒྱས་ཀྱི་སར་གསུངས་པ་དང་འགལ་ལོ་སྙམ་ན། དོན་དམ་སེམས་བསྐྱེད་སངས་རྒྱས་ཀྱི་སར་ཡོད་པ་ལ་གནོད་བྱེད་མེད་ཅིང་། ཀུན་རྫོབ་སེམས་བསྐྱེད་ཀྱི་ཡ་མཐའི་ས་མཚམས་སངས་རྒྱས་ཀྱི་སར་གསུངས་པ་ནི། ཀུན་རྫོབ་སེམས་བསྐྱེད་མཚན་ཉིད་པ་ལ་དགོངས་པ་མ་ཡིན་པར་དེའི་གནས་འགྱུར་པ་ལ་དགོངས་པ་མིན་ནམ་སྙམ་སྟེ། དཔེར་ན་ཀུན་མཁྱེན་ཆེན་པོས་སངས་རྒྱས་ཀྱི་སར་བྱང་སྡོམ་གྱི་གནས་གྱུར་ཡོད་པར་ཁས་བླངས་པ་ལྟ་བུའོ།  །འོ་ན་སངས་རྒྱས་ཀྱི་སར་བྱང་སྡོམ་དང་ཀུན་རྫོབ་སེམས་བསྐྱེད་ཡོད་པར་འགྱུར་ཏེ། དེའི་གནས་གྱུར་ཡོད་པའི་ཕྱིར་ཞེ་ན་མ་ཁྱབ་སྟེ། དེ་ལྟར་ན་སྐུ་བཞི་དང་ཡཻས་ལྔ་པོ་དེའང་འཇུག་ཤེས་དང་ཉོན་ཡིད་སོགས་ཀྱི་གནས་གྱུར་ཡིན་པར་ཚད་མའི་སྤྱི་དོན་རིགས་པའི་སྙིང་པོ་ལས་གསལ་བས། སངས་རྒྱས་ཀྱི་སར་ཉོན་ཡིད་སོགས་ཀྱང་ཡོད་པར་ཁས་བླངས་དགོས་པར་ཐལ་ལོ།  །དེ་ལ་ངོ་སྤྲོད་ཀེའུ་ཚང་གི་གཞུང་ཚིག་དེའི་དགོངས་པ་དེ་ལྟར་ཡིན་པའི་སྒྲུབ་བྱེད་ཀྱི་ལུང་རིགས་རྣམ་དག་ཞུ་བར་མ་སྤོབས་ཀྱང་།  རྨོངས་བློའི་རྟོག་བཟོ་འགའ་ཞིག་འདིར་ཞུས་པ་ལ་ཅི་ནས་ཀྱང་བཟོད་ཐུབ་པར་ཞུའོ། །

རྣམ་པར་དཔྱད་བྱ་སྐར་ཚོགས་བཀྲ་བ་ལ། །རྨོངས་བློས་དཔྱད་པ་གད་མོའི་གནས་ཡིན་མོད། །

ཡིན་ཡང་ཀུན་མཁྱེན་གཉིས་པའི་གཞུང་ལུགས་ལ། །སྦྱངས་པ་རྙེད་ཕྱིར་ཅུང་ཟད་འབད་པ་དགེའོ།། །།[༡༧][༡༨]

ཞེས་པའང་གསེར་ལུང་པད་དཀར་ཆོས་གླིང་དགོན་འཛིན་གྲྭ་ཚང་གི་སློབ་གཉེར་བ་རུས་པ་ཀུན་བཟང་སྟོབས་རྒྱས་མིང་པས་སྤྱི་ལོ་ ༢༠༢༣ ལོར་ཤེར་ཕྱིན་མངོན་པར་རྟོགས་པའི་རྒྱན་གྱི་གཞུང་ལ་ཐོས་བསམ་བྱེད་པའི་གཞོར་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག།།  །།སྱི་ཚེས་ ༣༠/༠༧/༢༠༢༤ ལ་ཡོངས་འབྲེལ་གྱི་སྤེལ་ཡོད།

                                  ༼ཐེག་ཆེན་སེམས་བསྐྱེད་ཀྱི་བསྐོར༽[༡༩][༢༠][༢༡]

[ཞུན་དག]

སྒོ་གསུམ་གུས་པའི་ཀུན་མཁྱེན་གཉིས་པ་མི་ཕམ་པད་མ་དཀར་པོ་ལ་ཕྱག་འཚལ་ལོ། །ཞེས་མཆོད་པར་བརྗོད་པ་མདུན་བསུས་ནས། རང་ཅག་རྣམས་ལ་མེ་ཏོག་གང་ལ་འཕོག་པའི་ལྷ་སྐལ་དུ་གྱུར་པ་ཀུན་མཁྱེན་གཉིས་པ་པད་མ་དཀར་པོ་དེ་ཉིད་ཀྱིས་མཛད་པའི་ཤེར་ཕྱིན་བྱམས་པའི་ཞལ་ལུང་དང་། ལུང་ལ་འཇུག་པའི་སྒོ་དང་། སྤྱོད་འགྲེལ་དབུ་མ་ལམ་གྱི་སྒྲོན་སོགས་སུ་བསྟན་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་དང་། འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་འཕེལ་བར་བྱེད་པས་ཞིང་ཐེག་ཆེན་སེམས་བསྐྱེད་ཀྱི་སྐོར་བྲི་ལ་སྤྲོ། དེ་ཡང་ཤེར་ཕྱིན་མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། ཡང་དག་རྫོགས་པའི་བྱང་ཆུབ་འདོད། ། ཅེས་པས་རྣམ་མཁྱེན་ཐོབ་བྱེད་ཀྱི་ཐབས་སམ་རྒྱུ་ནི་དངོས་པོ་དང་པོ་ཡིན་པས། འདི་འདྲེན་བྱེད་ཀྱི་ཆོས་བཅུ་ཡོད་པ་ལས་ཐེག་ཆེན་སེམས་བསྐྱེད་བསྟན་ཏེ། ལུང་དེས་གཙོ་བོར་ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་བསྟན་ལ་སྦས་དོན་དུ་དོན་དམ་སེམས་སྐྱེད་བསྟན་པ་ཡིན། སྐབས་འདིར་བསྟན་པའི་ཐེག་ཆེན་གྱི་སེམས་སྐྱེད་ལ་ཡིན་མིན་དང་ཡོད་མེད་སོགས་ཀྱི་ཐེ་ཚོམ་གྱི་སྒྲོ་འདོགས་གསལ་བའི་དོན་དུ་དཔྱད་པའི་རྣམ་པ་ཅུང་ཟད་བཤད་པ་ལ། སྤྱིར་ཐེག་ཆེན་གྱི་སེམས་བསྐྱེད་ཀྱི་མཚན་ཉིད་ལ་དཔྱད་པ། ཐེག་ཆེན་སེམས་བསྐྱེད་གཙོ་སེམས་ཡིན་མིན་ལ་དཔྱད་པ། སྨོན་འཇུག་གི་སེམས་བསྐྱེད་ལ་དཔྱད་པ་གསསུམ་མོ། ། [༢༢]


དང་པོ་ནི། རང་རེའི་ཀུན་མཁྱེན་བླ་མའི་ལུགས་ལ་ཐེག་ཆེན་སེམས་བསྐྱེད་སྤྱི་ལ་ཁྱབ་པའི་ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་ནི་མི་བཞེད་པར་སྙམ་སྟེ། དེ་གཉིས་པོ་ཡུལ་གྱི་རྣམ་པ་ཤིན་ཏུ་ནས་མི་མཐུན་པ་ཡིན་པའི་ཕྱིར། དེ་ལྟར་ཡང་སྤྱི་དོན་རིགས་སྙིང་པོ་ལས། དེ་ལྟར་ན་ཚད་མ་སྤྱིའི་མཚན་ཉིད་མ་བསྟན་པས་སྐྱོན་དུ་འགྱུར་རོ་སྙམ་ན། དེ་ནི་བསྟན་པར་མི་རིགས་ཏེ། བློ་དེ་གཉིས་ཡུལ་གྱི་རྣམ་པ་ཤིན་ཏུ་ནས་མི་མཐུན་པས་སོ་ཞེས་དང་། རྣམ་འགྲེལ་ལས། ཡུལ་རྣམ་ཅན་ནི་ཐ་དད་པས། །བློ་ཡི་རྟོག་པ་ཐ་དད་འགྱུར། །ཅེས་གསུངས་སོ། །ཐེག་ཆེན་སེམས་བསྐྱེད་སྤྱི་ལ་ཁྱབ་པའི་མཚན་ཉིད་མེད་ཀྱང་ སློབ་པའི་རྒྱུད་ཀྱི་དོན་དམ་སེམས་བསྐྱེད་དང་མི་སློབ་པའི་རྒྱུད་ཀྱི་དོན་དམ་སེམས་བསྐྱེད་སྤྱི་ལ་ཁྱབ་པའི་མཚན་ཡོད་དོ་སྙམ་ན། དེ་ནི་མི་རིགས་ཏེ། བློ་དེ་གཉིས་ཡུལ་གྱི་རྣམ་པ་ཤིན་ཏུ་ནས་མི་མཐུན་པ་ཡིན་ཏེ། རྣམ་གྲངས་ཀྱི་དོན་དམ་བདེན་པ་དང་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་ཡུལ་དུ་བྱེད་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །ཁ་ཅིག་གིས། ཀུན་མཁྱེན་ཆེན་པོས་བྱམས་པའི་ཞལ་ལུང་དུ། ཐེག་ཆེན་དུ་སེམས་བསྐྱེད་པ་ནི། སྟོང་པ་དང་སྙིང་རྗེའི་སྙིང་པོ་ཅན་དུ་སེམས་བསྐྱེད་པ། ཞེས་པ་གཞིར་བཟུང་ནས།  དེས་ཐེག་ཆེན་སེམས་བསྐྱེད་སྤྱིའི་མཚན་ཉིད་བསྟན་ཞེས་པའང་འཐད་པར་མ་མཐོང་སྟེ། མཚན་ཉིད་དེའི་དོན། སྙིང་རྗེས་ཆེད་དུ་བྱ་བ་གཞན་དོན་ལ་དམིགས་ལ། ཤེས་རབ་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་སྟེ་དོན་གཉིས་སམ་དམིགས་པ་གཉིས་དང་ལྡན་པའི་སེམས་བསྐྱེད་ནི་ཡིད་ཀྱི་རྣམ་ཤེས་ཡིན་པས་ཀུན་རྫོབ་སེམས་བསྐྱེད་ཁོ་ན་བསྟན་པ་ཡིན་སྙམ་མོ། །ཁ་ཅིག རང་ལུགས་ཀུན་མཁྱེན་ཆོན་པོའི་ལུགས་ལ་དོན་དམ་སེམས་བསྐྱེད་སྤྱིའི་མཚན་ཉིད་མེད་པར་མི་འཐད་དེ། བྱམས་པའི་ཞལ་ལུང་ལས་། ལུང་དང་སྒྲུབ་པ་དང་རྟོགས་པའི་ཁྱད་པར་དག་གིས་སེམས་བསྐྱེད་པ་ནི་དོན་དམ་སེམས་བསྐྱེད་ཀྱི་མཚན་ཉིད་ཡིན་ཞེ་ན། རྟགས་མ་གྲུབ་སྟེ། ཚིག་དེའི་འཕྲོར། ཐེག་ཆེན་གྱི་ཆོས་ལ་མོས་པའི་ས་བོན། ཤེར་ཕྱིན་སྐྱེད་བྱེད་ཀྱི་མ། བསམ་གཏན་གྱི་བདེ་བ་མངལ། སྙིང་རྗེ་སྐྱོང་བའི་མ་མ་སྟེ། ཁྱད་ཆོས་འདིས་ཀྱང་ཡིན་ནོ། །ཞེས་སྡུད་པའི་རྒྱན་སྡུས་ཀྱི་སྒྲ་སྦྱར་བའི་སྒོ་ནས་ཐེག་ཆེན་གྱི་ཆོས་ལ་མོས་པའི་ས་བོན་ལ་སོགས་པ་རྣམས་དོན་དམ་སེམས་བསྐྱེད་ཀྱི་ཁྱད་ཆོས་སུ་བསྟན་པ་ལས། གོང་དུ་ལུང་དང་སྒྲུབ་པ་སོགས་བསྟན་པ་དེ་ཡང་ཁྱད་ཆོས་སུ་བསྟན་པ་དཔོག་ནུས་པས་སོ། དེས་ན་དེ་ནི་ཁྱད་ཆོས་སུ་བསྟན་པ་ཡིན་གྱི། མཚན་ཉིད་དུ་བསྟན་པ་མ་ཡིན་པ་ཞེས་པ་ནི་ཁོ་བོའི་རྣམ་པར་རྟོག་པའོ། །


གཉིས་པ་ནི། རང་ལུགས་ལ་ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་གཙོ་སེམས་ལ་བཞག་ན་འཐད་པར་སྣང་ཏེ། ལུང་ལ་འཇུག་པའི་སྒོ་ལས། དེ་ཡང་དོན་གཉིས་ལ་དམིགས་པ་དང་ལྡན་པའི་ཡིད་ཀྱི་རྣམ་ཤེས་སུ་བཞག་པ་ནི། སེམས་བསྐྱེད་པ་དེ་ལ་ཡང་ཡང་དག་པར་བླངས་པས་ཐོབ་པ་དང༌། ཆོས་ཉིད་ཀྱིས་ཐོབ་པ་གཉིས་ཡོད་པ་དང་པོའི་དབང་དུ་བྱས་པའི་ཕྱིར་རོ། ཞེས་དང་། སྟོང་པ་ཉིད་སྙིང་རྗེའི་སྙིང་པོ་ཅན་ལ་དམིགས་པའི་ཡིད་ཤེས་དགེ་བ་ཡོན་ཏན་ཟད་མི་ཤེས་པ་འདྲེན་ནུས་པ་ཞིག་གོ་ཞེས་དང་། ཡང་ཡིད་ཀྱི་རྣམ་ཤེས་དེ་རང་སྟོབས་ཀྱིས་ཐེག་ཆེན་ཀུན་རྫོབ་ལ་སོང་བའི་ཚེ་ དེ་དང་མཚུངས་པར་ལྡན་པའི་སེམས་བྱུང་ཐམས་ཅད་དེའི་ངོ་བོར་སོང་བའི་ཕྱིར་རོ། །དོན་དམ་སེམས་བསྐྱེད་ནི་དངོས་སུ་གཙོ་སེམས་དང་སེམས་འབྱུང་གང་ལ་ཡང་ངོས་འཛིན་མ་གནང་བས་ བློ་གྲོས་དང་ལྡན་པ་རྣམས་ཀྱིས་དཔྱད་པར་བྱའོ། །


གསུམ་པནི། སྨོན་འཇུག་གི་སེམས་བསྐྱེད་དཔྱད་པ་ལ། སྨོན་འཇུག་གི་སེམས་བསྐྱེད་གཉིས་པོ་ཀུན་རྫོབ་སེམས་བསྐྱེད་ཡིན་མིན་ལ་དཔྱད་པ། དཀའ་བའི་གནད་སྨོན་འཇུག་གཉིས་རྫས་གཅིག་དང་ཐ་དད་ལ་དཔྱད་པ། སྨོན་སེམས་དེ་བྱང་ཆུབ་སེམས་དཔའི་སྡོམ་པར་འཐད་མི་འཐད་ལ་དཔྱད་པ། སྨོན་སེམས་དང་ཐེག་ཆེན་གྱི་སྐྱབས་འགྲོའི་ཁྱད་པར་དང་ལྔ་ལས། དང་པོ་ནི། སྨོན་པ་དང་འཇུག་པའི་སེམས་བསྐྱེད་ཡིན་ན་ཀུན་རྫོབ་སེམས་བསྐྱེད་ཡིན་པས་མ་ཁྱབ་ཏེ། ཤེར་ཕྱིན་གྱི་ལུང་ལ་འཇུག་པའི་སྒོ་ལས། གཏེར་ལྟ་བུ་ནས་མཉམ་བཞག་གི་ངོ་ཏི་ལ་དོན་དམ་སེམས་བསྐྱེད་ནི་འཇུག་པ་སེམས་བསྐྱེད་ཡིན་པའི་ཕྱིར་རོ། །འོ་ན་སངས་རྒྱས་ཀྱི་རྒྱུད་ཀྱི་དོན་དམ་སེམས་བསྐྱེད་དེ་ཡང་ མཉམ་བཞག་ངོ་ཏི་ལ་དོན་དམ་སེམས་བསྐྱེད་ཡིན་པས་ འཇུག་པའི་སེམས་བསྐྱེད་ཡིན་ནམ་ཞེས་དང་། ཡང་སྤྱོད་འཇུག་གི་འབྲུ་འགྲེལ་ལས། མདོར་བསྡུ་ན། རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། བྱང་ཆུབ་ཏུ་སྨོན་པའི་སེམས་དང་ནི། །བྱང་ཆུབ་ལ་འཇུག་པ་ཉིད་ཡིན་ནོ། ། དེ་གཉིས་ཀུན་རྫོབ་ཁོ་ན་ཞེས་པ་དང་འགལ་ལོ་ཞེ་ན།  དང་པོ་དེ་ནི་འཇུག་པའི་སེམས་བསྐྱེད་མ་ཡིན་ཏེ། དེ་ནི་སློབ་པའི་རྒྱུད་ཀྱི་དོན་དམ་སེམས་བསྐྱེད་ལ་དགོངས་ནས་གསུངས་པ་ཡིན་པའི་ཕྱིར་རོ། །གཉིས་པ་དེ་ཡང་འགལ་བར་མི་འགྱུར་ཏེ། དེ་ནི་སྔར་བཤད་པའི་ཆོ་ག་ལ་བརྟེན་ནས་ལེན་པའི་སྨོན་འཇུག་དེ་ཉིད་ཀུན་རྫོབ་སེམས་བསྐྱེད་ཡིན་པ་བཤད་པ་ཡིན་ནོ། །

གཉིས་པ་ནི། ཀུན་མཁྱེན་ཆེན་པོས། སྨོན་འཇུག་གཉིས་པོ་དངོས་སུ་རྫས་གཅིག་དང་ཐ་དད་ཀྱི་རྣམ་གཞག་གསུངས་པར་མ་སྣང་ཡང་། ཁོ་བོའི་བསམ་ཚུལ་ཅུང་ཟད་སྨོས་ན། སྨོན་འཇུག་ཅིག་ཅར་དུ་ལེན་པའི་སྐབས་ཀྱི་སྨོན་པ་སེམས་བསྐྱེད་ནི་འཇུག་པའི་ཆར་གཏོགས་པའམ་འཇུག་པའི་ངོ་བོར་སོང་བ་ཡིན་པས་འཇུག་པ་སེམས་བསྐྱེད་དང་རྫས་གཅིག་དང་། ཆོ་ག་ལ་མ་བརྟེན་པའི་སྨོན་སེམས་རྐྱང་པ་དེ་ནི་དེ་གཉིས་གང་ཡང་མ་ཡིན་ནོ། ། སྨོན་འཇུག་གཉིས་རྫས་ཐ་དད་དུ་བཞག་ན་ སྨོན་པའི་སེམས་བསྐྱེད་ཀྱི་ངོ་བོར་གྱུར་པའི་སེམས་བྱུང་སེམས་པ་ཅིག་དང་། འཇུག་པའི་སེམས་བསྐྱེད་ཀྱི་ངོ་བོར་གྱུར་པའི་སེམས་བྱུང་སེམས་པ་རྫས་ཐ་དད་གཉིས་ཅིག་ཅར་དུ་ཡོད་པར་ཐལ་བས། དེས་ན་གཙོ་སེམས་གཅིག་གི་འཁོར་དུ་སེམས་བྱུང་སེམས་པ་རྫས་ཐ་དད་པ་གཉིས་ཅིག་ཅར་དུ་མི་སྲིད་པས་སྨོན་འཇུག་རྫས་ཐ་དད་དུ་བཞག་ན་མི་འཐད་སྙམ་མོ། །


གསུམ་པ། ཆོ་ག་ལ་མ་བརྟེན་པར་ལེན་པའི་སྨོན་སེམས་རྐྱང་པ་དེ་ བྱང་ཆུབ་སེམས་པའི་སྡོམ་པ་མ་ཡིན་ཏེ། བསོད་ནམས་རྒྱུན་ཆགས་སུ་འབྱུང་བ་མ་ཡིན་པའི་ཕྱིར་རོ། ། དེ་ལྟར་ཡང་སྤྱོད་འཇུག་དབུ་མ་ལམ་སྒྲོན་ལས། བྱང་ཆུབ་སྨོན་པའི་སེམས་རྐྱང་པ་དེ་ལ་ནི། འཁོར་བ་ན་འཁོར་བའི་འབྲས་བུ་ཆེ་འབྱུང་ཡང་། ཇི་ལྟར་འཇུག་པའི་སེམས་བསྐྱེད་པ་ལ་བཞིན་དུ་བསོད་ནམས་རྒྱུན་ཆགས་སུ་འབྱུང་བ་མིན་ཏེ། དེ་ནི་དམ་བཅས་པ་ཙམ་ཡིན་ལ་སྒྲུབ་པ་དང་བྲལ་བས་སོ། །ཞེས་གསུངས་པའི་ཕྱི་རོ། །

གཉིས་པ་སྨོན་པའི་སེམས་བསྐྱེད་དང་ཐེག་ཆེན་སྐྱབས་འགྲོའི་ཁྱད་པར་ནི། ཞབས་དྲུང་རིན་པོ་ཆེས། དེ་དང་སྨོན་སེམས་ཁྱད་པར་འབྱེད་པའི་ལུགས། །དམ་བཅའི་ལྕགས་ཀྱུས་ཟིན་པ་སྨོན་སེམས་ཏེ། །ཞེས་དང་། སྤྱོད་འཇུག་གི་འབྲུ་འགྲེལ་དབུ་མ་ལམ་གྱི་སྒྲོན་མ་ལས། ཐེག་ཆེན་གྱི་སྐྱབས་འགྲོའང་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་ཡིན་ན། དེ་དང་སྨོན་རྐྱང་ཁྱད་མེད་པར་འགྱུར་རོ་སྙམ་ན་མ་ཡིན་ཏེ། དང་པོ་སེམས་བྱུང་འདོད་པ། གཉིས་པ་ནི་གཞན་གྱི་དོན་གྱི་ཕྱིར་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་འདུན་པ་དེ་དང་། སེམས་པ་གཉིས་མཚུངས་ལྡན་དུ་བྱེད་པའི་རྣམ་ཤེས་ཡིན་པས་ཁྱད་པར་ཆེ། དང་པོ་ཐོབ་པར་བྱ་སྙམ་པ་ཙམ་དང་། གཉིས་པ་ནི་ཐོབ་པར་གྱུར་ཅིག་སྙམ་དུ་ཡོངས་སུ་བསྔོ་བས་དེས་སེམས་འབྱུང་དུ་མི་ལས་པར་བསྒྱུར་བ་ཡིན་ནོ། ། ཞེས་གསུངས་སོ། ། སློབ་གཉེར་བ་ཀུན་དགའ་ལྷོབ་མིང་པས་བྲིས་པའོ། །


           དཔལ་ལྡན་བླ་མས་སྐུ་ཚེ་རབ་བརྟན་ཅིང་། །དགེ་འདུན་སྡོ་རྣམས་བསླབ་གསུམ་གོང་དུ་འཕེལ། །

           བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡི། །རྒྱལ་བའི་བསྟན་པ་ཡུན་དུ་གནས་པར་ཤོག །      

རྩོམ་ཤོག་གི་རིགས། བྱུང་ཆུབ་སེམས་དཔའི་རྒྱུ་གསུམ་གྱི་སྐོར།

[ཞུན་དག]

༼ བྱང་ཆུབ་སེམས་དཔའི་རྒྱུ་གསུམ་པ་དཔྱད་པ། ༽

[ཞུན་དག]

ཐུབ་པའི་དབང་པོའི་རྐ་ལས་བབས་པའི་དྲི་མེད་ཆུ་བཟང་བདུད་རྩིའི་རྒྱུན། །འཕགས་ཡུལ་མཁས་པའི་པན་གྲུབ་རྣམས་ཀྱི་རྣམ་དཔྱོད་ཡུར་བ་ནས་དྲངས་ཏེ། །[༢༣]

ཀུན་མཁྱེན་གཉིས་པའི་ཐུགས་མཚོར་འཁྱིལ་ཏེ་མཁྱེན་པའི་པདྨོ་རྒྱས་པ་ལས། །གསུང་གི་དྲི་བསུང་ཕྱོགས་བརྒྱར་ཁྱབ་མཛད་གང་ལ་གུས་པས་ཕྱག་བགྱིའོ། །

མངོན་དུ་གྱུར་པའི་དོན་ཡང་ཤེས་དཀའ་ན། །ལྐོག་ཏུ་གྱུར་པར་འཛུབ་ཚུགས་ག་ལ་ནུས། །

ཡིན་ཡང་མཁས་པའི་བྱ་བ་རྣམ་གསུམ་ལ། །ཅི་སྟེ་ཁོ་ཡང་འཇུག་པར་མི་སྤྲོ་ལགས། །

བྱང་སེམས་ཀྱི་རྒྱུ་གསུམ་པོ་ལ་མཁས་པའི་བཞེད་ཚུལ་མང་དུ་ཡོད་ཀྱང་། ཀུན་མཁྱེན་གཉིས་པ་བདུད་དང་བདུད་ཀྱི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་གང་དེ་ཉིད་ཀྱི་ཐུགས་མཚོ་ལས་འཁྲུངས་པའི་དགོངས་བཞེད་པདྨ་དཀར་པོ་འདམ་གྱི་དྲི་མས་མ་གོས་པ་ལས། གཞུང་ཚིག་རོ་མངར་གྱི་སྦྲང་རྩིའི་ཕུད་ཙམ་ཞིག་བླངས་ནས་རྐང་དྲུག་གི་ཚོགས་རྣམས་ལ་སྤེལ་བར་བྱ་བ་ལ། འཕྲོས་གཞི་རྒྱུ་གསུམ་བསྟན་པའི་གཞུང་མདོར་བསྟན། །བྱང་སེམས་འཕགས་པའི་འབྲས་ཅན་གསུམ་ངོས་བཟུང་། གསུམ་པོ་དེ་ཡི་གོ་རིམ་རྣམ་པར་བཞག །ཅེས་ས་བཅད་རྣམ་པ་གསུམ་ལས།

དང་པོ་ནི། དབུ་མ་འཇུག་པ་ལས། སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་དང་། རིན་ཆེན་འཕྲེང་བ་ལས། དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐའ་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མང་བརྟེན་ཡེ་ཤེས་ལགས། །ཞེས་དང་། །ཡང་རིན་ཆེན་འཕྲེང་བ་ལས། །ཐེག་པ་ཆེན་པོ་གང་ཞིག་གིས། །སྙིང་རྗེ་སྔོན་བཏང་སྤྱོད་པ་ཀུན། །ཡེ་ཤེས་དྲི་མ་མེད་བཤད་པ། །སེམས་ཡོད་སུ་ཞིག་དེ་ལ་སྨོད། །ཅེས་པའི་གཞུང་ཚིག་རྣམས་ཀྱི་བསྟན་བྱར་འགྱུར་པ་ནི་བྱང་སེམས་འཕགས་པའི་རྒྱུར་གྱུར་པའི་རྒྱུ་གསུམ་མོ། །

གཉིས་པ་ནི། གཞུང་ཚིག་དྲི་མ་མེད་པ་དེ་རྣམས་ཀྱིས་བྱང་སེམས་འཕགས་པའི་རྒྱུ་གསུམ་བསྟན་ན། འོ་ན་རྒྱུ་གསུམ་པོ་དེ་གང་ཞེ་ན། སྙིང་རྗེ་ཆེན་པོ་དང་། མཐའ་གཉིས་དང་བྲལ་བའི་ཤེས་རབ་བམ་གཉིས་སུ་མེད་པའི་བློ་དང་། བྱང་ཆུབ་ཀྱི་སེམས་གསུམ་པོ་ནི་གོང་གི་གཞུང་ཚིག་རྣམས་ཀྱི་བསྟན་བྱའོ། །དེ་ལ་སྙིང་རྗེ་ཆེན་པོ་ནི་ཟླ་བས་འཇུག་པ་རང་འགྲེལ་དུ། དེ་ལ་སྙིང་རྗེ་ནི་བརྩེ་བ་སྟེ། འདི་ཉིད་དུ་འཆད་པར་འགྱུར་བའི་རྣམ་པ་དང་རང་གི་ངོ་བོ་ཅན་ནོ། །ཞེས་པ་ཙམ་ལས་ཚིག་གི་གསལ་ཀ་མ་བྱུང་བས། སྐབས་འདིའི་རྣམ་པ་དང་ངོ་བོ་ནི་འདིར་ཞུ་བར་བྱ་བ་ལགས་སོ། །དེ་ལ་རྣམ་པ་ནི་འཇུག་པ་ལས། སྡུག་བསྔལ་ཅན་རྣམས་ཡོངས་སྐྱོབ་པ། །ཐུགས་རྗེ་ཆེན་པོའོ། །ཞེས་པའི་གཞུང་གིས་བསྟན་ལ། དེའི་དོན་ནི་གཞུང་གསུམ་གསལ་བྱེད་ལས། དེ་ནི་སེམས་ཅན་སྡུག་བསྔལ་བར་གྱུར་པ་ཡོངས་སུ་སྐྱོབ་པའི་མཚན་ཉིད་ཅན་ནོ། །ཞེས་གསུང་ཤིང་། སོ་སར་བཤད་ན་སེམས་ཅན་ལ་དམིགས་པའི་སྙིང་རྗེ་བཤད་པའི་སྐབས། དེ་ལ་དམིགས་ནས་སྡུག་བསྔལ་དེ་ལས་སྐྱབས་པར་སྤྲོ་བ་དེའི་ཕྱིར། ཞེས་དང་། ཆོས་ལ་དམིགས་པའི་སྙིང་རྗེ་བཤད་པའི་སྐབས། སྡུག་བསྔལ་ལ་དམིགས་ནས་སྐྱོབ་པར་འདོད་པ། ཞེས་དང་། དམིགས་མེད་ཀྱི་སྙིང་རྗེ་བཤད་པའི་སྐབས། མཉམ་པ་ཉིད་ཀྱིས་ཡོངས་སུ་སྐྱོབ་པ། ཞེས་གསུངས་ཤིང་། དེའང་བསྡུ་ན་སྐྱབས་རྗེ་དགེ་རིན་པས་ལྟ་གྲུབ་གསལ་བྱེད་ལས། མདོར་ན་སྙིང་རྗེ་གསུམ་ཆར་རྣམ་པ་སྡུག་བསྔལ་དང་བྲལ་འདོད་སོགས་སུ་དམིགས་པའི་བློ་ཡིན་པར་འདྲ་ཡང་། །ཞེས་གསུངས་པ་དེའོ། །

ངོ་བོ་ནི་འཇུག་པ་ལས། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཞིང་། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །ཟོ་ཆུན་འཕྱན་ལྟར་རང་བ་མེད་པ་ཡི། །འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །འགྲོ་བ་གཡོ་བའི་ཆུ་ཡི་ནང་གི་ཟླ་བ་ལྟར། །གཡོ་དང་རང་བཞིན་ཉིད་ཀྱིས་སྟོང་པར་མཐོང་བ་ཡིས། །ཞེས་པའི་གཞུང་གི་བསྟན་བྱ་དམིགས་ཡུལ་གྱིས་ཁྱད་པར་བྱས་པའི་བློ་གསུམ་མོ། །དེ་ལ་དགོངས་ནས་དགེ་རིན་པས། དམིགས་ཡུལ་གང་གིས་ཁྱད་པར་དུ་མ་བྱས་པ་དང་། མི་རྟག་པའི་ཁྱད་པར་དུ་བྱས་པ་དང་། བདེན་མེད་ཀྱི་ཁྱད་པར་དུ་བྱས་པའི་ཁྱད་པར་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས། འོན་ཀྱང་གཞུང་དེས་སྙིང་རྗེའི་རྣམ་པ་མ་བསྟན་པ་ཡིན་ནམ་སྙམ་ན་མ་ཡིན་ཏེ། འཇུག་པ་རང་འགྲེལ་ལས། སྡུག་བསྔལ་གྱིས་སྡུག་བསྔལ་བ་དེ་ལ་ཤིན་ཏུ་སྙིང་རྗེས་དམིགས་ནས་བསྐྱབ་པར་སྤྲོ་བ་དེའི་ཕྱིར། ཞེས་དང་། འགྲོ་བ་ཡོངས་ཀྱི་གཉེན་ཉིད་ཀྱི་རང་བཞིན་དུ་གྱུར་པ་སངས་རྒྱས་ཉིད་ཡང་དག་པར་ཐོབ་པར་འདོད་པ་ཡིན་ནོ། །ཞེས་པའི་ཚིག་གིས་གསལ་བའི་ཕྱིར། དབྱེ་ན་སེམས་ཅན་ལ་དམིགས་པའི་སྙིང་རྗེ། ཆོས་ལ་དམིགས་པའི་སྙིང་རྗེ། དམིགས་པ་མེད་པའི་སྙིང་རྗེ་དང་གསུམ་མོ། །དང་པོ་ནི་སྡུག་བསྔལ་གྱིས་སྡུག་བསྔལ་བ་དེ་ལ་དམིགས་ནས་སྡུག་བསྔལ་དེ་ལས་བསྐྱབ་པར་འདོད་པའི་བློ་དང་། གཉིས་པ་ནི་སྐད་ཅིག་རེ་རེ་ལ་འཇིག་པའི་སྡུག་བསྔལ་ཅན་གྱི་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དེ་ལས་སྐྱོབ་པར་འདོད་པའི་བློ་དང་། གསུམ་པ་ནི་བདེན་མེད་ཀྱི་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་ནས་རྣམ་པ་གྲོལ་བར་འདོད་པའི་བློའོ། །

གཉིས་སུ་མེད་པའི་བློ་ནི་འཇུག་པ་རང་འགྲེལ་ལས། དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་མཐའ་གཉིས་དང་བྲལ་བའི་ཤེས་རབ་བོ། །ཞེས་གསུངས་ཤིང་། དེངས་ས་དང་པོའི་མཉག་ཡཻས་སམ། མཐོང་ལམ་གྱི་ཡཻས་དེར་འཇོག་དགོས་ཏེ། གཉིས་མེད་ཀྱི་ཡཻས་དེ་རྒྱུད་ལ་སྐྱེས་པ་དང་བྱང་ཆུབ་སེམས་དཔར་འགྲོ་བ་དུས་མཉམ་ཡིན་པའི་ཕྱིར་དང་། དེའི་སྔ་རོལ་དུ་གཉིས་མེད་ཀྱི་ཡཻས་དེ་མེད་པའི་ཕྱིར། དང་པོ་གྲུབ་སྟེ་གཞུང་གསུམ་གསལ་བྱེད་ལས། སོ་སོར་རྟོག་པ་དེས་ཁ་ནང་དུ་ཕྱོགས་པར་དཔྱད་པས་ཡཻས་སྐྱེ་ལ། དེའི་ཚེ་བྱང་ཆུབ་སེམས་དཔར་འགྲོ་བས་སོ། ཞེས་དང་། ཡཻས་དེ་སྙིང་རྗེ་ཆེན་པོའི་ཁྱད་པར་དུ་སྐྱེས་པ་ཁོ་ན་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་རྒྱུད་ལ་སྐྱེས་པ་ལ་སྐྱེས་པ་ཞེས་བཏགས་ནས། སེམས་འདི་སྐྱེས་པས་ས་འདི་ཐོབ་བོ་ཞེས་རྟེན་འབྱུང་གི་རྒྱུ་འབྲས་སུ་འཐད་པས་རྒྱུ་འབྲས་སུ་ཁས་ལེན་ཏེ། དཔྱད་བཟོད་པར་ནི་མི་འདོད་དོ། །ཞེས་གསུངས་པའི་ཕྱིར། དེ་ཡང་ལྟ་བའི་ཆ་ནས་བཞག་པའི་བྱང་ཆུབ་སེམས་དཔའ་ཡིན་གྱི་སྤྱོད་པའི་ཆ་ནས་བཞག་པའི་བྱང་ཆུབ་སེམས་དཔའ་ནི་ཐེག་ཆེན་ཚོགས་ལས་ནས་ཡོད་པར་ཤེས་པར་བྱའོ། །གོང་གི་རྟགས་གཉིས་པ་ཡང་གྲུབ་སྟེ། གཞུང་གསུམ་གསལ་བྱེད་ལས།  ལམ་མ་ཞུགས་སུ་སྙིང་རྗེ་ཆེན་པ་སྐྱེས་ནས་དེ་ལྟ་བུའི་ཁྱད་པར་བཞི་དང་ལྡན་པའི་དམ་བཅའ་བ་ཀུན་རྫོབ་བྱང་ཆུབ་ཏུ་སེམས་བསྐྱེད་པས་ཚོགས་ཀྱི་ལམ་དུ་འཇུག་ལ། དེར་དབ་བཅའ་བ་དེ་གཉིས་སུ་མེད་པའི་ཡཻས་དང་བྲལ་བས། ཞེས་དང་། དེ་རབ་ཀྱི་ཕུལ་དུ་གྱུར་ཀྱང་སྒྲའི་རྗེས་སུ་འགྲོ་བའི་བཟོད་པ་ཡིན་པས་ཡཻས་སུ་མི་འདོད་དོ། །ཞེས་དང་། ཆོས་འཁོར་དོགས་གཅོད་ལས། ས་དང་པོ་ནས་ཆེན་པོར་སོང་བས་དབུ་མ་པའི་ས་མཚམས་དེ་ནས་འཛིན་པ་ཡིན། དེ་ཡན་དུ་དབུ་མའི་ལྟ་བ་གོ་བ་ཙམ་ལས་རྙེད་པར་མི་འགྱུར་ཏེ། ཞེས་གསུངས་པའི་ཕྱིར་རོ། །

བྱང་ཆུབ་ཀྱི་སེམས་ནི། འཕགས་པ་ཆོས་ཀུན་འགྲོ་བའི་མདོ་ལས། ཆོས་ཉིད་འདི་ལྟ་བུ་འདི་སེམས་ཅན་རྣམས་ཀྱི་ཁོང་དུ་ཆུད་པར་བྱའོ་སྙམ་ནས། བྱང་ཆུབ་སེམས་དཔལ་སེམས་གང་སྐྱེས་པ་འདི་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་ཞེས་བགྱིའོ། །ཞེས་གསུངས་ཤིང་། དེའི་དོན་ཀུན་མཁྱེན་ཆེན་པོས། ཆོས་ཉིད་ཀྱི་གནས་ལུགས་མ་མཐོང་བ་ལ་སྙིིང་རྗེ་སྐྱེས་ནས་དེ་མཐོང་བར་བྱ་བའི་ཕྱིར་དམ་བཅའ་བ། ཞེས་གསུངས། མདོར་ན་བྱང་ཆུབ་ཀྱི་སེམས་ནི་རྒྱུ་སྙིང་རྗེ་ཆེན་པོས་རྩིས་ཟིན་པའི་སྒོ་ནས་སེམས་ཅན་ཐམས་ཅད་ཆོས་ཉིད་ཀྱི་གནས་ལུགས་མཐོང་བར་བྱའོ་སྙམ་པའི་དམ་བཅའི་བློ་གང་ཡིན་པ་དེའོ། །

གསུམ་པ་རྒྱུ་གསུམ་གྱི་གོ་རིམ་རྣམ་པར་བཞག་པ་ལ་སྤྱིའི་ལུགས་དང་། བྱེ་བྲག་གི་བསམ་ཚུལ་གཉིས་ལས། དང་པོ་ནི། སྤྱིར་རྒྱུ་གསུམ་གྱི་གོ་རིམ་ལ། དབུ་མ་རྒྱན་ལས། ཡང་དག་ཤེས་ཚུལ་སྔོན་བཏང་སྟེ། །དོན་དམ་རྣམ་པར་ངེས་གྱུར་ནས། །ལྟ་ངན་ཐིབས་གནས་འཇིག་རྟེན་ལ། །སྙིང་རྗེ་ཀུན་ཏུ་འབད་ནས་སུ། །འགྲོ་དོན་བྱེད་པར་དཔའ་གྱུར་པ། །བྱང་ཆུབ་བློ་རྒྱས་མཁས་པ་ནི། །བློ་དང་སྙིང་རྗེས་བརྒྱན་པ་ཡིས། །ཐུབ་པའི་བརྟུལ་ཞུགས་ཡང་དག་སྤྱོད། །ཅེས་གསུངས་པ་ལྟར་ལྟ་བ་སྔོན་སོང་ཅན་གྱི་གོ་རིམ་དང་། རིན་ཆེན་འཕྲེང་བ་ལས། །ཐེག་པ་ཆེན་པོ་གང་ཞིག་གིས། །སྙིང་རྗེ་སྔོན་བཏང་སྤྱོད་པ་ཀུན། །ཡེ་ཤེས་དྲི་མ་མེད་བཤད་པ། །སེམས་ཡོད་སུ་ཞིག་དེ་ལ་སྨོད། །ཅེས་གསུངས་པ་ལྟར་སྤྱོད་པ་སྔོན་སོང་ཅན་གྱི་གོ་རིམ་གཉིས་པོ་ནི་མཁས་པ་སྤྱིའི་བཞེད་ལུགས་ཡིན་པ་འདྲ། འོ་ན་ཀུན་མཁྱེན་ཆེན་པོས་ལྟ་བ་སྔོན་སོང་ཅན་གྱི་གོ་རིམ་ཁས་ལེན་པའི་སྒྲུབ་བྱེད་ཅི། སྤྱོད་པ་སྔོན་སོང་ཅན་གྱི་གོ་རིམ་ཁས་ལེན་པའི་སྒྲུབ་བྱེད་ཅི་སྙམ་ན། དང་པོ་ནི་གཞུང་གསུམ་གསལ་བྱེད་ལས་པཎྜི་ཏའི་དཔྱད་སྒོམ་བཤད་པའི་སྐབས། ལུང་དང་རིགས་པས་གང་ཟག་དང་ཆོས་ལ་བརྟགས་པ་ན། དཔྱད་པའི་བློ་ངོ་དེར་ཅི་ཡང་མི་དམིགས་པ་ཙམ་ཞིག་བསྒྲུབས་ནས་དེའི་རྒྱུན་ལ་ཞི་གནས་ཀྱི་མཉམ་པར་འཇོག་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། གཉིས་པའི་སྒྲུབ་བྱེད་ཡང་ཡོད་དེ། ཀུ་ས་ལའི་འཇོག་སྒོམ་དང་། མངོན་པར་རྟོགས་པའི་ས་རྣམ་པར་བཞག་པའི་སྐབས་སྙིང་རྗེ་སྔོན་སོང་གི་གོ་རིམ་བཞེད་པའི་ཕྱིར་རོ། །

གཉིས་པ་ནི། སྤྱོད་པ་སྔོན་འགྲོ་ཅན་གྱི་གོ་རིམ་ལའང་ཁོ་བོའི་བསམ་ཚུལ་ཅུང་ཟད་སྨྲོས་ན། སྙིང་རྗེ་ཆེན་པོ་ཉིད་ཐོག་མར་སྐྱེ་བ་ལ་ཁྱད་པར་མེད་དེ། ཀུན་མཁྱེན་ཆེན་པོས། ལམ་མ་ཞུགས་སུ་སྙིང་རྗེ་ཆེན་པོ་བསྐྱེད་ནས་དེ་ལྟ་བུའི་ཁྱད་པར་བཞི་དང་ལྡན་པའི་དམ་བཅའ་བ་ཀུན་རྫོབ་བྱང་ཆུབ་ཏུ་སེམས་བསྐྱེད་པས་ཚོགས་ཀྱི་ལམ་དུ་འཇུག་ལ། ཞེས་གསུངས་པའི་ཕྱིར། རྒྱུ་ཕྱི་མ་གཉིས་ལ་བྱང་ཆུབ་ཀྱི་སེམས་སྔར་སྐྱེས་ཤིང་གཉིས་སུ་མེད་པའི་ཡཻས་ཕྱིས་སྐྱེ་ལ། གཉིས་མེད་ཀྱི་ཡཻས་སྔར་སྐྱེས་ཤིང་བྱང་ཆུབ་ཀྱི་སེམས་ཕྱིས་སྐྱེ་བའི་ལུགས་གཉིས་ཁས་ལེན་དགོས་པར་འདྲའོ། །ལུགས་དང་པོ་ལ་སྒྲུབ་བྱེད་གསུམ་ཞུ་བར་བྱ་སྟེ། སྒྲུབ་བྱེད་དང་པོ་ནི། ཀུན་མཁྱེན་ཆེན་པོས་གཉིས་མེད་ཀྱི་ཡཻས་སྐྱེས་པ་དང་བྱང་ཆུབ་སེམས་དཔར་འགྲོ་བ་གཉིས་དུས་མཉམ་ཁས་བླངས་ནས། གཉིས་མེད་ཀྱི་ཡཻས་དེ་བྱང་ཆུབ་སེམས་དཔའི་རྟེན་འབྱུང་གི་རྒྱུ་ཙམ་ལས། རྒྱ྄་མཚན་ཉིད་པར་མི་འདོད་པའི་སྐྱོན་སྤོང་མཛད་ཅིང་། རྒྱུ་གཞན་གཉིས་ལ་དེ་ལྟར་མི་མཛད་པ་དེས་ཀྱང་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་དེ་བྱང་ཆུབ་སེམས་དཔའི་རྒྱུ་མཚན་ཉིད་པར་དཔོག་ཐུབ་བོ། །དེ་ལྟར་ཡིན་ན་བྱང་ཆུབ་ཀྱི་སེམས་དེ་ཡང་གཉིས་མེད་ཀྱི་ཡཻས་དེའི་སྔར་སྐྱེ་དགོས་པར་གྲུབ་པའི་ཕྱིར་རོ། །

སྒྲུབ་བྱེད་གཉིས་པ་ནི། སྐྱབས་རྗེ་དགེ་རིན་པས་རྒྱུ་གསུམ་གྱི་ནང་གསེས་ཀྱི་བྱང་ཆུབ་ཀྱི་སེམས་དེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡིན་པར་བཞེད་ལ། རྒྱུ་གསུམ་རྒྱུད་ལ་སྐྱེ་བའི་གོ་རིམ་ཡང་ཀུན་མཁྱེན་གྱི་དགོངས་པ་ལྟར་འཆད་པར་བཞེད་ཅིང་། གཉིས་མེད་ཀྱི་ཡཻས་དེའི་ཕྱིས་སུ་ཆོས་ཉིད་དེ་ལྟ་བུ་དེ་སེམས་ཅན་ཐམས་ཅད་ཀྱི་ཁོང་དུ་ཆུད་པར་བགྱིའོ་སྙམ་པའི་བློ་དེ་དོན་དམ་བྱང་ཆུབ་ཀྱི་སེམས་སུ་བཞེད་པ་ལས་ཀྱང་། རྒྱུ་གསུམ་གྱི་ནང་གསེས་ཀྱི་བྱང་ཆུབ་ཀྱི་སེམས་དེ་གཉིས་མེད་ཀྱི་ཡཻས་དེའི་སྔར་སྐྱེ་བར་ཁས་ལེན་དགོས་པར་འདྲ་བའི་ཕྱིར་རོ། །

སྒྲུབ་བྱེད་གསུམ་པ་ནི། ཀུན་མཁྱེན་ཆེན་པོས་རྒྱུ་གསུམ་གྱི་རྣམ་བཞག་བཤད་ཟིན་པའི་རྗེས། རྒྱུ་གསུམ་གྱི་སྒྲུབ་བྱེད་དུ་འཇུག་འགྲེལ་གྱི་ཚིག འདི་ལྟར་སྙིང་རྗེ་ཅན་ནི་གཞན་གྱི་སྡུག་བསྔལ་གྱི་སྡུག་བསྔལ་བ་ཉིད་ཀྱིས་སེམས་ཅན་སྡུག་བསྔལ་བར་གྱུར་པ་མ་ལུས་པ་ཡོངས་སུ་བསྐྱབ་པར་བྱ་བའི་ཕྱིར། གདོན་མི་ཟ་བར་བདག་གིས་འཇིག་རྟེན་འདི་ཐ་དག་སྡུག་བསྔལ་ལས་བཏོན་ཏེ། སངས་རྒྱས་ཉིད་ལ་ངེས་པར་སྦྱར་བར་བྱའོ་སྙམ་དུ་ངེས་པར་སེམས་སྐྱེད་པར་བྱེད་དོ། །དམ་བཅའ་བ་དེ་ཡང་གཉིས་སུ་མེད་པའི་ཡཻས་སྤངས་པས་བསྒྲུབ་པར་མི་ནུས་པས་གཉིས་སུ་མེད་པའི་ཡཻས་ལའང་ངེས་པ་ཁོ་ནར་འཇུག་སྟེ། ཞེས་པ་དེ་དྲངས་པ་ཡིན་ལ། དེ་ལྟར་ཡིན་ན་འཇུག་འགྲེལ་གྱི་ཚིག་དེར་གཉིས་མེད་ཀྱི་ཡཻས་དེའི་ཕྱིས་སུ་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ཤིག་མ་བསྟན་པ་དེས་ཀྱང་། རྒྱུ་གསུམ་གྱི་ནང་གསེས་ཀྱི་བྱང་ཆུབ་ཀྱི་སེམས་དེ་ཡཻས་དེའི་སྔར་གྱི་ཀུན་རྗེབ་སེམས་བསྐྱེད་ལ་བཞེད་པར་གསལ་བའི་ཕྱིར་རོ། །

དེས་ན་བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པའི་ཡཻས་ཀྱི་སྔར་སྐྱེ་བའི་དབང་དུ་བྱེད་ན། སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་དེ་བྱང་སེམས་འཕགས་པ་སྐྱེད་བྱེད་ཀྱི་རྒྱུ་དང་། གཉིས་སུ་མེད་པའི་བློ་དེ་བྱང་སེམས་འཕགས་པའི་རྟེན་འབྱུང་གི་རྒྱུ་སྟེ། དེ་རྒྱུད་ལ་སྐྱེས་པ་དང་བྱང་ཆུབ་སེམས་དཔའ་ཞེས་པའི་མཚན་ཐོབ་པ་ཡིན་པའི་ཕྱིར་རོ། །

གཉིས་པ་གཉིས་མེད་ཀྱི་ཡཻས་སྔར་སྐྱེསཤིང་། བྱང་ཆུབ་ཀྱི་སེམས་ཕྱིས་སུ་སྐྱེ་བའི་ལུགས་ལའང་སྒྲུབ་བྱེད་ཡོད་དེ། ཀུན་མཁྱེན་ཆེན་པོས། བྱང་སེམས་ནི། བྱང་འཕགས་ལ་ཆོས་ཉིད་ཀྱི་གནས་ལུགས་མ་མཐོང་བ་ལ་སྙིང་རྗེ་སྐྱེས་ནས་དེ་མཐོང་བར་བྱ་བའི་ཕྱིར་དམ་བཅའ་བས་རྗེས་ལ་ཐོབ་པའོ། །ཞེས་དང་། གཉིས་སུ་མེད་པའི་ཡཻས་དེ་ལས་ལྡང་བ་ན་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་དང་མཉམ་པའོ། །བློ་བུར་དུ་བྱུང་བ་མི་གནས་པ་ཆོས་ཐམས་ཅད་ནི་ཤེས་པར་བགྱི་བ་ཙམ་དང་། ཤེས་པ་པོས་སྟོང་པའི་ཕྱིར་ཡོངས་སུ་ཤེས་པར་བགྱི་བ་ཙམ་དུ་བས་ན་ཆོས་ཉིད་འདི་ལྟ་འདི་སེམས་ཅན་ཐམས་ཅད་ཀྱི་ཁོང་དུ་ཆུད་པར་བྱའོ་སྙམ་ནས། བྱང་ཆུབ་སེམས་དཔའ་ལ་སེམས་གང་སྐྱེ་བ་འདི་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་ཞེས་བགྱིའོ། །ཞེས་གསུངས་པའི་ཕྱིར། དེས་ན་གོང་གི་ལུང་གཉིས་ལས་བྱང་འཕགས་ལ་ཞེས་པའི་ཚིག་གིས་བྱང་ཆུབ་ཀྱི་སེམས་དེ་གཉིས་མེད་ཀྱི་ཡཻས་དེའི་སྔར་མེད་པར་བསྟན་ལ། རྗེས་ལ་ཐོབ་པའོ། །ཞེས་པ་དང་། གཉིས་སུ་མེད་པའི་ཡཻས་དེ་ལས་ལྡང་བ་ན་ཞེས་པའི་ཚིག་གིས་བྱང་ཆུབ་ཀྱི་སེམས་དེ་གཉིས་མེད་ཀྱི་ཡཻས་དེའི་ཕྱིས་སུ་སྐྱེ་བར་གྲུབ་པའི་ཕྱིར་རོ། །

 ལུགས་དེའི་དབང་དུ་གཏང་ན་སྙིང་རྗེ་ཆེན་པོ་ནི་བྱང་སེམས་འཕགས་པའི་སྔོན་སོང་གྱི་རྒྱུ་དང་། གཉིས་སུ་མེད་པའི་བློ་དང་བྱང་ཆུབ་ཀྱི་སེམས་དེ་རྟེན་འབྱུང་གི་རྒྱུ་སྟེ། དེའང་གཉིས་སུ་མེད་པའི་བློ་རྒྱུད་ལ་སྐྱེ་བ་ན་གཞན་ངོར་བྱང་སེམས་འཕགས་པ་ཞེས་པའི་མཚན་ཐོབ་པ་ཡིན་གྱི་རང་ངོར་ནི་མ་ཡིན་ཏེ། སྤྲོས་པ་དང་བྲལ་བའི་ཡཻས་ལ་མཉམ་པར་འཇོག་བཞིན་པ་ཡིན་པས་དེ་ལྟ་བུའི་སྤྲོས་པ་མི་མངའ་བའི་ཕྱིར། བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བ་ན། རང་ཉིད་ཀྱིས་ཀྱང་བྱང་སེམས་འཕགས་པ་ཞེས་པའི་ཐ་སྙད་བྱེད་ནུས་པ་ཡིན་ཏེ། རྗེས་ཐོབ་རྣམ་པར་རྟོག་པ་དང་བཅས་པའི་སྐབས་ཡིན་པའི་ཕྱིར་རོ། །ཡིན་ནའང་དབུ་མ་འཇུག་པའི་དངོས་བསྟན་གྱི་རྒྱུ་གསུམ་ལས། བྱང་ཆུབ་ཀྱི་སེམས་དེ་གཉིས་མེད་ཀྱི་ཡཻས་དེའི་ཕྱིས་སུ་སྐྱེས་པར་འདོད་ཀྱང་། ཚོགས་སྦྱོར་གྱི་གནས་སྐབས་ཀྱི་ཀུན་རྫོབ་སེམས་བསྐྱེད་དེ་བྱང་སེམས་འཕགས་པའི་རྒྱུར་མི་འདོད་པ་ནི་མ་ཡིན་ནོ། །[༢༣][༢༤]

མཁས་པའི་གཞུང་དང་འགལ་བ་མཆིས་འགྱུར་ན། །མཁས་པའི་སྤྱན་སྔར་གུས་པས་མཐོལ་བཤཊ་ནས། །

མཁས་པའི་བྱ་བར་འབད་པའི་དགེ་བ་ཡང། །མཁས་པའི་ས་རུ་ཕྱིན་པའི་རྒྱུ་རུ་བསྔོའོ། །

ཞེས་པའང་གསེར་ལུང་པད་དཀར་ཆོས་གླིང་དགོན་འཛིན་གྲྭ་ཚང་གི་སློབ་གཉེར་བ་ཀུན་བཟང་སྟོབས་རྒྱས་མིང་པས་བྲིས་པའོ། །སྤྱི་ཚེས་ ༣༠/༠༧/༢༠༢༤ ལ་ཡོངས་འབྲེལ་ཐོག་ཏུ་སྤེལ་ཡོད།

༼དཀའ་བའི་གནད་འགའ་ལ་དཔྱད་པ་དམ་པའི་དགོངས་གསལ་ཞེས་བྱ་བ་བཞུགས་སོ།།༽[༡༢][༢༥][༡༣][༢༦]

[ཞུན་དག]

རྒྱལ་བའི་སྲས་ཀྱི་རྒྱུ་གསུམ་བསྟན་པ་ལས། །གཙོ་བོར་གྲགས་པ་སྙིང་རྗེ་ཆེན་པོ་ནི། །

ཕྱག་བྱར་འོས་པ་གཟིགས་པའི་བླ་མ་གང་། །དཔལ་ལྡན་ཟླ་བའི་ཞབས་ལ་མགོས་ཕྱག་འཚལ། །

ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་མ་ནོར་བ། །ཁྱོད་ཀྱི་གཞུང་ལས་གསལ་བར་བསྟན་ན་ཡང་། །

ཕལ་ཆེར་ཕྱོགས་ལྷུང་ལམ་ངན་ཞུགས་པ་ལ། །ཇི་བཞིན་རྟོགས་པའི་བླ་མ་གང་ལ་འདུད། །

ཁྱེད་ཀྱི་ཐུགས་དགོངས་དཀོན་མཆོག་ཆུད་པ་དང་། །རྒྱུ་གཙོ་སྙིང་རྗེ་རྒྱུད་ལ་རྙེད་ཕྱིར་དང་། །

དོན་དམ་ཇི་བཞིན་རྟོགས་པའི་རྟེན་འབྲེལ་དུ། །གཞུང་གི་གནད་དོན་འགའ་ཞིག་བསྟན་པར་བྱ། །

       ཞེས་ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་མ་ནོར་བ་གསལ་བར་སྟོན་མཁན་སློབ་དཔོན་ཟླ་གྲགས་ཞབས་དང་། དེའི་དགོངས་པ་ཇི་བཞིན་གཟིགས་མཁན་ཀུན་མཁྱེན་པད་མ་དཀར་པོ་གང་ལ་མཆོད་པར་བརྗོད་ཅིང་ཕྱག་འཚལ་བ་དང་བརྩམ་པར་དམ་བཅའ་བའི་ལས་ཚིག་སྔོན་དུ་བཏང་ནས། དབུ་མ་འཇུག་པ་ལས། སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། ། བྱང་ཆུབ་སེམས་ནི་རྒྱལ་སྲས་ཀྱི་རྣམས་ཀྱི་རྒྱུ། །ཞེས་དང་། དེ་ཉིད་དུ། དེ་ནི་རིང་དུ་སོང་བར་བློ་ཡང་ལྷག་པར་འགྱུར། །ཞེས་གསུངས་པ་ལས་ཕྲོས་ཏེ་འདིར་ཅུང་བཤད་པར་བྱ་བ་ལ་དོན་གཉིས་ཏེ།

བྱང་ཆུབ་སེམས་དཔའི་རྒྱུ་གསུམ་རང་ལུགས་བཞག་པའི་སྒོ་ནས་བསྟན། བྱང་ཆུབ་སེམས་དཔས་ཉན་རང་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་ཚུལ་གཞན་ལུགས་དགག་པའི་སྒོ་ནས་བསྟན་པའོ། །དང་པོ་ལ་གསུམ། རྒྱུ་གསུམ་གྱི་ངོས་འཛིན་དང་། དེ་བསྐྱེད་ཚུལ་གྱི་གོ་རིམ་བཤད་ནས་གོ་རིམ་མི་མཐུན་པར་འཇོག་པའི་རྒྱུ་མཚན་བསྟན་པ་དང་། དེ་གསུམ་ལས་སྙིང་རྗེ་བྱེ་བྲག་ཏུ་བཤད་པའོ། །

དང་པོ་ནི། རྒྱལ་བའི་སྲས་ཀྱི་རྒྱུ་གསུམ་ནི། སྙིང་རྗེ་དང་། གཉིས་སུ་མེད་པའི་བློ་དང་། བྱང་ཆུབ་ཀྱི་སེམས་སོ། །དེ་གསུམ་ལས་སྙིང་རྗེ་ནི། བརྩེ་བ་སྟེ་སེམས་ཅན་སྡུག་བསྔལ་ལས་བསྐྱབ་པར་སྤྲོ་བའམ་དེའི་ནུས་པ་གང་རུང་ངོ། །གཉིས་སུ་མེད་པའི་བློ་ནི། དངོས་དངོས་མེད་སོགས་མཐའ་གཉིས་དང་བྲལ་བའི་ཤེས་རབ་བོ། །བྱང་ཆུབ་ཀྱི་སེམས་ནི། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སེམས་བསྐྱེད་པ་སྟེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་བྱང་ཆུབ་ཀྱི་སེམས་གང་རུང་ངོ། །

གཉིས་པ་དེ་བསྐྱེད་ཚུལ་གྱི་གོ་རིམ་བཤད་ནས་གོ་རིམ་མི་མཐུན་པར་འཇོག་པའི་རྒྱུ་མཚན་བསྟན་པ་ལ་གཉིས། གོ་རིམ་བཤད་པ་དང་། མི་མཐུན་པར་འཇོག་པའི་རྒྱུ་མཚན་བསྟན་པའོ། །

དང་པོ་ནི། ཐེག་པ་ཆེན་པོའི་རིགས་ཅན་དབང་པོ་རྣོན་པོ་ལྟ་བུ་ཞིག་གིས། ཐེག་ཆེན་གྱི་ལན་དུ་མ་ཞུགས་པའི་ཐོག་མར་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྐྱབ་པར་སྤྲོ་བའི་སེམས་སྙིང་རྗེ་ཆེན་པོ་ཀུན་ནས་སློང་། དེ་ནས་བླ་ན་མེད་པའི་འབྲས་བུ་ལ་དམ་བཅའ་བ་སྟེ་ཀུན་རྫོབ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཚོགས་ལམ་དུ་འཇུག དེ་ལྟར་དམ་བཅའ་བ་དེ་ཡང་གཉིས་སུ་མེད་པའི་ཡེ་ཤེས་མེད་ན་འགྲུབ་མི་ནུས་པར་ཤེས་ནས་ཡེ་ཤེས་དེ་བསྒྲུབ་པའི་ཕྱིར། ཐོས་བསམ་གྱི་ཤེས་རབ་བསྐྱེད་པས་མོས་པས་སྤྱོད་པའི་ས་ལ་འཇུག་ནས་ཤེས་རབ་དེ་ལ་བརྟེན་ནས་ཐོག་མར་སོ་སོར་རྟོག་པའི་ཤེས་རབ་སྐྱེད། དེ་སྒྲའི་རྗེས་སུ་འགྲོ་བའི་བཟོད་པ་ཡིན་པས་ཡེ་ཤེས་སུ་མི་འདོད་ལ་དེས་ཁ་ནང་དུ་ཕྱོགས་པར་དཔྱད་པས་གཉིས་སུ་མེད་པའི་ཡེ་ཤེས་སྐྱེ་བ་དེ་ཁར་བྱང་ཆུབ་སེམས་དཔར་འགྲོ་བ་ཡིན། གཉིས་སུ་མེད་པའི་ཡེ་ཤེས་སྐྱེ་བ་དང་མཉམ་དུ་དམིགས་མེད་ཀྱི་སྙིང་རྗེའམ་སྙིང་རྗེ་ཁྱད་པར་ཅན་དང་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱང་སྐྱེ་བ་ཡིན་ནོ། །ཡང་སྔར་སོ་སྐྱེའི་གནས་སྐབས་སུ་སྙིང་རྗེ་ཆེན་པོ་མ་སྐྱེ་བའི་སྔར་དོན་སྤྱིའི་སྒོ་ནས་ཆོས་ཐམས་ཅད་སྤྲོས་བྲལ་ལམ་བདེན་མེད་དུ་གཏན་ལ་ཕབ་ནས། སྙིང་རྗེ་ཆེན་པོ་ནས་བཟུང་གོ་རིམ་སྔར་བཞིན་སྐྱེ་བ་ཡང་ཡོད་དོ། །

གཉིས་པ་མི་མཐུན་པར་འཇོག་པའི་རྒྱུ་མཚན་བསྟན་པ་ནི། འཇུག་པར། སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་སྙིང་རྗེ་ཐོག་མར་དང་། གཉིས་མེད་ཀྱི་བློ་བར། བྱང་ཆུབ་ཀྱི་སེམས་མཇུག་ཏུ་བསྟན་པ་དང་། རིན་ཆེན་ཕྲེང་བ་ལས། དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐའ་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་བྱང་ཆུབ་ཀྱི་སེམས་ཐོག་མར་དང་། སྙིང་རྗེ་བར། གཉིས་མེད་ཡེ་ཤེས་མཇུག་ཏུ་བསྟན་པ་དང་། དབུ་མ་རྒྱན་ལས། ཡང་དག་ཤེས་ཚུལ་སྔོན་བཏང་སྟེ། །དོན་དམ་རྣམ་པར་ངེས་གྱུར་ནས། །ལྟ་ངན་ཐིབས་གནས་འཇིག་རྟེན་ལ། །སྙིང་རྗེ་ཀུན་ཏུ་འབད་ནས་སུ། །འགྲོ་དོན་བྱེད་པར་དཔའ་གྱུར་པ། །བྱང་ཆུབ་བློ་རྒྱས་མཁས་པ་ནི། །བློ་དང་སྙིང་རྗེས་བརྒྱན་པ་ཡིས། །ཐུབ་པའི་རྟུལ་ཞུགས་ཡང་དག་སྤྱོད། །ཡང་དག་དད་པས་རྗེས་འབྲང་བ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ནས། །ཐུབ་པའི་བརྟུལ་བཞུགས་བླངས་བྱས་ཏེ། །དེ་ནི་ཡང་དག་ཤེས་ཚུལ་བརྩོན། །ཞེས་གཉིས་མེད་ཀྱི་བློ་ཐོག་མར་དང་། སྙིང་རྗེ་བར། བྱང་ཆུབ་སེམས་མཇུག་ཏུ་སོགས་གོ་རིམ་མི་མཐུན་པར་འཇོག་པའི་རྒྱུ་མཚན་ཅི་ལགས་སྙམ་ན།

གོང་དུ་གོ་རིམ་བཤད་པ་ལྟར། སྙིང་རྗེ་ལ་སྙིང་རྗེ་ཆེན་པོ་ཙམ་དང་སྙིང་རྗེ་ཁྱད་པར་ཅན་གཉིས། དེ་བཞིན་གཉིས་མེད་ཀྱི་བློ་ལའང་སོ་སོར་རྟོག་པའི་ཤེས་རབ་དང་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་རྟོག་པ་སྟེ་དེ་བཏགས་པ་བ་ཙམ་དང་གཉིས་མེད་ཀྱི་ཡེ་ཤེས་གཉིས། དེ་ལྟར་བྱང་ཆུབ་ཀྱི་སེམས་ཀྱང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་ཡོད་པས། རྒྱུ་གསུམ་གྱི་དང་པོ་གསུམ་ནི་བྱང་ཆུབ་སེམས་དཔའི་སྔོན་སོང་གི་རྒྱུ་དང་། ཕྱི་མ་གསུམ་ནི་བྱང་ཆུབ་སེམས་དཔའ་དང་དུས་མཉམ་པ་སྟེ་བརྟེན་པའི་རྒྱུ་དེ་དག་དང་རྟེན་འབྱུང་གི་རྒྱུ་འབྲས་སུ་འཐད་པས་རྒྱུ་འབྲས་སུ་ཁས་ལེན་པ་ཡིན་ནོ། །དེས་ན་གཞུང་ཆེན་རྣམས་སུ་རྒྱུའི་གོ་རིམ་ཇི་ལྟར་འཇོག་ཀྱང་སྐྱོན་མེད་དེ་རྒྱུའི་ངོས་འཛིན་ལ་ཇི་ལྟར་འཇོག་ཀྱང་འཐད་པར་སྣང་བས་སོ། །

འདིར་སོ་སོར་རྟོག་པའི་ཤེས་རབ་ནི་གཉིས་སུ་མེད་པའི་ཡེ་ཤེས་བཏགས་པ་བ་ཙམ་ཞེས་ཁས་ལེན་པས། ཀུན་མཁྱེན་ཆེན་པོས། གཞུང་གསུམ་གསལ་བྱེད་དུ། འོ་ན་གཉིས་མེད་ཀྱི་ཤེས་པ་དེ་ས་དང་པོའི་སྔོན་རོལ་དུ་མེད་པས་ས་དང་པོ་དང་དུས་མཉམ་པས་རྒྱུ་འབྲས་མཉམ་པར་འགྱུར་རོ་སྙམ་ན་མ་ཡིན་ཏེ། ཞེས་སོགས་གསུངས་པ་དང་། སྐྱབས་རྗེ་དགེ་རིན་པས། དབུ་མའི་ལྟ་གྲུབ་གསལ་བྱེད་དུ། དེས་ན་སོ་སྐྱེའི་གནས་སྐབས་སུ་རྒྱུ་གསུམ་པོ་ཉམས་སུ་བླངས་པའི་འབྲས་བུ་ས་དང་པོའི་བྱང་ཆུབ་སེམས་དཔའ། སོགས་གསུངས་པའི་དབུ་མ་འཇུག་པའི་དགོངས་བཞིན་གསུངས་པའི་དགོངས་པ་གཉིས་འགལ་མེད་དུ་ཁོ་བོས་རྟོགས་སོ། །

གསུམ་པ་སྙིང་རྗེ་བྱེ་བྲག་ཏུ་བཤད་པ་ལ་གཉིས། ངོ་བོ་དང་དབྱེ་བ་བཤད་པ་དང་། དབྱེ་བ་གསུམ་གྱི་གནད་ཐུན་མིན་བསྟན་པའོ། ། དང་པོ་ལ་གཉིས། ངོ་བོ་དང་། དབྱེ་བ་བསྟན་པའོ། །

དང་པོ་ནི། གོང་དུ་དོན་བཤད་ཟིན་པ་དེས་ཆོག་པར་སྣང་ངོ། །

གཉིས་པ་དབྱེ་བ་ནི། སྡུག་བསྔལ་ལས་བསྐྱབ་པར་སྤྲོ་བའི་དམིགས་ཡུལ་སེམས་ཅན་རྣམས་གང་གིས་ཁྱད་པར་དུ་མ་བྱས་པ་དམིགས་པ་ལ་མངའ་བ་སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། མི་རྟག་པ་སོགས་ཀྱི་ཁྱད་པར་དུ་བྱས་ནས་དམིགས་པ་ལ་མངའ་བ་ཆོས་ལ་དམིགས་པའི་སྙིང་རྗེ་དང་། བདན་མེད་ཀྱི་ཁྱད་པར་དུ་མཁྱེན་པ་ལ་མངའ་བ་དམིགས་པ་མེད་པའི་སྙིང་རྗེ་གསུམ་ཡིན་ནོ། །

གསུམ་པ་དབྱེ་བ་གསུམ་གྱི་གནད་ཐུན་མིན་བསྟན་པ་ནི། སངས་རྒྱས་ཀྱི་སའམ་སངས་རྒྱས་ནི་སོ་སོ་སྐྱེ་བོས་དེ་དང་དེ་ལྟ་བུ་ཡིན་ཞེས་བརྗོད་པས་གནས་ཚུལ་བརྗོད་མི་ནུས་པས། འདིར་དེ་ལ་སྙིང་རྗེ་ཡོད་མེད་ཀྱི་དཔྱད་པ་ལའང་མ་སྤྲོ་ལ། སོ་སོ་སྐྱེ་བོའི་གནས་སྐབས་ནས་སྙིང་རྗེ་ཆེན་པོ་ཞིག་སྐྱེས་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པས་ཚོགས་ལམ་དུ་འཇུག་པ་ནས། ས་བཅུ་པའི་བར་གྱི་བྱང་སེམས་ལ་དེ་ལྟ་བུའི་སྙིང་རྗེ་དགོས་པ་ནི། འཇུག་པར། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཐོག་ཕུན་ཚོགས་འདིའི། །ཞེས་སོགས་གསུངས་པའི་རྩ་འགྲེལ་གཉིས་ལས་གསལ་བར་བསྟན་ཡོད་པས་དེ་རྣམས་སྙིང་རྗེ་དང་ལྡན་པ་ནི་ལོགས་སུ་སྒྲུབ་མི་དགོས་ལ། ཚོགས་ལམ་པ་སོགས་ལ་སྙིང་རྗེ་གསུམ་ལས་གང་ལྡན་པ་ཡིན། བྱང་སེམས་འཕགས་པ་རྣམས་ལ་གང་ལྡན་པ་ཡིན་ནམ་སྙམ་པའི་རྨོངས་པ་སོགས་སེལ་ཕྱིར་དུ། ཐོག་མར་གང་ཟག་ཞིག་ལམ་ལ་མ་ཞུགས་པའི་སྔར་སེམས་ཅན་རྣམས་སྡུག་བསྔལ་ལས་བསྐྱབ་པར་སྤྲོ་བའི་སེམས་སྐྱེ་བ་འདི་ཁར་སྙིང་རྗེ་སྐྱེ་བའོ། །སྙིང་རྗེ་འདི་ལེན་གཅིག་སྐྱེས་ནས་དུས་ཕྱིས་སེམས་ཅན་སྡུག་བསྔལ་ལས་བྲལ་འདོད་ཀྱི་བློ་ཞིག་དངོས་སུ་མ་སྐྱེ་ཡང་འདིའི་ནུས་པའམ་བྱེད་པ་མ་ཉམས་པར་ཡོད་ན་སྙིང་རྗེ་ཡོད་པར་ཆོག་སྟེ། དཔེར་ན་ཤར་ཕྱོགས་ནས་ནུབ་ཕྱོགས་ཀྱི་བར་འགྲོ་བར་འདོད་པའི་བློ་སྐྱེས་ནས་འགྲོ་བའི་ཚེ། འགྲོ་བར་འདོད་པའི་བློ་དངོས་སུ་མ་སྐྱེ་ཡང་དེའི་ནུས་པ་མ་ཉམས་པར་དགོས་སྟེ། གཞན་དུ་ན་དེས་མི་འགྲོ་བར་སྡོད་དགོས་པ་བཞིན་ནོ། །

དེས་ན་བྱང་སེམས་ཞིག་ལ་སྙིང་རྗེ་སྐྱེས་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་སྙིང་རྗེ་མེད་པའམ་མི་ལྡན་པར་མི་རུང་ལ། སྙིང་རྗེ་དེ་ཡོད་པའི་བྱང་སེམས་དེ་ལ་སྙིང་རྗེ་གསུམ་ལས་གང་ཡོད་པ་ཡིན་སྙམ་ན། སྙིང་རྗེ་ལྡན་པའི་བྱང་སེམས་དེས་སེམས་ཅན་རྣམས་མི་རྟག་སོགས་ཀྱི་ཁྱད་པར་དུ་མ་བྱས་པར་དམིགས་པའི་གནས་སྐབས་སུ། དེའི་རྒྱུད་ཀྱི་སྙིང་རྗེ་ནི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། ནམ་ཞིག་སེམས་ཅན་རྣམས་མི་རྟག་པའི་རང་བཞིན་དུ་རྟོགས་པའི་ཚེ། དེའི་རྒྱུད་ཀྱི་སྙིང་རྗེ་ནི་ཆོས་ལ་དམིགས་པའི་སྙིང་རྗེར་འགྱུར་བ་དང་། ནམ་ཞིག་སེམས་ཅན་བདེན་མེད་རྟོགས་པའམ་ས་དང་པོ་ཐོབ་པའི་ཚེ། དམིགས་པ་མེད་པའི་སྙིང་རྗེར་འགྱུར་བའོ། །

སྡུག་བསྔལ་བྲལ་འདོད་ཀྱི་བློ་དངོས་སུ་ལེན་ཞིག་སྐྱེས་ནས་དུས་ཕྱིས་གཏན་མི་སྐྱེ་བར་ཡང་མི་སྲིད་པས། སྙིང་རྗེ་གསུམ་པོ་རྒྱུད་ལྡན་གྱི་གང་ཟག་སོ་སོས་སྡུག་བསྔལ་གང་ལས་བྲལ་བར་འདོད་ན། དང་པོས་སྡུག་བསྔལ་གྱི་སྡུག་བསྔལ་སོགས་ལས་དང་། གཉིས་པས་སྐད་ཅིག་མའི་སྡུག་བསྔལ་ལས་དང་། གསུམ་པས་ལོག་པར་རྟོག་པས་དེ་ལྟར་མ་རྟོགས་པའི་སེམས་ཅན་གྱི་རྒྱུད་འཁྲུལ་པའི་རང་བཞིན་ལས་སོ། །

      གཉིས་པ་བྱང་ཆུབ་སེམས་དཔས་ཉན་རང་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་ཚུལ་གཞན་ལུགས་དགག་པའི་སྒོ་ནས་བསྟན་པ་ནི། ལ་ལས་གང་ཟག་གི་བདག་མེད་རྟོགས་པ་ནི་ཉན་ཐོས་དགྲ་བཅོམ་པ། དེའི་སྟེང་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པ་ནི་རང་རྒྱལ། དེའི་སྟེང་འཛིན་པ་ཆོས་ཀྱི་བདག་མེད་ཕྱོགས་གཅིག་རྟོགས་པ་ནི་བྱང་སེམས་འཕགས་པ་སོགས་ཀྱི་རྣམ་གཞག་འཇོག་ནས་ཉན་ཐོས་ཀྱིས་ཆོས་ཀྱི་བདག་མེད་མ་རྟོགས་པར་འདོད་པ་ནི། འདིའི་དགོངས་པ་མིན་ཏེ། ས་དང་པོའི་བྱང་སེམས་ཀྱིས་ཀྱང་ཉན་རང་བློའི་སྟོབས་ཀྱི་ཟིལ་གྱིས་གནོན་ནུས་པར་ཐལ་བ་དང་། འཇུག་པའི་རང་འགྲེལ་དུ། ལུང་འདི་ལས་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་ཡང་ཡོད་དོ་ཞེས་བྱ་བར་གསལ་བར་ངེས་ཏེ། ཞེས་སོགས་གསུངས་པ་དང་། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ཞེས་སོགས་གསུངས་པ་རྣམས་དང་འགལ་ལོ། །ཡང་ལ་ལས། དེ་མཚན་འཛིན་སྤངས་མ་སྤངས་ལ་འཇོག་པའང་འཐད་པར་མ་མཐོང་སྟེ། ས་བདུན་པའི་བྱང་སེམས་དེ་ཡང་དག་ས་གསུམ་ན་གནས་པའི་བྱང་སེམས་སུ་ཐལ་ཏེ། དེ་མཚན་འཛིན་དག་པའི་བྱང་སེམས་ཡིན་པས་སོ། །མཚན་འཛིན་མ་དག་ན་དེས་བློའི་སྟོབས་ཀྱི་ཟིལ་གྱིས་གནོན་མི་ནུས་པར་ཐལ་ལོ། །

སྐྱོན་དེ་མི་འབྱུང་བའི་ཆེད་དེ་ལ་མཚན་འཛིན་ཕལ་ཆེར་སྤངས་པ་ཞེས་འདོད་པ་ཡང་སྐྱོན་དང་མ་བྲལ་ཏེ། ས་དང་པོ་ནས་དྲུག་པའི་བར་གྱི་བྱང་སེམས་ཀྱི་སྤང་བྱ་ནི་མཚན་འཛིན་ཡིན་པས། ས་དྲུག་པའི་བྱང་སེམས་ཀྱིས་ཀྱང་ཉན་རང་བློའི་སྟོབས་ཀྱི་ཟིལ་གྱི་གནོན་ནུས་པར་ཐལ་ཏེ། དེས་མཚན་འཛིན་ཕལ་ཆེར་སྤངས་པའི་ཕྱིར་ཏེ་ས་དང་པོ་ནས་ལྔ་པའི་བར་གྱི་སྤང་བྱར་འགྱུར་པའི་མཚན་འཛིན་རྣམས་སྤངས་པས་སོ། །གལ་ཏེ་འདོད་ན། རང་འགྲེལ་དུ། རིང་དུ་སོང་བ་ཁོ་ན་ནས་བཟུང་ནས་ནི་བྱང་ཆུབ་སེམས་དཔས་རང་གི་བློའི་སྟོབས་བསྐྱེད་པས་ཀྱང་། ཞེས་སོགས་གསུངས་པ་འགལ་ལོ། །དེས་ན་དེ་མཚན་འཛིན་སྤངས་མ་སྤངས་ལ་འཇོག་པ་ནི། ས་བདུན་པས་ཀྱང་ཟིལ་གྱིས་གནོན་མི་ནུས་པ་དང་། ཡང་ན་ས་གཉིས་པ་ནས་དྲུག་པའི་བར་གྱིས་ཀྱང་གནོན་ནུས་པ་གང་རུང་དུ་འདོད་དགོས་པས་ལེགས་པར་མ་མཐོང་ངོ། །

ཡང་ལ་ལས། ས་དང་པོ་ནས་དྲུག་པའི་བར་གྱིས་ཉན་རང་བློའི་སྟོབས་ཀྱི་ཟིལ་གྱིས་གནོན་མི་ནུས་པ་ནི། བྱང་སེམས་དེས་ཉན་རང་གིས་གང་སྤངས་པ་དེ་དང་། གང་རྟོགས་པ་དེ་ལས་ལྷག་པ་ཞིག་མ་སྤངས་པ་དང་མ་རྟོགས་པར་འདོད་པ་ཡང་དོན་མཐུན་མིན་ཏེ། ས་དང་པོ་ནས་དྲུག་པའི་བར་རིམ་གྱི་འགྲོ་དགོས་པ་ནི་རང་རང་གི་སྤང་བྱ་སྤོང་དགོས་པས་མིན་པར་ཐལ། གཞན་དུ་ན་ས་དང་པོ་ཐོབ་པ་དེ་ཁར་དྲུག་པ་ཡང་ཐོབ་ནུས་པར་ཐལ་བ་དང་། དེ་རྣམས་ཀྱི་སྤང་བྱ་སོ་སོ་ཡོད་པ་ཡིན་ན་ས་གཉིས་པའི་བྱང་སེམས་ཀྱིས་ཀྱང་གནོན་ནུས་པར་ཐལ་བ་དང་། ཡང་ན་ཉན་རང་གྱིས་ས་དང་པོ་ནས་ལྔ་པའི་བར་གྱི་བྱང་སེམས་རྣམས་བློའི་སྟོབས་ཀྱི་ཟིལ་གྱིས་གནོན་ནུས་པ་གང་རུང་དུ་འདོད་དགོས་པའི་སྐྱོན་སྣང་ངོ། །

བླུན་པོ་དགའ་བའི་གཞི་མིན་ཡང་། །མཁས་པའི་དགོངས་ལས་མ་འདས་ན། །

ཆོས་མཐུན་འབད་པའི་དགེ་བ་ཡིས། །སྙིང་རྗེ་ཀུན་ལ་མྱུར་ལྡན་ཤོག །

གསེར་ལུང་དགོན་འཛིན་གྱི་སློབ་གཉེར་བ་ མཁོ་ཐང་བསོད་ནམས་རྒྱལ་མཚན། ༼ཤར་གྱི་གཅེས་ཕྲུག༽ མིང་པས་བྲིས་པའོ། །

༼དཀའ་གནད་གསལ་བར་བྱེད་པ་ཟླ་བའི་དགོངས་མཐུན་ཞེས་བྱ་བ་བཞུགས་སོ། །༽[༡༢][༡༣]

[ཞུན་དག]

ཐུགས་ཀྱི་འོད་ཆེན་ཉི་མ་ཤར་བ་ལས། །ཀླུ་སྒྲུབ་ཐུགས་དགོངས་ཟེའུ་འབྲུ་གསལ་བར་བྱེད། །

སྤྲོས་པས་ཞི་བའི་ལྟ་མཆོག་ཟེའུ་འབྲུ་ནི། །ཁྱེད་མིན་སྦུབས་སུ་བཞུགས་པས་གང་ལ་འདུད། །

འཕགས་བཞིའི་གཙོ་བོར་བྱང་ཆུབ་སེམས་དཔར་གྲགས། །དེ་ཡང་རྒྱུ་གཙོ་སྙིང་རྗེ་མེད་མིན་པས། །

གཞན་རྣམས་སྡུག་ལས་བྲལ་བར་འདོད་པའི་བློ། །གང་ལ་ལྡན་པའི་སྐྱེ་བོ་རྣམས་ལ་འདུད། །

བཤད་ཚུལ་གཅིག་ལ་གོ་ཚུལ་རྣམ་མང་བས། །སྔར་གྱི་འདོད་ལ་རྩོད་པའི་ལན་འགའ་དང་། །

འགའ་ལ་རང་ལུགས་མེད་པས་དོགས་པའི་གཞིར། །གྱུར་པའང་སེལ་ཕྱིར་འདོད་ཚུལ་བརྗོད་པར་བྱ། །

       དེའང་རང་གི་བློ་ལ་བག་ཆགས་བཟང་པོ་བཞག་པ་སོགས་ཀྱི་ཕན་ཐབས་མང་པོ་ཞིག་ལ་དམིགས་ཏེ། སྔར་གཞུང་གྱི་གནད་འགའ་ཞིག་ལ་དཔྱད་པ་དམ་པའི་དགོངས་གསལ་ཞེས་བྱ་བ་ཞིག་བྲིས་པས། དེར་རྒྱུ་གསུམ་རང་ལུགས་བཞག་པའི་སྒོ་ནས་བསྟན་པ་ལ། གོ་ཚུལ་མི་མཐུན་པའི་དབང་གིས་བཀོད་པའི་རྩོད་པ་དང་། བྱང་འཕགས་ཀྱིས་ཉན་རང་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་ཚུལ་གཞན་ལུགས་དགག་པའི་སྒོ་ནས་བསྟན་པ་ལ། རང་གི་འདོད་ཚུལ་ལ་དོགས་པ་མང་བའི་གཉེན་པོར་འདིར་ཅུང་བཤད་པར་བྱ་བ་ལ།

རྒྱུ་གསུམ་རྩོད་སྤོང་གི་སྒོ་ནས་བསྟན་པ་དང་། ཉན་རང་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་ཚུལ་རང་ལུགས་བཞག་པའི་སྒོ་ནས་བསྟན་པ་གཉིས་ལས། དང་པོ་ལའང་གཉིས་ཏེ། སྙིང་རྗེའི་བཤད་པ་ཟླ་བ་རྗེས་འབྲངས་དང་བཅས་པའི་དགོངས་པ་དང་མི་འགལ་ཚུལ་དང་། རྒྱུ་གསུམ་བཤད་ཚུལ་ཀུན་མཁྱེན་ཆེན་པོ་དང་མི་མཐུན་པ་མེད་ཚུལ་བསྟན་པའོ།།

དང་པོ་ནི། གལ་ཏེ་ཁྱོད་རའི་འདོད་ཚུལ་ནི། སྙིང་རྗེ་ཡིན་ན་བློ་མངོན་འགྱུར་བ་ཞིག་ཡིན་མི་དགོས་ཤིང་། སྙིང་རྗེ་ཡོད་ན་སྙིང་རྗེའི་རྣམ་པ་དང་དམིགས་པ་དངོས་སུ་ཡོད་མི་དགོས་པ་ནི་མི་རིགས་ཏེ། འཇུག་པའི་རང་འགྲེལ་དུ། འདི་ལྟར་སྙིང་རྗེ་ཅན་ནི་གཞན་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་ཀྱིས། སེམས་ཅན་སྡུག་བསྔལ་བར་གྱུར་པ་མ་ལུས་པ་ཡོངས་སུ་བསྐྱབ་པར་བྱ་བའི་ཕྱིར། གདོན་མི་ཟ་བར་བདག་གིས་འཇིག་རྟེན་འདི་མཐའ་དག་སྡུག་བསྔལ་ནས་བཏོན་ཏེ། སངས་རྒྱས་ཉིད་ལ་ངེས་པར་སྦྱར་བས་བྱའོ་སྙམ་དུ་ངེས་པར་སེམས་སྐྱེད་པར་བྱེད་དོ། །ཞེས་དང་། ཡང་དེ་ཉིད་དུ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་དེའི་སྡུག་བསྔལ་གྱིས་སྡུག་བསྔལ་བ་དེ་ལ་ཤིན་ཏུ་སྙིང་རྗེས་དམིགས་ནས་བསྐྱབ་པར་སྤྲོ་བ་དེའི་ཕྱིར། ཞེས་དང་། ཡང་དེར། འགྲོ་བ་ཡོངས་ཀྱི་གཉེན་ཉིད་ཀྱི་རང་བཞིན་དུ་གྱུར་པ་སངས་རྒྱས་ཉིད་ཡང་དག་པར་ཐོབ་པར་འདོད་པ་ཡིན་ནོ། །ཞེས་སོགས་གསུངས་པ་དང་། མཁས་པ་གཞན་གྱིས་ཀྱང་དམིགས་རྣམ་དངོས་སུ་ཡོད་པ་ཁོ་ན་ལ་བཤད་པའི་ཕྱིར་ཞེ་ན།

དེ་དང་རང་ལུགས་ཀྱི་འདོད་པ་གཉིས་འགལ་བ་མིན་ཏེ། སྙིང་རྗེ་ཞེས་པ་ཇི་ལྟ་བུ་ཡིན། སེམས་ཅན་ལ་དམིགས་པ་དང་ཆོས་ལ་དམིགས་པ་སོགས་ཀྱི་སྙིང་རྗེའི་ཁྱད་པར་གང་ཞེས་དྲིས་ན། བདག་གིས་ཀྱང་དེ་ལྟར་བརྗོད་དགོས་པ་ཡིན་ཏེ། དཔེར་ན། སོ་སོ་སྐྱེ་བོ་ཞིག་ཉོན་སྒྲིབ་མ་སྤངས་པའི་དུས་ཇི་ཙམ་ཡིན་ན་ཡང་། དེའི་རྒྱུད་ལ་ང་རྒྱལ་ལྟ་བུའི་ཉོན་མོངས་པ་ནི་ནམ་ཡང་མེད་པ་མིན་ལ། འོན་ཀྱང་ང་རྒྱལ་དེ་མངོན་གྱུར་དུ་དུས་དང་རྣམ་པ་ཀུན་ཏུ་ཡང་ཡོད་པ་མི་སྲིད་དེ། འདོད་ཆགས་ལྟ་བུའི་ཉོན་མོངས་ཤིག་མངོན་གྱུར་དུ་སྐྱེས་ནས་དེ་དངོས་སུ་མ་སྐྱེ་བའི་དུས་དང་། དགེ་སེམས་དངོས་སུ་སྐྱེས་ནས་དེ་མ་སྐྱེ་བའི་དུས་ཤིག་སྲིད་པའི་ཕྱིར་རོ། །

དེ་ལྟར་ཡིན་ཡང་ང་རྒྱལ་ནི་འདི་ལྟ་བུ་ཞིག་ཡིན་ཞེས་བརྗོད་དགོས་ན། ངེས་པར་ང་རྒྱལ་མངོན་གྱུར་གྱི་རྣམ་པ་སོགས་བརྗོད་དགོས་པ་ལས་གཞན་དུ་ནི་མ་ཡིན་ནོ། །དེ་བཞིན་སྙིང་རྗེ་བཤད་པའི་སྐབས་འདིར་དམིགས་པ་དང་རྣམ་པ་དངོས་སུ་ཡོད་པ་ཁོ་ན་བཤད་ཅིང་། རང་གིས་སྙིང་རྗེ་ཡོད་ན་དེ་ལྟར་ཡོད་མི་དགོས་པར་བཤད་པ་ནི་མི་འགལ་བ་ཡིན་ནོ། །

གཉིས་པ་རྒྱུ་གསུམ་བཤད་ཚུལ་ཀུན་མཁྱེན་ཆེན་པོ་དང་མི་མཐུན་པ་མེད་ཚུལ་བསྟན་པ་ནི། གལ་ཏེ་ཁྱོད་རའི་ལུགས་ཀྱི་རྒྱུ་གསུམ་གྱི་གོ་རིམ་ལས། བྱང་སེམས་ལ་གཉིས་ཡོད་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་ཚོགས་ལམ་དུ་བཞུགས་པ་དེ་ཁར་སྐྱེ་བ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་ནི་གཉིས་སུ་མེད་པའི་ཡེ་ཤེས་དང་དང་པོར་སྐྱེ་བ་སྟེ། མཉམ་བཞག་ཡེ་ཤེས་ཐོག་མར་སྐྱེ་བ་དང་དུས་མཉམ་པས། ཀུན་མཁྱེན་ཆེན་པོས། གཞུང་གསུམ་གསལ་བྱེད་དུ། བྱང་སེམས་ནི། བྱང་འཕགས་ལ་ཆོས་ཉིད་ཀྱི་གནས་ལུགས་མ་མཐོང་བ་ལ་སྙིང་རྗེ་སྐྱེས་ནས། དེ་མཐོང་བར་བྱ་བའི་ཕྱིར་དམ་བཅའ་བས་རྗེས་ལ་ཐོབ་པའོ། །ཞེས་གསུངས་པ་དང་མི་མཐུན་པར་སྣང་ངོ་ཞེ་ན།

དེས་རང་གི་འདོད་པ་ལ་མི་གནོད་པ་ཡིན་ཏེ། ཀུན་མཁྱེན་ཆེན་པོས་ཀྱང་། དེ་ཉིད་དུ། དེ་ལྟ་བུའི་ཁྱད་པར་བཞི་དང་ལྡན་པའི་དམ་བཅའ་བ་ཀུན་རྫོབ་བྱང་ཆུབ་ཏུ་སེམས་བསྐྱེད་པས། ཚོགས་ཀྱི་ལམ་དུ་འཇུག་ལ། ཞེས་དང་། ཡང་། འོ་ན་གཉིས་སུ་མེད་པའི་ཤེས་པ་དེ་ས་དང་པོའི་སྔོན་རོལ་དུ་མེད་པས། ས་དང་པོ་དང་དུས་མཉམ་པས་རྒྱུ་འབྲས་མཉམ་པར་འགྱུར་རོ་སྙམ་ན་མ་ཡིན་ཏེ། ཡེ་ཤེས་དེ་སྙིང་རྗེ་ཆེན་པོའི་ཁྱད་པར་དུ་སྐྱེས་པ་ཁོ་ན་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་རྒྱུད་ལ་སྐྱེས་པ་ལ་སྐྱེས་པ་ཞེས་བཏགས་ནས། སེམས་འདི་བསྐྱེད་པས་ས་འདི་ཐོབ་བོ་ཞེས་རྟེན་འབྱུང་གི་རྒྱུ་འབྲས་སུ་འཐད་པས་རྒྱུ་འབྲས་སུ་ཁས་ལེན་ཏེ། ཞེས་གསུངས་པས་སོ། །དེས་ན་ལུང་དེའི་དགོངས་པ་ཅི་ཡིན་སྙམ་ན། འདིར་ཀུན་མཁྱེན་ཆེན་པོས་བྱང་ཆུབ་སེམས་དཔའི་རྒྱུར་གྱུར་པའི་བྱང་སེམས་ནི་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་ལ་འདོད་པར་འདྲ་སྟེ། གཉིས་སུ་མེད་པའི་ཤེས་པ་ནི་བྱང་ཆུབ་སེམས་དཔའ་དང་དུས་མཉམ་པ་ཡིན་ཡང་རྒྱུ་འབྲས་སུ་མི་འཐད་པ་མིན་ཚུལ་བཤད་ལ། གཞན་གཉིས་ལ་མ་བཤད་པའི་ཕྱིར་རོ། །

དེས་ན་ལུང་དེའི་དོན་ནི་འདི་ལྟར་ཡིན་པར་འདྲ་སྟེ། བྱང་ཆུབ་སེམས་དཔའི་རྒྱུ་གསུམ་ལས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི། བྱང་སེམས་སོ་སྐྱེ་ལ་སྔར་སྐྱེ་བ་ཡོད་ཀྱང་། བྱང་སེམས་འཕགས་པ་ལ་ཡིན་ན་རང་ཉིད་ཀྱིས་ཆོས་ཉིད་མངོན་སུམ་དུ་རྟོགས་ནས། གཞན་ཆོས་ཉིད་ཀྱི་གནས་ལུགས་མ་མཐོང་བ་ལ་སྙིང་རྗེ་སྐྱེས་ནས། དེ་མཐོང་བར་བྱ་བའི་ཕྱིར་དམ་བཅའ་བ་ལ་བརྟེན་ནས་སྐྱེས་དགོས་པས། དེ་མཉམ་བཞག་གི་གནས་སྐབས་སུ་མི་རུང་བས་རྗེས་ལ་ཐོབ་པའོ། །ཞེས་པའི་དོན་ནོ། །

གཉིས་པ་ཉན་རང་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་ཚུལ་རང་ལུགས་བཞག་པའི་སྒོ་ནས་བསྟན་པ་ལ་གཉིས་ཏེ། རང་གི་བློ་ལ་འཆར་ཚུལ་གྱི་ལུགས་ཐུན་མོང་བ་བསྟན་པ་དང་། གོང་མའི་གསུང་གི་བདུད་རྩི་ཐུན་མོང་མ་ཡིན་པ་བསྟན་པའོ།།

དང་པོ་ནི། དབུ་མ་འཇུག་པའི་རྩ་བར། དེ་ནི་རིང་དུ་སོང་བར་བློ་ཡང་ལྷག་པར་འགྱུར། །ཞེས་དང་། རང་འགྲེལ་དུ། དེའི་ཕྱིར་དེ་ལྟར་ན་རིང་དུ་སོང་བ་ཁོ་ན་ནས་ནི་བྱང་ཆུབ་སེམས་དཔས་རང་གི་བློའི་སྟོབས་བསྐྱེད་པས་ཀྱང་ཉན་ཐོས་དང་། རང་སངས་རྒྱས་དག་ཟིལ་གྱིས་གནོན་པར་འགྱུར་གྱི། ས་འོག་མ་རྣམས་སུ་ནི་མ་ཡིན་ནོ། །ཞེས་གསུངས་པས། ས་བདུན་པ་ཁོ་ན་ནས་ཉན་རང་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་པར་འཇོག་དགོས་པ་ནི་རྩོད་མེད་ཡིན་ལ།

ཟིལ་གྱིས་གནོན་པའི་རྒྱུ་མཚན་ཡང་། འཕགས་པ་ས་བཅུ་པ་ལས། ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ། །ཞེས་གསུངས་ཤིང་། ཡུལ་ཤེས་པའི་ཆེ་བ་ལ་གནས་པ་ཡང་འདིར་དབུ་མ་འཇུག་པ་ལས་སེམས་བསྐྱེད་བདུན་པ་བཤད་པའི་སྐབས། རྩ་བར། རིང་དུ་སོང་བ་འདིར་ནི་སྐད་ཅིག་དང་། །སྐད་ཅིག་ལ་ནི་འགོག་པར་འཇུག་འགྱུར་ཞིང་། །ཞེས་དང་། རང་འགྲེལ་དུ། ས་བདུན་པ་རིང་དུ་སོང་བ་འདིར་ནི་ས་དྲུག་པ་ཐོབ་པའི་འགོག་པ་དེ་ལ། བྱང་ཆུབ་སེམས་དཔའ་སྐད་ཅིག་དང་སྐད་ཅིག་ལ་སྙོམས་པར་འཇུག་པར་འགྱུར་ཏེ། ཞེས་གསུངས་པས། ས་བདུན་པ་ནས་འགོག་པ་ལ་སྐད་ཅིག་རེ་རེར་འཇུག་ལྡོག་ནུས་པས། ཉན་རང་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་ནུས་པར་འཇོག་དགོས་སོ། །

དེ་ནི་རང་ལུགས་ཀུན་མཁྱེན་ཆེན་པོའི་བཞེད་པ་དང་ཡང་ཤིན་ཏུ་མཐུན་ཏེ། འདིས་གཞུང་གསུམ་གསལ་བྱེད་དུ། རང་གི་ཡུལ་ཤེས་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པའོ། །དེའི་ཆེ་བ་ནི་ཤེས་རབ་ལ་གནས་པས་འགོག་པ་ཐོབ་ལ། དེ་ལས་སྐད་ཅིག་རེར་ལྡང་འཇུག་ནུས་པའོ། །དེ་ས་བདུན་པ་ན་ཡོད་པའི་ཕྱིར་བློའི་སྟོབས་བསྐྱེད་པས་ཟིལ་གྱིས་གནོན་ནུས་པ་དེ་ནས་འབྱུང་ངོ་། །ཞེས་གསུངས་པས། ཡུལ་ཤེས་པ་ཙམ་ནི་ས་དྲུག་པ་ན་ཡང་ཡོད་པ་ཡིན་ལ། དེའི་ཆེ་བ་ནི་སྐད་ཅིག་རེར་ལྡང་འཇུག་ནུས་པར་འཇོག་དགོས་ཤིང་། དེ་ས་བདུན་པ་ཁོ་ན་ནས་ཡིན་པས་སོ། །

དེ་ལྟར་མིན་པ་མཚན་མ་མེད་པས་འཇོག་པ་ནི་ཀུན་མཁྱེན་ཆེན་པོའི་དགོངས་པའང་མིན་ཏེ། གཞུང་གསུམ་གསལ་བྱེད་དུ། མཚན་མེད་པ་ལ་བགྲོད་པ་གཅིག་པུའི་ལམ་དང་ཉེ་ཞིང་སོ་སྐྱེའི་ས་ལས་རིང་དུ་ཕྱིན་པས་ན། ས་འདི་ལ་རིང་དུ་སོང་བ་ཞེས་བྱའོ། །ཞེས་གསུངས་པས། ཉེ་བ་ཞེས་པས་འདིར་མིན་པ་གོ་དགོས་པས་སོ། །

གཉིས་པ་གོང་མའི་གསུང་གི་བདུད་རྩི་ཐུན་མོང་མ་ཡིན་པ་བསྟན་པ་ནི། དབུ་མ་འཇུག་པའི་བཤད་པ་ནི་གཙོ་བོ་རྩ་ཤེར་དང་ས་བཅུ་པ་ལ་བརྟེན་པ་སྟེ། ལྟ་བ་རྩ་ཤེར་གྱི་དགོངས་བཞིན་དང་སྤྱོད་པ་ས་བཅུ་པའི་དགོངས་བཞིན་བསྟན་ཏོ། །དེས་ན་འདིར། དེ་ནི་རིང་དུ་སོང་བར་བློ་ཡང་ལྷག་པར་འགྱུར། །ཞེས་པ་ནི་འཕགས་པ་ས་བཅུ་པའི་དགོངས་བཞིན་ཏེ། དེ་དང་སེམས་ཙམ་པའི་གཞུང་ཆེན་རྣམས་ཀྱི་དགོངས་པ་ལྟར་ན། ས་དང་པོ་ནས་བདུན་པའི་བར་གྱི་བྱང་སེམས་རྣམས་ཀྱིས་ཉོན་སྒྲིབ་སྤངས་པ་མ་ཡིན་ཞིང་། ཉན་རང་གིས་དེ་སྤངས་པས། ས་དང་པོ་ནས་དྲུག་པའི་བར་གྱི་བྱང་ཆུབ་སེམས་དཔས་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་མི་ནུས་པ་ཡིན་ལ། ས་བདུན་པ་ནས་མ་སྤངས་ཀྱང་དེ་འགོག་པའི་ནུས་པ་ཐོབ་པས་ཟིལ་གྱིས་གནོན་ནུས་པར་འཇོག་པ་ཡིན་ནོ། །

དེས་ན་རྩ་ཤེར་གྱི་དགོངས་བཞིན་ཡིན་ན་ས་དང་པོ་ནས་ཀྱང་གནོན་ནུས་པར་འཇོག་དགོས་སོ། །དེ་ལྟར་བཤད་པ་གོང་མའི་གསུང་ནི་དོན་ཟབ་པས་བདག་བླའི་རྨོངས་པས་ཇི་བཞིན་ཇི་ལྟར་རྟོགས་ནུས། དེས་ན་འདིར་བཤད་པས་སྐུ་ཉིད་ཀྱི་དགོངས་ལས་འདས་ན་བཟོད་པར་གསོལ་ལ། འདིར་བཤད་པའང་གལ་ཏེ་གོང་མའི་ཐུགས་དགོངས་ཚད་མ་ནི་གཞན་གྱིས་ཀྱང་དཔོག་པར་ནུས་ན་སྙམ་པའི་སེམས་པས་སོ། །

སྔར་གཞུང་མཁས་པའི་བཤད་ཚུལ་ཡིན་པས་མི་འདྲ་མང་། །འོན་ཀྱང་དོན་ལ་མི་མཐུན་པ་ནི་ག་ལ་སྲིད། །

འདིར་ཡང་བཤད་ཚུལ་རྒྱལ་བའི་གསུངས་དང་མི་མཐུན་ཡང་། །དོན་ལོག་མེད་ན་སྐལ་ལྡན་བུང་བའི་སྦྲང་ཆར་འགྱུར། །

ཞེས་པའི་སྨོན་ཚིག་དང་བཅས་སྔར་དམ་པའི་དགོངས་གསལ་དང་འདིར་ཟླ་བའི་དགོངས་མཐུན་ཞེས་བྱ་བ་གཉིས། རང་ལུགས་གནམ་ལོ་ཤིང་ཕོ་འབྲུག་ལོ་ཟླ་བཞི་པའི་ཚེས་དགུ། སྤྱི་ལོ་ ༡༧/༠༥/༢༠༢༤ ལ་དགེ་མིང་འཛིན་པ་མཁོ་ཐང་བསོད་ནམས་རྒྱལ་མཚན་(ཤར་གྱི་གཅེས་ཕྲུག)མིང་པས། གསེར་ལུང་དགོན་འཛིན་འདུས་སྡེ་ལུང་རྟོགས་ཆོས་གླིང་དུ་དབུ་མ་འཇུག་པ་ཞུ་སྐབས་བྲིས་པ་དགེ་ལེགས་སུ་གྱུར་ཅིག

རྩོམ་ཤོག་གི་རིགས། བརྡ་སྤྲོད་ཀྱི་སྐོར།

[ཞུན་དག]

༼རྨོངས་པའི་མུན་གསལ།༽

[ཞུན་དག]

མཆོད་བརྗོད། འཇམ་པའི་དབྱངས་དང་དབྱེར་མེད་པའི་ཐོན་མི་ཁྱེད་ལ་གུས་པས་ཕྱག་འཚལ་ལོ། ། ཅེས་མཆོད་བརྗོད་སྔོན་དུ་སོང་ནས་འདིར་བྱ་ཚིག་གི་་ངོ་བོའི་སྒོ་ནས་འཕྲོས་ཏེ་བྱེད་འབྲེལ་ལས་ཚིག་དང་བྱེད་ མེད་ལས་ཚིག་སྐོར་ལ། ༡༽འཕྲོས་གཞུང༌། ༢༽མིང་གི་རྣམ་གྲངས། ༣༽སྒྲ་བཤད། ༤༽ངོ་བོ། ༥༽དཔེར་ བརྗོད། ༦༽དབྱེ་བ། ༧༽ཁྱད་པར་བཤད་པ། ༨༽བཅུད་སྡོམས་དང་བརྒྱད་ལས།[༢༧]

དང་པོ་འཕྲོས་གཞུང་ནི། རྟགས་ཀྱི་འཇུག་པ་ལས། ཅི་ཕྱིར་འཇུག་པར་བྱེད་ཅེ་ན། །ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདག་ད་མ་འོངས་ཕྱིར། །ཤིན་ཏུ་མོ་ནི་མཉམ་ཕྱིར་ རོ། །ཞེས་པས་བསྟན་པ་དང༌། སི་ཏུའི་དགོངས་རྒྱན་ལས། བྱ་བའི་ལས་དང་བྱེད་པོ་གཉིས། །དངོས་སུ་འབྲེལ་ ལ་བདག་གཞན་དབྱེ། །ཞེས་པ་དངོས་སུ་བྱེད་འབྲེལ་ལས་ཚིག་བསྟན་པ་དང་ཤུགས་ཀྱིས་བྱེད་མེད་ལས་ཚིག་ བསྟན་ནོ། །དཀའ་གནད་གསལ་བའི་མེ་ལོང་ནས། བྱེད་འབྲེལ་ལས་ཚིག་ནི། ལས་གང་ཞིག་ལ་བྱེད་པ་ པོ། །གཞན་དང་དངོས་སུ་འབྲེལ་བ་ཡི། །ཞེས་དང༌། བྱེད་མེད་ལས་ཚིག་ནི། དེ་བཞིན་བྱེད་པ་པོ་གཞན་ དང༌། །དངོས་སུ་འབྲེལ་མིན་ཇི་ལྟར་ཡང༌། །ཅེས་པས་བསྟན་ནོ། །

གཉིས་པ་མིང་གི་རྣམ་གྲངས་ནི། བྱེད་འབྲེལ་ལས་ཚིག་དང་བྱེད་འབྲེལ་བྱ་ཚིག་གཉིས་དོན་གཅིག བྱེད་མེད་ལས་ཚིག་དང་བྱེད་མེད་བྱ་ཚིག་གཉིས་དོན་གཅིག་མིང་གི་རྣམས་གྲངས་མིང་གི་རྣམས་གྲངས་ཡིན།

གསུམ་པ་སྒྲ་བཤད་ནི། བྱེད་འབྲེལ་ལས་ཚིག་ནི། བྱེད་་་་་་་། བྱེད་པ་པོའམ་བྱེད་པ་ལ་གོ འབྲེལ་་་་་་། གཅིས་གིས་གཅིས་ལུ་འབྲེལ་བ་འབད་ནི། ལས་་་་། བྱ་བ། ལཱ། ཚིག་་་་་་་་། སྒྲའམ་སྐད། རྣ་ཤེས་ཀྱིས་མཉན་བྱའོ། །བྱེད་མེད་ལས་ཚིག་ནི། བྱེད་་་་་། བྱེད་པ་པོའམ་བྱེད་པ་གང་རུང༌། མེད་་་་་་་། མ་འབྲེལ་བ། མ་བརྟེན་པ། ལས་་་་་་། བྱ་བ། ལཱ། ཚིག་་་་་༌། སྒྲ། སྐད། རྣ་ཤེས་ཀྱིས་མཉན་བྱའོ། །

བཞི་པ་ངོ་བོའམ་མཚན་ཉིད་ནི། བྱེད་འབྲེལ་ལས་ཚིག་ནི། བྱ་བ་གང་ཞིག་བྱེད་པའི་ཚེ་བྱེད་པ་པོ་གཞན་ཞིག་ལ་དངོས་སུ་འབྲེལ་བའི་ལས་ཚིག བྱེད་མེད་ལས་ཚིག་ནི། བྱ་བ་གང་ཞིག་བྱེད་པའི་ཚེ་བྱེད་པ་པོ་གཞན་ཞིག་ལ་དངོས་སུ་མ་འབྲེལ་བའི་ལས་ཚིག

ལྔ་པ་དཔེར་བརྗོད་ནི། བྱེད་འབྲེལ་ལས་ཚིག་ནི། དཔེར་ན། ཆོས་གསུངས། ཡུལ་མཐོང༌། ཆུ་བཀང་། ཤིང་གཅོད་དོ། །བྱེད་མེད་ལས་ཚིག་ནི། དཔེར་ན། ཉི་མ་ཤར། ཆར་པ་ཆད། ཆུ་འཁྱིལ། ཆུ་སོགས་གང༌། ཤིང་ཆག ཤིང་གྱལ་སོཊ་ལྟ་བུའོ།

དྲུག་པ་དབྱེ་བ་ནི། བྱེད་པ་པོ་གཙོ་བོ་དང་འབྲེལ་བའི་བྱེད་འབྲེལ་ལས་ཚིག་དང༌། བྱེད་པ་པོ་ཕལ་པ་དང་འབྲེལ་བའི་བྱེད་འབྲེལ་ལས་ཚིག་གཉིས་སོ། །དང་པོ་ལ་གཉིས། སེམས་ལྡན་སྨྲ་ཤེས་དོན་གོ་བའི་བྱེད་འབྲེལ་ལས་ཚིག་ནི། སློབ་ཕྲུག་གིས་ཡི་གེ་བྲི། བཙན་སྐྱོགས་ཀྱིས་རྐང་རྩེད་རྩེད། རྒྱལ་པོས་དངུལ་གནང༌ལྟ་བུའོ། །སེམས་ལྡན་སྨྲ་ཤེས་དོན་གོ་བ་མིན་པའི་བྱེད་འབྲེལ་ལས་ཚིག་ནི། ནོར་སེམས་ཅན་གྱིས་རྩ་ཟ། གཉིས་པ་ལ། སེམས་ལྡན་མ་ཡིན་པའི་བྱེད་འབྲེལ་ལས་ཚིག་ནི། དཀར་གསལ་ཟླ་བས་མུན་པ་སེལ། ལས་ངན་གྱིས་ངན་འགྲོ་བཏུང༌། ཆུ་ཡིས་སྐོམ་སྡུག་སེལ་ལྟ་བུའོ། །བྱེད་མེད་ལས་ཚིག་ལ་དབྱེ་བ་བཞི༡༽བྱེད་པ་པོ་གཏན་ནས་མི་སྣང་བའི་བྱེད་མེད་ལས་ཚིག་ནི། ཆར་བབས། ཆུ་འཁྱིལ། ཟླ་བ་ཚེས་ལྟ་བུ། ༢༽ བྱེད་པ་པོ་མི་ནས་གཞན་མི་སྣང་བའི་བྱེད་མེད་ལས་ཚིག་ནི། མི་རྣམས་ཉལ། མལ་ནས་ཡར་ལངས། སློབ་དཔོན་གདན་ཁར་བཞུགས་ལྟ་བུ། ༣༽བྱེད་པ་པོ་གཞན་དངོས་སུ་མི་སྣང་བའི་བྱེད་མེད་ལས་ཚིག་ནི། ས་ཆད། ཆུ་འཁོལ། ལྕགས་གསེར་དུ་འགྱུར་ལྟ་བུ། ༤༽ བྱེད་པ་པོའི་་རྩོལ་བ་ལས་མི་སྣང་བའི་བྱེད་མེད་ལས་ཚིག་ནི། རྡོ་ཡིས་མ་ཎི་དུང་འཁོར་བསྐོར་ནས་འཁོར། རྣ་བས་སྒྲ་ཐོས། ཁོ་བས་ཆུ་བསྐོལ་ནས་འཁོལ་ལྟ་བུའོ། །

བདུན་པ་ཁྱད་པར་ནི། བྱ་བའི་ལས་དང་བྱེད་པ་པོ་གཉིས་སོ་སོར་ཕྱེ་ཚུགས་ན་བྱེད་འབྲེལ་ལས་ཚིག་་དང༌། སོ་སོར་དབྱེ་བ་ཕྱེ་མ་ཚུགས་ན་བྱེད་མེད་ལས་ཚིག་གི་བྱ་བ་ཅིག་ལ་གཞིར་བཞག་སྟེ། བྱ་བ་ལ་དྲི་བ་གཉིས་གཏང་དགོས། འདི་ཡང་ སུས་བྱེད། གང་གིས་བྱེད་ཟེར་དྲི་བ་གཉིས་ཀྱི་ལེན་ཐོབ་ན་བྱེད་འབྲེལ་ལས་ཚིག་སྟེ་དཔེར་ན། དངུལ་སོགས་ལེན་ན་སུས་ལེན་ནམ་གང་གིས་ལེན་འདུག་ཞེས་ན་ཀུན་ལེགས་ཀྱིས་ལེན། ཅི་ལེན་ནམ་ག་ཅིག་ལེན་ཞེས་ན་དངུལ་ལེན་ཞེས་པའོ། །འདིའི་ལན་མ་ཐོབ་ན་བྱེད་མེད་ལས་ཚིག་ཅེས་བཞག་དགོས་པ་ངེས། དཔེར་ན། ཆུ་འཁྱིལ་ལྟ་བུ་ཚོན་ན་ག་གི་འཁྱིལ་ཆུ་ཡིས་འཁྱིལ། ག་ཅི་འཁྱིལ། འདི་ལེན་མེད་པས་བྱེད་མེད་ཞེས་གོ་དགོས། མདོར་ན་འབྲུག་སྐད་དུ་ ༼ག་གི་དང་ ག་ཅི་༽ ཟེར་དྲི་བ་གཉིས་ཀྱི་ལན་ཡོད་མེད་ལུ་ལྟ་དགོ། དཔེར་ན་ག་གིས་གསུངས་ནུག་ མཁན་པོ་གིས་གསུངས་ཡི། ག་ཅི་གསུངས་ཡི། བཀའ་སློབ་གསུངས་ཡི་ཟེར་ལན་ཐོབ་པ་ཅིན་བྱེད་འབྲེལ་ལས་ཚིག་དང༌། ག་གི་འཁྱིལ་ཡི་  ཆུ་གིས་འཁྱིལ་ཡི། ག་ཅི་འཁྱིལ་ཡི་ཟེར་སླབ་ད་ལན་མེད་པ་ཅིན་བྱེད་མེད་ལས་ཚིག་ལུ་ཆ་བཞག་དགོཔ་ཨིན་མས།

བརྒྱད་པ་ནི། བཅུད་སྡོམས་ནི།བྱ་བ་གང་ཞིག་བྱེད་པའི་ཚེ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ལས་ཚིག་འདི་བྱེད་འབྲལ་ལས་ཚིག་དང༌། དངོས་སུ་མ་འབྲེལ་བ་འདི་བྱེད་མེད་ལས་ཚིག་ལ་བཞག་དགོས་སོ། །[༢༧]

སླར་སྨྲས་པ་ནི། གང་གི་རིགས་གཞུང་ཆུ་གཏེར་རྒྱ་མཚོ་ནས། །བློ་དམན་ཁོ་བོས་ཆུ་ཐིག་ལེན་པ་ན། །བློ་ལྡན་མཁས་པས་གཟིགས་ནས་རྒོད་བྲོ་ཡང༌། །བྱིས་པ་བདག་གིས་ཤེས་རབ་འཕེལ་བ་སྨོན། །ཞེས་པའང་སློབ་གཉེར་བ་རིག་འཛིན་རྡོ་རྗེས་བྲིས་པའོ། །སྤྱི་ཚེས་ ༣༡/༠༧/༢༠༢༤ ལ་ཡོངས་འབྲེལ་ཐོག་ཏུ་སྤེལ་ཡོད།

༼ ཚོགས་གསུམ་གསལ་བྱེད། ༽

[ཞུན་དག]

ཚོགས་གསུམ་གྱི་སྐོར་ཞུ་བ་ལ། ཚོགས་གསུམ་གྱི་ངོས་འཛིན་དང་། ཚོགས་གསུམ་སོ་སོའི་ངོ་བོ་གཉིས་ལས། དང་པོ་ཚོགས་གསུམ་གྱི་ངོས་འཛིན་ནི། སྤྱིར་བཏང་རྒྱབ་ཁབ་དང་མི་རིགས་ཞེས་པ་ཞིག་ཆགས་ཚར་བ་ནས་བཟུང་མི་རིགས་དེ་དག་ཕན་ཚུན་གཏམ་གླེང་བ་དང་། ཕན་ཚུན་གོ་བརྡ་སྤྲོད་པར་བྱེད་པའི་སྐད་རིགས་ཞེས་པ་ཞིག་ཆགས་ཡོད་པ་ནི་ཐེ་ཚོམ་དང་བྲལ་བའི་གནས་ཤིག་ཡིན། སྐད་རིགས་དེ་དག་ཀྱང་ཚོགས་གསུམ་ལས་མ་གྲུབ་པ་ཞིག་མེད་པས། གལ་སྲིད་ཁྱོད་སྐད་རིགས་ལ་མཁས་པར་འདོད་མཁན་ཞིག་ཡིན་ཚེ་ཚོགས་གསུམ་གྱི་རྣམ་བཞག་ནི་མ་ཤེས་ཀ་མེད་ཅིག་ཡིན། དེ་བས་ན་འདིར་ཚོགས་གསུམ་གྱི་རྣམ་བཞག་མདོ་ཙམ་ཞིག་གླེང་བར་བྱ་བ་ཡིན། [༢༨]

དེ་ཡང་ཚོགས་གསུམ་ཞེས་པ་ངོས་འཛིན་ཚུལ་མི་འདྲ་བ་དུ་མ་ཡོད་དེ། ཡི་གེ་དང་། མིང་དང་། ཚིག་བཅས་གསུམ་པོ་དེ་རྣམས་ནི། སུམ་ཅུ་པ་ལས། ཅི་ཕྱིར་འཇུག་པར་བྱེད་ཅེ་ན། །ཡི་གེའི་ཁོངས་ནས་མིང་དབྱུང་སྟེ། །མིང་གི་ཁོངས་ནས་ཚིག་ཕྱུང་ནས། །ཚིག་གིས་དོན་རྣམས་སྟོན་པར་བྱེད། །ཅེས་པའི་སྐབས་ནས་སྟོན་པའི་ཚོགས་གསུམ་དང་། མིང་དང་། ཚིག་དང་། བརྗོད་པ་གསུམ་ནི། སུམ་ཅུ་པ་ལས། མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཞེས་པའི་སྐབས་ནས་སྟོན་པའི་ཚོགས་གསུམ་དང་། མིང་གི་ཚོགས་དང་། ཕྲད་རྣམ་དབྱེའི་ཚོགས་དང་། བྱ་བའི་ཚིག་གི་ཚོགས་བཅས་དེ་གསུམ་ནི། རྟགས་འཇུག་ཀྱི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ་ལས། བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་དེ་དག་ནི་སྤྱིར་བཏང་བཤད་ན་མིང་གི་ཚོགས་དང་། ཕྲད་རྣམ་དབྱེའི་ཚོགས་དང་། བྱ་བའི་ཚིག་གི་ཚོགས་བཅས་གསུམ་ལས་གྲུབ་པ་ཞིག་ཡིན་པས། དེ་གསུམ་གྱི་མ་ཁྱབ་པའི་བརྗོད་པ་ནི་བོད་ཀྱི་བརྡ་ལ་མེད་པ་ཐོག་མར་བློ་ལ་ངེས་དགོས་པ་གལ་ཆེ། ཞེས་པའི་སྐབས་ནས་སྟོན་པའི་ཚོགས་གསུམ་སྟེ། ཚོགས་གསུམ་གྱི་ངོས་འཛིན་མི་འདྲ་བ་རྣམ་པ་གསུམ་ཡོད་པ་ལས། འདིར་དང་པོ་གཉིས་རེ་ཞིག་བཏང་སྙོམས་སུ་བཞག་ནས་ལུགས་གསུམ་པའི་དབང་དུ་བཏང་ནས་ཞུ་བར་བྱ་བ་ཡིན་ནོ།།

གཉིས་པ་ཚོགས་གསུམ་སོ་སོའི་ངོ་བོ་ལ། མིང་གི་ཚོགས་དང་། ཕྲད་རྣམ་དབྱེའི་ཚོགས་དང་། བྱ་བའི་ཚིག་གི་ཚོགས་བཅས་གསུམ་ལས། དང་པོ་མིང་གི་ཚོགས་ལ། ངོ་བོ་དང་། དབྱེ་བ། ལྡང་ཚད་གསུམ་ལས། དང་པོ་ངོ་བོ་ནི། དེ་ལ་དང་པོ་ཉིད་ནས་བློ་ལ་ངེས་དགོས་པ་ནི། མིང་ཚིག་བརྗོད་པ་གསུམ་གྱིས་ཟླས་ཕྱེ་བའི་མིང་དང་། སྐབས་འདིའི་མིང་གི་ཚོགས་གཉིས་ལ་ཁྱད་པར་ཡོད་པ་འདི་ཡིན་ཏེ། དང་པོ་ནི་དོན་གྱི་ངོ་བོ་ཙམ་བྱེད་ཀྱི་སྒྲ་ཙམ་ལ་གོ་ཆོག་ལ། གཉིས་པ་ནི་དེ་ཙམ་གྱིས་མི་ཆོག་པར་ཁྱད་ཆོས་དེའི་སྟེང་བྱ་ཚིག་གཏན་ནས་མིན་པ་ཞིག་དགོས། དེ་ཡང་འགྲོ་ཞེས་པའི་བྱ་ཚིག་གི་ཐོག་ནས་ཞུས་ན། འགྲོ་ཞེས་པའི་བྱ་ཚིག་དེ་རྐང་པས་འདེགས་འཇོག་བྱེད་པའམ་གོམ་པ་སྤོ་བའི་བྱ་བ་དེའི་ངོ་ཙམ་སྟོན་བྱེད་ཡིན་པས། མིང་ཚིག་བརྗོད་པ་གསུམ་གྱིས་ཟླས་ཕྱེ་བའི་མིང་བཞག་ཆོག་ལ། བྱ་བ་སྟོན་བྱེད་ཀྱི་སྒྲ་ཡིན་པས་སྐབས་འདིའི་མིང་གི་ཚོགས་སུ་མི་རུང་བ་ཡིན་ནོ། །དེས་ན་སྐབས་འདིའི་མིང་གི་ཚོགས་ཀྱི་ངོ་བོ་ནི་འབྲོང་ངུར་ཆོས་རྗེས་བཤད་པ་ལྟར། བྱ་ཚིག་མ་ཡིན་ཞིང་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲའོ། །

གཉིས་པ་དབྱེ་བ་ནི། མིང་ལ་དབྱེ་ན་ཆོས་བརྗོད་པའི་མིང་དང་། ཆོས་ཅན་བརྗོད་པའི་མིང་གཉིས། དང་པོ་ནི་ཁྱད་ཆོས་བརྗོད་པའི་མིང་སྟེ། དཔེར་ན། མཛེས། ཁྲོ། མཚར། ཞེས་པ་ལྟ་དང་། གཉིས་པ་ནི་ཁྱད་གཞི་བརྗོད་པའི་མིང་སྟེ། དཔེར་ན། སངས་རྒྱས། སློབ་དཔོན། དམ་ཆོས། ཞེས་པ་ལྟ་བུའོ། །ཚིག་གཞན་གྱིས་ཞུས་ན། ཆོས་བརྗོད་པའི་མིང་ནི་ཨིན་ཇིའི་བརྡ་སྤྲོད་ལས་བཤད་པའི་ Adjective ཞེས་པ་འདི་ཆགས་ཡོད་པ་དང་། ཆོས་ཅན་བརྗོད་པའི་མིང་ནི་ཨིན་ཇིའི་བརྡ་སྤྲོད་ལས་བཤད་པའི་ Noun ཞེས་པ་འདི་ཆགས་ཡོད་པ་ཡིན།

གསུམ་པ་མིང་གི་ལྡང་ཚད་ནི། དེ་ལ་ཡི་གེ་རྐྱང་པས་མིང་འགྲུབ་པ་དང་། ཡི་གེ་ཚོགས་པས་མིང་འགྲུབ་པ་གཉིས་ལས། དང་པོ་ནི། ཟས་ཟ་བ་དང་གཏམ་སྨྲ་བའི་སྒོ་ལ་ཁ་ཞེས་པ་ལྟ་བུ་དང་། །གཉིས་པ་ནི། ཡི་གེ་ ་ དང་། ་ དང་། ་ གསུམ་ཚོགས་པ་ལས་བཟང་ཞེས་པའི་མིང་གྲུབ་པ་ལྟ་བུའོ། །འོ་ན་གསལ་བྱེད་དང་ཡི་གེ་རྐྱང་པས་གྲུབ་པའི་མིང་གཉིས་ལ་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། དེ་གཉིས་བརྗོད་པའི་ཚེ་སྒྲ་གདངས་ཀྱི་སྒོ་ནས་ཁྱད་པར་མེད་ཀྱང་། བརྗོད་པ་པོའི་ཞེ་འདོད་ཀྱི་སྒོ་ནས་ཁྱད་པར་ཕྱེ་དགོས་ཏེ། དཔེར་ན་ཁ་ཞེས་པའི་ཡི་གེ་ལ་དཔེར་བཞག་ནས་ཞུས་ན། གང་ཟག་གང་ཡང་རུང་བས་ཟས་ཟ་བའི་སྒོ་དང་གཏམ་སྨྲ་བའི་སྒོ་ལ་ཞེ་འདོད་ཀྱིས་ཀུན་ནས་བླངས་ཏེ་ཁ་ཞེས་བརྗོད་པ་ཡིན་ན། དེ་ནི་ཡི་གེ་རྐྱང་པས་གྲུབ་པའི་མིང་ཡིན་གྱི་གསལ་བྱེད་མ་ཡིན་ལ། གང་ཟག་གང་ཡང་རུང་བས་སྡེ་པ་དང་པོ་ཀ་སྡེའི་གཉིས་པ་ལ་ཞེ་འདོད་ཀྱིས་ཀུན་ནས་བླངས་ཏེ་ཁ་ཞེས་བརྗོད་པ་ཡིན་ན། དེ་ནི་གསལ་བྱེད་ཡིན་པ་ལྟ་བུའོ། །ཡང་ན་དེ་གཉིས་ཀྱི་ཁྱད་པར་ནི་ཚིག་གྲོགས་ཀྱི་སྟོབས་ཀྱིས་ཤེས་ཐུབ་སྟེ། དཔར་ན། བདག་གི་དྲན་ཅན་གྱི་མ་ཡིས་བདག་ལ་ཤིན་ཏུ་གཅེས། ཞེས་པའི་སྐབས་ནས་བསྟན་པའི་མ་དེ། ཚིག་གྲོགས་ཀྱི་སྟོབས་ཀྱིས་མཐའ་གཅིག་ཏུ་བདག་རང་ཉིད་སྐྱེད་བྱེད་ཀྱི་གང་ཟག་ལ་གོ་དགོས་པ་མ་གཏོགས། གསལ་བྱེད་ནང་གསེས་ཀྱི་མ་དང་། སྐྱེད་བྱེད་ཀྱི་མ་གང་ཡིན་ལ་དོགས་སའི་གནས་མེད་པ་ལྟ་བུའོ། །

གཉིས་པ་ཕྲད་རྣམ་དབྱེའི་ཚོགས་བཤད་པ་ལ། སོ་སོའི་གོ་དོན། སོ་སོའི་དབྱེ་བ་། རྣམ་དབྱེ་དང་ཕྲད་ཀྱི་ཁྱད་པར་གསུམ་ལས། དང་པོ་ཕྲད་དང་རྣམ་དབྱེའི་གོ་དོན་ནི། ཐོན་མིའི་ཞལ་ལུང་ལས། ཆོས་གང་ཡང་རུང་བ་ཞིག་གི་མིང་ཚིག་དེ་གཞན་དང་མ་འདྲེས་པར་རྣམ་པར་ཏེ་སོ་སོར་དབྱེ་ཞིང་འབྱེད་ནུས་པའི་སྒྲའི་ཆ་ཤས་སུ་གྱུར་པའི་ཚིག་ཕྲད་ཅིག་ལ་རྣམ་དབྱེ་ཞེས་བྱ་སྟེ། ཞེས་དང་། ཡང་དེ་ཉིད་ལས། མིང་ཚིག་གཅིག་གམ་དུ་མའི་ཐོག་མཐའ་བར་གསུམ་ཅི་རིགས་ཀྱི་གནས་སུ་ཕྲད་ཀྱི་སྒྲ་དེ་སྦྱར་བ་ན་དོན་ཞིག་སྟོན་ལ། དེ་ལྟར་མ་སྦྱར་བའི་ཕྲད་ཀྱི་སྒྲ་རྐྱང་བ་དེས་སྤྱི་བམ་པ་ཞིག་ལས་དོན་གསལ་བོ་གང་ཡང་མི་སྟོན་ནོ། །དེ་འདྲ་བ་ལ་ཚིག་ཕྲད་ཅེས་ཟེར་བ་ཡིན། ཞེས་གསུངས་པ་ལྟར་རོ། །

གཉིས་པ་དབྱེ་བ་ནི། ཕྲད་དང་རྣམ་དབྱེ་གཉིས་ལས་དང་པོ་ཕྲད་ཀྱི་དབྱེ་བ་ནི། ཕྲད་གཞན་དབང་ཅན་དང་། ཕྲད་རང་བ་ཅན་གཉིས་སོ། །དང་པོ་ལ་དབྱེ་ན། སླར་བསྡུ། ལ་དོན། ཨི་ལྡན། རྒྱན་སྡུད། ལྷག་བཅས། འབྱེད་སྡུད། འབྱུང་ཁུངས། བོད་སྒྲ་བཅས་བརྒྱད་དང་། གཉིས་པ་ལ་དབྱེ་ན། ནི་སྒྲ། དང་སྒྲ། དེ་སྒྲ། གང་སྒྲ། བདག་སྒྲ། དགག་སྒྲ་བཅས་དྲུག་ཡོད་པ་ཡིན་ནོ། །དེ་ཡང་སུམ་ཅུ་པའི་དངོས་བསྟན་གྱི་ཕྲད་ཙམ་ཡིན་གྱི་ཕྲད་ཡིན་ན་དེ་ཙམ་ལ་གྲངས་ངེས་པ་ནི་མ་ཡིན་ཏེ། ལེགས་བཤད་ལྗོན་དབང་ལས་སྟོན་པའི་ཚིག་ཕྲད་ཞིང་སོགས་དེར་བསྡུ་མི་ཐུབ་པའི་ཕྱིར་རོ། །འོ་ན་ཕྲད་རང་བ་ཅན་དང་གཞན་དབང་ཅན་གཉིས་ཀྱི་ཁྱད་པར་ཅི་ཡིན་ཞེ་ན། རྗེས་འཇུག་ལ་ལྟོས་ནས་སྦྱར་མི་དགོས་པར་རང་སྟོབས་ཀྱིས་གང་བདེར་སྦྱར་རུང་བ་ནི་ཕྲད་རང་བ་ཅན་དང་། དེའི་ལྡོག་ཕྱོགས་ནི་གཞན་དབང་ཅན་ཡིན་ནོ། །གཉིས་པ་རྣམ་དབྱེ་ལ་དབྱེ་ན་བརྒྱད་དེ། དང་པོ་ངོ་བོ་མིང་ཙམ་སྟོན་པ། གཉིས་པ་ལས་སུ་བྱ་བ། གསུམ་པ་བྱེད་སྒྲ། བཞི་པ་དགོས་ཆེད། ལྔ་པ་འབྱུང་ཁུངས། དྲུག་པ་འབྲེལ་སྒྲ། བདུན་པ་རྟེན་གནས། བརྒྱད་པ་བོད་སྒྲ་བཅས་སོ། །ཕྲད་དང་རྣམ་དབྱེའི་དབྱེ་བ་རེ་རེའི་ངོ་བོ་སོགས་འདིར་ཞུ་འདོད་ཡོད་ཀྱང་དུས་ཚོད་ཀྱིས་མི་ལྡང་བས་ཞུ་ཐུབ་པ་བྲལ་ཏོ། །

གསུམ་པ་ཕྲད་དང་རྣམ་དབྱེའི་ཁྱད་པར་ནི། དེ་གཉིས་ལ་མུ་བཞིའི་སྒོ་ནས་ཁྱད་པར་བཞག་རུང་སྟེ། དང་པོ་ཕྲད་ཡིན་ལ་རྣམ་དབྱེ་མ་ཡིན་པ་ནི། ཕྲང་རང་བ་ཅན་རྣམས་དང་། སླར་བསྡུ། རྒྱན་སྡུད། ལྷག་བཅས། འབྱེད་སྡུད་རྣམས་སོ། །གཉིས་པ་རྣམ་དབྱེ་ཡིན་ལ་ཕྲད་མ་ཡིན་པ་ནི། རྣམ་དབྱེ་དང་པོ་ངོ་བོ་མིང་ཙམ་སྟོན་པ། གསུམ་པ་ཕྲད་དང་རྣམ་དབྱེ་གཉིས་ཀ་ཡིན་པ་ནི། ལ་དོན། ཨི་ལྡན། འབྱུང་ཁུངས། བཞི་པ་གཉིས་ཀ་མ་ཡིན་པ་ནི་སླའོ། །

གསུམ་པ་བྱ་བའི་ཚིག་གི་ཚོགས་ཞུ་བ་ལ། བསྟན་བྱ་བྱ་བའི་སྐོར་དང་། སྟོན་བྱེད་བྱ་ཚིག་གི་སྐོར་གཉིས་ལས། དང་པོ་ནི། བྱ་བ་དང་བྱ་ཚིག་གཉིས་ནི་བསྟན་བྱ་སྟོན་བྱེད་ཀྱི་འབྲེལ་བ་གྲུབ་པ་ཞིག་ཡིན་པས། བྱ་བའི་རྣམ་བཞག་འདི་དག་ནི་བྱ་ཚིག་གི་སྐོར་གསལ་བར་རྟོགས་པ་ལ་ཐོག་མར་ངེས་པར་དུ་བློ་ལ་ངེས་དགོས་པའི་ཆ་རྐྱེན་ཞིག་ཡིན། དེ་བས་ན་བྱ་ཚིག་གི་རྣམ་བཞག་མ་བཤད་པའི་སྔར་བྱ་བའི་སྐོར་བཤད་པ་ནི་ཤིན་ཏུ་ནས་ཀྱང་ངོས་ཞིང་འཚམས་པ་ཞིག་ཡིན་སྙམ་མོ། །

སྤྱིར་བཏང་ཤེས་བྱའི་རྣམ་བཞག་གང་ཞིག་ཡིན་ན་ཡང་འཇིག་རྟེན་པས་ཁས་ལེན་ཚུལ་དང་། བསྟན་བཅོས་ཀྱི་སྐབས་སུ་ཁས་ལེན་ཚུལ་རྣམ་པ་གཉིས་ཡོད་པ་ཡིན། བྱ་བའི་དབང་དུ་བཏང་ན་འཇིག་རྟེན་པས་ཁས་ལེན་པའི་བྱ་བ་དང་། བསྟན་བཅོས་ཀྱི་སྐབས་སུ་ཁས་ལེན་པའི་བྱ་བ་སྟེ། གཞི་གཅིག་གི་སྟེང་དུ་ཁས་ལེན་ཚུལ་མི་འདྲ་བ་རྣམ་པ་གཉིས་ཡོད་པ་ཡིན། འོ་ན་འཇིག་རྟེན་པས་ཁས་ལེན་པའི་བྱ་བ་ནི་གང་། བསྟན་བཅོས་ཀྱི་སྐབས་སུ་ཁས་ལེན་པའི་བྱ་བ་ནི་གང་ཞེ་ན། དང་པོ་ནི། བྱ་ཚིག་གི་རྣམ་བཞག་ལག་ལེན་བཅུད་བསྡུས་ཆེན་མོ་ལས། དེ་ཡང་འཇིག་རྟེན་ཡོངས་གྲགས་ཀྱི་ཐོག་ནས་བསམ་ན། ཚོང་ལས་གཉེར་བདང་། ཁང་པ་རྒྱག་པ། ཞིང་ཁ་རྨོ་བ། ལོ་རྟོག་འདེབས་པ། ཚོགས་འདུ་འཚོག་པ། གཏམ་བཤད་བྱེད་པ། ཅ་དངོས་དབོར་འདྲེན་བྱེད་པ་སོགས་ལ་བྱ་བ་ཞེས་ངོས་འཛིན་བྱེད་པ་ལས། ཉལ་བ་དང་། ལང་བ། སྡོད་པ། ཟས་ཟ་བ། སྐོམ་འཐུང་བ། མེ་འབར་བ། ཤིག་འཚིག་པ། ཉི་མ་ཤར་བ། ཉི་མ་ནུབ་པ། ཆར་འབབ་པ། རྩ་སྐྱེས་པ། ལོ་མ་རླུང་གིས་གཡོ་བ་སོགས་ལ་ནི་བྱ་བ་ཞེས་གཏན་ནས་མི་བརྗོད་པ་ཡིན། ཞེས་གསུངས་པ་ལྟར་རོ། །དཔེར་བརྗོད་དེ་རྣམས་ལས་གསལ་བར་གོ་ཐུབ་པ་ནི། འཇིག་རྟེན་ཡོངས་གྲགས་ཀྱི་བྱ་བའི་སྐབས་སུ་ངེས་པར་དུ་བྱེད་པ་པོ་གང་ཟག་ཅིག་ཚང་དགོས་པ་འདི་ཡིན། བྱེད་པ་པོ་གང་ཟག་ཅིག་ཚང་ཡང་དེའི་སྟེང་གི་ལས་ཀ་དེ་བྱེད་མེད་ཀྱི་ལས་ཀ་ཞིག་ཡིན་ཚེ། དེ་ནི་འཇིག་རྟེན་པས་ནམ་དུ་ཡིན་ན་ཡང་བྱ་བ་ཉིད་དུ་ཁས་མི་བླངས་སྙམ་སྟེ། དེ་ནི་ཁོ་བོའི་བསམ་ཚུལ་ཙམ་ཡིན་གྱི་མཁས་ལྡན་དག་གིས་དཔྱོད་རོགས་ལགས།

གཉིས་པ་བསྟན་བཅོས་ཀྱི་སྐབས་སུ་ཁས་ལེན་པའི་བྱ་བ་ནི། སྐབས་འདིར་བསྟན་བཅོས་ཞེས་པ་རྟགས་འཇུག་ལ་གོ་དགོས་པས་རྟགས་འཇུག་སྐབས་ཀྱི་བྱ་བ་ཞེས་པའང་། མཁས་པ་སོས་སོའི་བཞེད་ཚུལ་མི་འདྲ་བ་མང་ཡང་ཁོ་བོའི་བསམ་ཚུལ་ནི། དངོས་པོའི་ཆོས་རྣམས་ཀྱི་སྟེང་གི་འགྱུར་བ་ལ་བཞག་ན་མི་འཐད་པ་མེད་སྙམ་མོ། །དེའི་སྐབས་ཀྱི་འགྱུར་བ་དེ་ལ་འགྱུར་ཚུལ་མི་འདྲ་བ་དུ་མ་བཞག་ཆོག་སྟེ། སྔར་ཡོད་ཀྱི་གནས་སྐབས་ལས་གནས་སྐབས་གཞན་དུ་འགྱུར་བ། ངོ་བོ་འགྱུར་བ་དང་། རྣམ་པ་འགྱུར་བ་ལ་སོགས་པ་རྣམས་སོ། །དེ་ཡང་དངོས་པོའི་ཆོས་ལོ་མ་ལྟ་བུ་ཞིག་ལ་གཞིར་བཞག་ནས་ཞུས་ན། ལོ་མ་ཉིད་སྔར་ཡལ་གའི་སྟེང་དུ་ཡོད་པ་ལས་ཕྱིས་སུ་ས་སྟེང་དུ་ལྷུང་སོང་བ་ནི་སྔར་ཡོད་ཀྱི་གནས་སྐབས་ལས་གནས་སྐབས་གཞན་དུ་འགྱུར་བ་དང་། ལོ་མའི་སྟེང་དུ་སྐད་ཅིག་དང་པོ་ལས་སྐད་ཅིག་གཉིས་པ་དང་། སྐད་ཅིག་གཉིས་པ་ལས་གསུམ་སོགས་སྐད་ཅིག་རྒྱུན་ཆགས་སུ་འབྱུང་བ་ནི་ངོ་བོ་འགྱུར་བ་དང་། ལོ་མ་ཉིད་སྔར་ལྗང་ཁུའི་མདོག་ལྡན་ཞིག་ཡིན་པ་ལས་ཕྱིས་སུ་མདོག་གཞན་དུ་འགྱུར་སོང་བ་ནི་རྣམ་པ་འགྱུར་བ་སྟེ། དངོས་པོའི་ཆོས་རྣམས་ཀྱི་སྟེང་དུ་འགྱུར་བ་མང་ཡང་བསྡུས་ན་དེ་ཐམས་ཅད་ངོ་བོ་འགྱུར་བ་ལ་བསྡུ་ཐུབ་པར་སེམས་སོ། །དེ་བས་ན་དངོས་པོའི་ཆོས་ཤིག་ཡིན་ན་སེམས་ལྡན་གྱི་གང་ཟག་ནི་ལྟ་ཞོག སེམས་མེད་ཀྱི་བེམ་པོ་ཡིན་ན་ཡང་རྟགས་འཇུག་སྐབས་ཀྱི་བྱ་བས་མ་ཁྱབ་པ་ཞིག་མེད་པས། རྟགས་འཇུག་སྐབས་ཀྱི་བྱ་བ་ལ་ངེས་པར་དུ་བྱེད་པ་པོ་གང་ཟག་ཅིག་ཚང་དགོས་པའི་ངེས་པ་མེད་པ་ནི་གནད་ཀྱི་དོན་ནོ། །

གཉིས་པ་སྟོན་བྱེད་བྱ་ཚིག་གི་རྣམ་བཞག་བཤད་པ་ལ། བྱ་ཚིག་གི་ངོ་བོ། བྱ་ཚིག་གི་སྒྲ་བཤད། བྱ་ཚིག་གི་དབྱེ་བ་དང་གསུམ་ལས། དང་པོ་བྱ་ཚིག་གི་ངོ་བོ་ནི། དངོས་པོའི་ཆོས་རྣམས་ཀྱི་སྟེང་གི་འགྱུར་བ་དེ་ཉིད་གཞན་ལ་གོ་བརྡ་སྤྲོད་པར་བྱེད་པའི་སྒྲ་ཞིག་ལའོ། །དེ་ཡང་ལོ་མ་ཡལ་ག་ལས་ལྷུང་ཞེས་པའི་དཔེར་བརྗོད་ཀྱི་ཐོག་ནས་ཞུས་ན། ལོ་མ་དེ་ཉིད་ཡལ་གའི་གོ་ས་ལས་ཕྱིར་འཐོན་འགྲོ་བའི་རྣམ་འགྱུར་ནི་ལོ་མའི་སྟེང་གི་བྱ་བའམ་ལོ་མའི་སྟེང་གི་འགྱུར་བ་དང་། ལྷུང་ཞེས་པའི་སྒྲ་ནི་བྱ་བ་དེ་ཉིད་གཞན་ལ་གོ་བརྡ་སྤྲོད་པར་བྱེད་པའི་སྒྲའམ་བྱ་ཚིག་ཡིན་པ་ལྟ་བུའོ། །

གཉིས་པ་སྒྲ་བཤད་ནི། སྐབས་འདིར་བྱ་ཚིག་ཅེས་པ་ཚེག་ཁྱིམ་གཉིས་ལས་གྲུབ་པའི་སྒྲ་དེའི་བྱ་ཞེས་པ་གང་ལ་ངོས་བཟུང་བ་དང་། ཚིག་ཅེས་པ་གང་ལ་ངོས་བཟུང་བ་ཡིན་སྙམ་ན། སྐབས་འདིའི་བྱ་ཞེས་པ་ནི་བྱ་བའམ་ལས་ཀ་ལ་གོ་རྒྱུ་དང་། ཚིག་ཅེས་པ་ནི་དོན་གྱི་ངོ་བོ་ཁྱད་པར་དང་བཅས་པ་སྟོན་བྱེད་ཀྱི་སྒྲ་ལ་གོ་རྒྱུ་མིན་པར། བྱ་བ་དེ་ཉིད་གཞན་ལ་གོ་བརྡ་སྤྲོད་པར་བྱེད་པའི་སྒྲ་ཞིག་ལ་གོ་རྒྱུ་ཡིན། དེས་ན་བྱ་ཚིག་ཅེས་པ་ནི། བྱ་བའམ་ལས་ཀ་དེ་ཉིད་གཞན་ལ་གོ་བརྡ་སྤྲོད་པར་བྱེད་པའི་སྒྲ་ཞིག་ཡིན།

གསུམ་པ་དབྱེ་བ་ནི། སྤྱིར་བཏང་བྱ་ཚིག་ལ་དབྱེ་སྒོ་མང་ཡང་། འདིར་ངོ་བོའི་སྒོ་ནས་དབྱེ་ན་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གཉིས་སོ། །དེ་ལ་ཤེས་དགོས་པའི་དོན་ཚན་བཞི་སྟེ། དང་པོ་བྱ་ཚིག་ལ་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གཉིས་སུ་དབྱེ་བའི་རྒྱུ་མཚན། གཉིས་པ་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གི་ངོ་བོ། གསུམ་པ་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གི་དཔེར་བརྗོད། བཞི་པ་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གི་ཁྱད་པར། །ལྔ་པ་དངོས་པོ་བདག་གཞན་གྱི་སྐོར་བཅས་ལྔ་ལས།

དང་པོ་བྱ་ཚིག་ལ་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གཉིས་སུ་དབྱེ་བ་ཡིན་ཏེ། དེས་བསྟན་པར་བྱ་བའི་བྱ་བ་ལ་བྱེད་འབྲེལ་གྱི་བྱ་བ་དང་བྱེད་མེད་ཀྱི་བྱ་བ་གཉིས་སུ་ཡོད་པའི་ཕྱིར་རོ། །འོ་ན་བྱེད་འབྲེལ་གྱི་བྱ་བ་དང་བྱེད་མེད་ཀྱི་བྱ་བའི་དོན་གང་ཞེས་ན། བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བ་ནི་བྱེད་འབྲེལ་གྱི་བྱ་བ་དང་། བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་བྱ་བ་ནི་བྱེད་མེད་ཀྱི་བྱ་བ་ཡིན་ནོ། །དེ་ཡང་མུ་ཏིག་འཕྲེན་མཛེས་ལས། ལས་གང་ཞིག་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ནས། ཞེས་དང་། དངོས་པོ་གང་ཞིག་ལ་ལས་གང་ཞིག་བྱེད་པ་པོ་གཞན་གྱིས་དངོས་སུ་སྒྲུབ་པར་བྱེད་པ་དེ་ནི་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ལས་ཏེ། ཞེས་དང་། དངོས་པོ་གང་ཞིག་ལ་ལས་གང་ཞིག་བྱེད་པ་པོ་གཞན་དངོས་སུ་མེད་པར་རང་གི་ངང་གིས་འགྲུབ་པར་སྣང་བ་འདི་ནི་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་ལས་ཏེ། ཞེས་དང་། དབྱངས་ཅན་གྲུབ་རྡོར་པས། ལས་གང་ཞིག་ལ་བྱེད་པ་པོ། །གཞན་དང་དངོས་སུ་འབྲེལ་བ་ཡི། །དབང་དུ་བྱས་ནས། །ཞེས་གསུངས་པ་དེ་དག་ལས་གསལ་ལོ། །

གཉིས་པ་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གཉིས་ཀྱི་ངོ་བོ་ལ། དང་པོ་བྱེད་འབྲེལ་ལས་ཚིག་གི་ངོ་བོ་ནི། བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བ་དེ་ཉིད་གཞན་ལ་གོ་བརྡ་སྤྲོད་པར་བྱེད་པའི་སྒྲའོ། །དེ་ལྟར་ཡིན་པ་ཡང་རྨོངས་བློའི་རྟོག་བཟོ་མིན་པར་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་དགོངས་པ་དྲི་མ་མེད་པ་ཡིན་ཏེ། དེས་མཛད་པའི་སུམ་རྟགས་ཀྱི་འགྲེལ་པ་མུ་ཏིག་ཕྲེང་མཛེས་ལས་བདག་གཞན་གྱི་གོ་དོན་བཤད་པའི་སྐབས། ལས་གང་ཞིག་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ནས། ཞེས་པའི་ཚིག་དེ་ལས་བྱེད་འབྲེལ་གྱི་བྱ་བ་དང་། བྱེད་འབྲེལ་ལས་ཚིག་གཉིས་ཀྱི་དོན་གསལ་བར་གོ་ཐུབ་པའི་ཕྱིར་རོ། །དེ་གསལ་བར་གོ་ན། བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་བྱ་བ་དེ་ཉིད་གཞན་ལ་གོ་བརྡ་སྤྲོད་པར་བྱེད་པའི་སྒྲ། ཞེས་བྱེད་འབྲེལ་ལས་ཚིག་གི་ངོ་བོ་ལས་བཟློགས་ནས་བྱེད་མེད་ལས་ཚིག་གི་ངོ་བོར་བཞག་ན་མི་འཐད་པ་མེད་དོ། །དེས་ན་བྱེད་འབྲེལ་ལས་ཚིག་གིས་བསྟན་བྱར་འགྱུར་པའི་བྱ་བ་དེ་བྱེད་པ་པོ་དང་འབྲེལ་དགོས་ལ། བྱེད་པ་པོ་དང་འབྲེལ་བ་ཙམ་གྱིས་མི་ཆོག་པར་པྱེད་པ་པོ་གཞན་དང་འབྲེལ་དགོས་ཤིང་། དེ་ཙམ་གྱིས་ཀྱང་མི་ཆོག་པར་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་དགོས་པ་ནི་གནད་ཀྱི་དོན་ནོ། །དེ་ལྟར་མིན་ན་བསྐོར་ནས་འཁོར། བསྐྱིལ་ནས་འཁྱིལ། བསྒོམས་ནས་གོམས་ལ་སོགས་པ་རྣམས་ཀྱང་བྱེད་འབྲེལ་ལས་ཚིག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །

གསུམ་པ་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གི་དཔེར་བརྗོད། དང་པོ་བྱེད་འབྲེལ་ལས་ཚིག་ནི། བཀྲིས་ཀྱིས་ཤིང་གཅོད་ཅེས་པ་ལྟ་བུ་དང་། གཉིས་པ་བྱེད་མེད་ལས་ཚིག་ནི། བཀྲིས་ཤར་ཕྱོགས་སུ་འགྲོ་ཞེས་པ་ལྟ་བུའོ། །འོ་ན་འགྲོ་ཞེས་པའི་བྱ་ཚིག་དེ་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་བྱ་བ་སྟོན་བྱེད་དང་། གཅོད་ཅེས་པའི་བྱ་ཚིག་དེ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བ་སྟོན་བྱེད་ཡིན་པའི་ཚུལ་ཇི་ལྟར་སྙམ་ན། ཐོག་མར་བྱ་ཚིག་དེ་གཉིས་ཀྱི་ཐོག་ནས་བྱེད་པ་པོ་དང་བྱ་བའི་ཡུལ་ལ་བྱ་ཚིག་ལས་གྲུབ་པའི་མིང་ཞིག་བཏགས་དགོས་ཏེ། དཔེར་ན་གཅོད་བྱེད་དང་གཅད་བྱ། འགྲོ་བྱེད་དང་འགྲོ་བྱ་ཞེས་པ་ལྟ་བུའོ། །བྱེད་པ་པོ་དང་བྱ་བའི་ཡུལ་ལ་བྱ་ཚིག་དང་འབྲེལ་བའི་མིང་ཞིག་བཏགས་འོང་དུས། འགྲོ་བྱ་དང་འགྲོ་བྱེད་གཉིས་སོ་སོར་ངོས་གཟུང་རྒྱུ་མེད་པས་བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་བྱ་བ་སྟོན་བྱེད་དང་། གཅད་བྱ་དང་གཅོད་བྱེད་གཉིས་སོ་སོར་ངོས་གཟུང་རྒྱུ་ཡོད་པས་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བ་སྟོན་བྱེད་ཡིན་ནོ། །འདིར་བྱ་བའི་ཡུལ་དང་བྱེད་པ་པོ་གཉིས་སོ་སོ་ཡོད་མེད་ངོས་གཟུང་བ་ལ་ཐོག་མར་བྱ་བའི་ཡུལ་གྱི་ངོས་འཛིན་གསལ་པོར་བྱ་དགོས་ཤིང་། དེ་ཡང་སུམ་ཅུ་པ་དང་རྟགས་འཇུག་སྐབས་ཀྱི་བྱ་བའི་ཡུལ་ངོས་འཛིན་སྟངས་སོ་སོར་ཡོད་པས། ཐོག་མ་ཉིད་ནས་བྱ་བའི་ཡུལ་གྱི་ངོས་འཛིན་སོ་སོར་ཤེས་དགོས་པ་གལ་ཆེ། དེ་ཡང་སུམ་ཅུ་པའི་སྐབས་སུ་ལ་དོན་གྱི་ཕྲད་གང་དུ་འཇུག་པའི་ཡུལ་དེར་བྱ་བའི་ཡུལ་ཞེས་ངོས་གཟུང་དགོས་ཏེ། དཔེར་ན་རྟ་རུ་རྩ་བྱིན་ཞེས་པའི་སྐབས་རྟ་དེ་ཉིད་བྱ་བའི་ཡུལ་ཡིན་པ་ལྟ་བུའོ། །རྟགས་འཇུག་གི་སྐབས་འདིར་བྱེན་པ་པོས་གང་སྒྲུབ་པར་བྱ་བའི་ལས་ཀྱི་དངོས་པོ་སྟེ། བྱ་བྱེད་ལས་གསུམ་གྱི་ལས་དེར་ངོས་གཟུང་དགོས་པས་སྤྱིར་བཏང་བྱེད་ན་ལ་དོན་གྱི་ཕྲད་མི་འཇུག་གོ །དཔེར་ན་རྟ་རུ་རྩ་བྱིན་ཞེས་པའི་སྐབས་སུ་རྩ་དེ་ཉིད་བྱ་བའི་ཡུལ་ཡིན་པ་ལྟ་བུའོ། །ཡང་བྱ་བའི་ཡུལ་དེ་གཉིས་ཀྱི་ཁྱད་པར་འབྱེད་ལུགས་དེང་གི་བརྡ་སྤྲོད་མཁས་པས་ཇི་ལྟར་གསུངས་པ་བཞིན་ཞུས་ན། སུམ་ཅུ་པའི་སྐབས་ཀྱི་བྱ་བའི་ཡུལ་ནི་གང་དུ་བྱ་བའི་བྱ་བའི་ཡུལ་དང་། རྟགས་འཇུག་སྐབས་ཀྱི་བྱ་བའི་ཡུལ་ནི་གང་བྱ་བའི་བྱ་བའི་ཡུལ་ཞེས་པའང་གནད་དུ་སྣང་ངོ། །

བྱེད་མེད་ལས་ཚིག་ལའང་ནང་གསེས་ཀྱི་དབྱེ་བ་བཞི་ཏེ། དང་པོ་བྱེད་པ་པོ་གཏན་ནས་མི་སྣང་བའི་བྱེད་མེད་ལས་ཚིག དཔེར་ན་ཉི་མ་ཤར་ཞེས་པ་ལྟ་བུ། གཉིས་པ་བྱེད་པ་པོ་གཞན་མི་སྣང་བའི་བྱེད་མེད་ལས་ཚིག དཔེར་ན་བཀྲིས་སྟན་ལས་ལངས་ཞེས་པ་ལྟ་བུ། གསུམ་པ་བྱེད་པ་པོ་གཞན་དངོས་སུ་མི་སྣང་བའི་བྱེད་མེད་ལས་ཚིག དཔེར་ན་ཞིང་པས་ཆུ་བསྐྱིལ་ནས་འཁྱིལ་ཞེས་པ་ལྟ་བུ་དང་། བཞི་པ་བྱེད་པ་པོའི་རྩོལ་བ་མི་སྣང་བའི་བྱེད་མེད་ལས་ཚིག དཔེར་ན་བཀྲིས་ཀྱིས་སྦྲུལ་མཐོང་ཞེས་པ་ལྟ་བུ་ཡིན་ནོ། །

བཞི་པ་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གི་ཁྱད་པར་ནི། ལས་ཚིག་དེ་གཉིས་ཀྱི་ངོ་བོ་རྟོགས་ན་དེའི་ཤུགས་ལས་དེ་གཉིས་ཀྱི་ཁྱད་པར་རྟོགས་མ་ཐུབ་པའི་གནས་མེད་མོད། ཡིན་ན་ཡང་དམིགས་ཀྱིས་བཀར་ནས་ཅུང་ཙམ་ཞུས་ན། བྱེད་འབྲེལ་ལས་ཚིག་ནི་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བ་དང་། བྱེད་པ་པོ་གཞན་དངོས་སུ་ཡོད་པ་དང་། བྱེད་པ་པོ་གཞན་ལ་དངོས་སུ་བརྟེན་པའི་བྱ་བ་གོ་བརྡ་སྤྲོད་བྱེད་དང་། དེའི་ལྡོག་ཕྱོགས་ནི་བྱེད་མེད་ལས་ཚིག་ཡིན་ནོ། །

ལྔ་པ་དངོས་པོ་བདག་གཞན་གྱི་སྐོར་ནི། ལས་ཚིག་དེ་གཉིས་ཀྱི་ཁྱད་པར་གསལ་པོར་ཆགས་ན། དངོས་པོ་བདག་གཞན་ལ་མགོ་རྨོངས་པའི་གནས་མེད་དེ། དེ་ཡང་བྱེད་འབྲེལ་ལས་ཚིག་གཞིར་བཞག་གི་སྟེང་ནས་བྱེད་པ་པོ་དང་དེའི་བྱེད་པ་གཉིས་པོ་ལ་དངོས་བདག་ཅེས་བྱ་ཞིང་། བྱ་བའི་ཡུལ་དང་དེའི་བྱ་ལས་གཉིས་པོ་ལ་དངོས་པོ་གཞན་ཞེས་བྱ་བ་ཡིན་ནོ། །དེ་ཡང་མུ་ཏིག་འཕྲེང་མཛེས་ལས། ལས་གང་ཞིག་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ནས། བྱེད་པ་པོའི་དངོས་པོ་དེ་ཉིད་དང་དེའི་བྱེད་པ་དང་བཅས་པ་ལ་ནི་བདག་ཅེས་བྱ་ཞིང་། དེས་བསྒྲུབ་པར་བྱ་བའི་ཡུལ་ཀྱི་དངོས་པོ་བྱ་བ་དང་བཅས་པ་ལ་ནི་གཞན་ཞེས་བྱ་བའོ། །ཞེས་དང་། དཀའ་གནད་གསལ་བའི་མེ་ལོང་ལས།  ལས་གང་ཞིག་ལ་བྱེད་པ་པོ། །གཞན་དང་དངོས་སུ་འབྲེལ་བ་ཡི། །དབང་དུ་བྱས་ནས་བྱེད་པོ་དང་། །དེ་ཡི་བྱེད་པ་གཉིས་པོ་ནི། །དངོས་པོ་བདག་ཡིན་བྱ་ཡུལ་དང་། །བྱ་བ་གཉིས་པོ་གངོས་པོ་གཞན། །ཞེས་གསུངས་པས་སོ། །དེའང་དཔེར་བརྗོད་ཀྱི་ཐོག་ནས་ཞུས་ན།

དངོས་པོ་བདག དངོས་པོ་གཞན།
སྟོན་པ་པོ། སྟོན་བྱེད། སྟོན་པར་བྱེད། བསྟན་བྱ། བསྟན་པར་བྱ།
རྩོམ་པ་པོ། རྩོམ་བྱེད། རྩོམ་པར་བྱེད། བརྩམ་བྱ། བརྩམ་པར་བྱ།
འཛིན་པ་པོ། འཛིན་བྱེད། འཛིན་པར་བྱེད། གཟུང་བྱ། གཟུང་བར་བྱ།
སྒྲུབ་པ་པོ། སྒྲུབ་བྱེད། སྒྲུབ་བར་བྱེད། བསྒྲུབ་བྱ། བསྒྲུབ་པར་བྱ།

འོ་ན་དུས་གསུམ་གྱིས་མ་བསྡུས་པའི་བྱ་ཚིག་མེད་ཀྱང་། དེ་ལས་ལོགས་སུ་བདག་གཞན་གྱི་རྣམ་བཞག་བསྟན་པའི་དངོས་པ་གང་ཞེ་ན། བྱེད་པ་པོ་དང་དེའི་བྱེད་པ་གཉིས་ལ་བྱ་ཚིག་ལས་གྲུབ་པའི་མིང་གདགས་ན་བྱ་ཚིག་ད་ལྟ་བ་ལས་གྲུབ་པའི་མིང་དང་། བྱ་བའི་ཡུལ་དང་དེའི་བྱ་ལས་གཉིས་ལ་བྱ་ཚིག་ལས་གྲུབ་པའི་མིང་གདགས་ན་བྱ་ཚིག་མ་འོངས་པ་ལས་གྲུབ་པའི་མིང་གདགས་དགོས་པར་ཤེས་པའི་ཆེད་དུ་སྟེ། མུ་ཏིག་འཕྲེང་མཛེས་ལས། གཞུང་འདིར་བྱེད་པ་པོ་དང་བྱ་བའི་ཡུལ་གྱི་སྒྲ་རྣམས་བསྡུ་བའི་ཕྱིར་བདག་གཞན་གྱི་དབྱེ་བ་ཟུར་དུ་མཛད་པ་ཡིན། ཞེས་གསུངས་སོ། །[༢༩][༢༨]

སློབ་གཉེར་བ་ཀུན་བཟང་སྟོབས་རྒྱས་ཀྱིས་བྲིས་པའོ། །སྤྱི་ཚེས་ ༣༡/༠༧/༢༠༢༤ ལ་ཡོངས་འབྲེལ་ཐོག་ཏུ་སྤེལ་ཡོད།

རྩོམ་ཤོག་གི་རིགས། ཆོས་འཁོར་གྱི་སྐོར།

[ཞུན་དག]

༼གང་ཤར་གླེང་བའི་གཏམ།༽

[ཞུན་དག]

མཆོད་བརྗོད་ནི། ཐུབ་བསྟན་དྲི་མ་མེད་པའི་བདུད་རྩིའི་ཆུས། ། འགྲོ་བའི་རྨོངས་པ་མཐའ་དག་བཀྲུས་བྱས་ནས། ། བློ་གྲོས་རིན་ཆེན་རྒྱན་ཚོགས་སྦྱིན་མཛད་པའི། ། མི་ཕམ་པདྨ་དཀར་པོ་དེར་ཕྱག་འཚལ། །[༣༠]

ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས་འདིར་གང་ཞིག་ཞུ་བར་བྱ་བའི་གཞི་ནི་ཆོས་འཁོར་རིམ་པ་གསུམ་གྱི་རྣམ་གཞག་དེ་ཡིན། དེ་ཞུ་བ་ལ་ཆོས་འཁོར་གྱི་དོན། ཆོས་འཁོར་གི་རིམ་པ། གསུང་བ་པོ། གདུལ་བྱ། ཡུལ་དང་དུས། དེ་ལ་དཔྱད་པ་ དང་བཅས་དྲུག་ལས། དང་པོ་ཆོས་འཁོར་གྱི་དོན་ནི། ལུང་རྟོགས་གང་རུང་གིས་བསྡུས་པའི་སྟོན་པའི་དམ་ཆོས་སོ། །

གཉིས་པ་ཆོས་འཁོར་གསུམ་གྱི་རྣམ་གཞག་ལ། དགོངས་འགྲེལ་ལས་གསུངས་ཚུལ་དང༌། དུས་འཁོར་ལས་གསུངས་ ཚུལ་གཉིས་ལས། དང་པོ་ནི། ཆོས་འཁོར་དང་པོ་བདེན་བཞིའི་ཆོས་འཁོར། གཉིས་པ་མཚན་ཉིད་མེད་པའི་ཆོས་འཁོར། གསུམ་པ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཞེས་གསུངས་ཏེ། དགོངས་འགྲེལ་ལས། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམ་ལ་འཕགས་པའི་བདེན་པ་བཞི་རྣམ་པར་བསྟན་པས་ཆོས་ཀྱི་འཁོར་ལོ། ཞེས་དང་། ཐེག་པ་ཆེན་པོ་ལ་ཡང་དག་པ་ཞུགས་པ་རྣམས་ལ་སྟོང་པ་ཉིད་ཀྱི་རྣམ་པ་སྨོས་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། ཞེས་དང་། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམ་ལ། ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། ཞེས་གསུངས་སོ། །གཉིས་པ་ནི། བཀའ་དང་པོ་བདེན་པའི་དེ་ཉིད་ཀྱི་ཚུལ། བཀའ་བར་མ་ཕ་རོལ་ཏུ་ཕྱིན་པའི་ཚུལ། བཀའ་ཐ་མ་གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་ཞེས་གསུངས་ཏེ། དུས་འཁོར་རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་རབ་གསུངས། །ཞེས་གསུངས་སོ། །

གསུམ་པ་ནི། དོགས་གཅོད་ལས། ཐུབ་པ་རྣམས་ཀྱིས་ཆོས་གསུངས་པ། །ཐམས་ཅད་ཆོས་འཁོར་བསྐོར་བ་ ཡིན། །ཞེས་གསུངས་པའི་ཆོས་འཁོར་རིམ་པ་གསུམ་གསུང་བ་པོ་དེ་ཡང༌། དོགས་གཅོད་འགྲེལ་པ་ལས། ཆོས་འཁོར་ བསྐོར་བ་པོ་སྤྱིར་སངས་རྒྱས་དང། དེའི་ནང་ནས་སྤྲུལ་པའི་སྐུ་ཁོ་ན་ཞེས་བྱའོ། །ཞེས་གསུངས་སོ། །

བཞི་པ་ནི། སྟོན་པ་བཀའ་དྲིན་ཅན་གྱི་སྐུ་མདུན་ལས་ཆོས་འཁོར་དང་པོ་ཞུ་མི་གདུལ་བྱ་ནི། འཁོར་ལྔ་ལྡན་བཟང་པོ་དང་ཉན་ཐོས་དང་རང་རྒྱལ་གྱི་རིགས་ཅན་ཚུ་ཡིན་པས། ཆོས་འཁོས་གཉིས་པ་ཞུ་མི། གདུལ་བྱ་དབང་པོ་འབྲིང་ཐེག་ཆེན་སོ་སྐྱེ་རྣལ་འབྱོར་སྤྱོད་པའི་སྐལ་བ་ཅན་ཚུ་ཡིན་པས། ཆོས་འཁོར་གསུམ་པ་ཞུ་མི། གདུལ་བྱ་དབང་པོ་རྣོན་པོ་རྣམས་ཡིན་པས། དུས་འཁོར་རྩ་རྒྱུད་ཀྱི་ཆོས་འཁོར་གསུམ་པ་ཞུ་མི། ཆོས་རྒྱལ་ཟླ་བ་བཟང་པོ་དང་གདུལ་བྱ་དབང་པོ་རྣོན་པོ་ལས་ཀྱང་རྣོན་པོ་ཚུ་ཡིན་པས་སོ། །

ལྔ་པ་ཆོས་འཁོར་གསུམ་གསུངས་སའི་ཡུལ་དང་དུས་ནི། ཆོས་འཁོར་དང་པོ་ནི། ཡུལ་ཝཱ་ར་ན་སི་ལུ་གསུངས་ནུག དུས་ནི་ས་ག་ཟླ་བའི་ཉའི་ཐུན་མཐའ་མ་ལ་མངོན་པར་རྫོགས་པར་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་སོང་བ་ན་གསུངས་ནུག ཆོས་འཁོར་གཉིས་པ་ནི། ཡུལ་བྱ་རྒོད་ཕུང་པོའི་རི་ལུ་གསུངས་ནུག དུས་ནི་སྟོན་པ་སངས་རྒྱས་ནས་ལོ་བཅུ་དྲུག་ཙམ་ན་གསུངས་ནུག ཆོས་འཁོར་གསུམ་པ་ནི་གཉིས་པ་དང་མཚུངས་སོ། །དུས་འཁོར་རྩ་རྒྱུད་ལས་གསུངས་པའི་ཆོས་འཁོར་གསུམ་པ་ནི། ཡུལ་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་གྱི་རྩ་བར་གསུངས་ནུག དུས་ནི་སྟོན་པ་མྱ་ངན་ལས་འདའ་བའི་སྔ་ལོར་གསུངས་སོ། །

དེ་དག་ལ་དཔྱད་པ་དང་པོ་ནི། ཆོས་འཁོར་གྱི་མཚན་ཉིད་ལ། ཁ་ཅིག་གིས་ལུང་རྟོགས་གང་རུང་གི་ཆོས་ཆོས་འཁོར་གྱི་མཚན་ཉིད་ཡིན་ཟེར་ན། འགྲེལ་པ་དོན་གསལ་དེ་ཆོས་འཁོར་ཡིན་པར་ཐལ་བའི་སྐྱོན་བའི་སྐྱོན་འདུག དེས་ན་རང་ཉིད་ ཀྱིས་ལུང་རྟོགས་གང་རུང་གིས་བསྡུས་པའི་སྟོན་པའི་དམ་ཆོས་དེ་ལ་ཆོས་འཁོར་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་དམ་ཆོས་ཀྱང་ཡིན། འཁོར་ལོས་སྒྱུར་བའི་འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་པ་ཡང་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དེ་ཡུལ་གཞན་ནས་གཞན་དུ་འཕོ་ཞིང་རང་གི་མི་མཐུན་ཕྱོགས་ལས་རྒྱལ་བ་ལྟར། ཆོས་རྣམས་ཀྱང་གདུལ་བྱའི་རྒྱུད་ལ་རིམ་གྱིས་འཕོ་ཞིང་འདོད་ཆགས་ལ་སོགས་པའི་མི་མཐུན་ཕྱོགས་ལས་རྒྱལ་བར་བྱེད་པ་མཚུངས་པའི་ཕྱིར་ཏེ། ཆོས་འཁོར་དོགས་གཅོད་ལས། འཁོར་ལོས་རྒྱུར་བའི་འཁོར་ལོ་དང་། །མྱུར་བར་འགྲོ་སོགས་མཐུན་པས་ན། །ཞེས་གསུངས་སོ། །

དཔྱད་པ་གཉིས་པ་ཆོས་འཁོར་གསུམ་གསུང་བ་པོ་འདི་བདག་རྐྱེན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེས་རྒྱུད་ལ་ལྡན་པའི་སངས་རྒྱས་འཕགས་པ་ཅིག་ཡིན་དགོ་པ་དེ་ཡང་། དགོངས་འགྲེལ་ལས། སངས་མ་རྒྱས་པར་ཆོས་ཀྱི་འཁོར་ལོ་ བསྐོར་བ་ནི་མི་རུང་ཞེས་གསུངས་ནུག སངས་རྒྱས་དེ་ལ་ཆོས་སྐུ་དང་གཟུགས་སྐུ་གཉིས་ཡོད་པའི་ནང་ནས་གཟུགས་སྐུ་དེ་ལ་ཡང་། ལོངས་སྐུ་དང་སྤྲུལ་སྐུ་གཉིས་ཡོད་པའི་ནང་ནས་སྤྲུལ་སྐུ་དེ་ཡིན། སྤྲུལ་སྐུ་ལ་བཟོ་བ་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ། མཆོག་གི་སྤྲུལ་སྐུ་གསུམ་ཡོད་པའི་ནང་ནས་མཆོག་གི་སྤྲུལ་སྐུ་ཡིན་དགོ་པ་དེ་ཡང་། དགོངས་པ་ངེས་འགྲེལ་ལས། མཆོག་གི་སྤྲུལ་པའི་སྐུ་མིའི་རྟེན་འདི་ལ་སངས་རྒྱས། དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་པའི་ཕྱིར། ཞེས་གསུངས་སོ། །

དཔྱད་པ་གསུམ་པ་ཆོས་འཁོར་ཞེས་པའི་ཐ་སྙད་དེ་ཁ་ཅིག་གིས། ཆོས་འཁོར་གྱི་མདོ་ལས། དེའི་ཚེ་ལྷ་རྣམས་ཀྱིས་ ཀྱང། གྲོགས་པོ་དག་བཅོམ་ལྡན་འདས་ཀྱིས་ཝཱ་ར་ན་སིར་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་ སུ་ཆོས་དང་མཐུན་པ་འགའ་ཡང་མ་བསྐོར་བ་ཞིག་བསྐོར་བས་ལྷའི་རིགས་འཕེལ་ཞིང་ལྷ་མ་ཡིན་གྱི་རིགས་ཉམས་སོ་ཞེས་སྒྲ་བསྒྲགས་སོ། །ཞེས་གསུངས་པ་ལས་བྱུང་བ་ཡིན་ཞེས་པ་ཡང་འཐད་པས། ཡིན་ཡང་སངས་རྒྱས་ཀྱིས། ཟབ་ཞི་ སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། །ཞེས་གསུང་བའི་སྐབས་མི་མཇེད་ཀྱི་བདག་པོ་ཚངས་པ་གཙུག་ཕུད་ཅན་གྱིས་ཤེས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་ལན་གསུམ་དུ་བསྐུལ་བའི་མཐར་གནང་ཞེས་གསུང་པའི་སྐབས་ལུ་ཆོས་འཁོར་གྱི་ཐ་སྙད་དེ་བྱུང་པ་མིན་ནམ་སྙོམ་མོ། །[༣༠]

སླར་སྨྲས་པ་ནི། དེ་ལས་བྱུང་བའི་དགེ་ཚོགས་འོད་སྣང་འབུམ། །

བློ་ལྡན་ཡིད་མཁར་འཆར་བའི་མཐུ་དཔལ་གྱིས། །

མི་ཤེས་བློ་ཡི་མུན་ཚོགས་མཐར་བྱེད་ནས། །

ནང་གི་ཡེ་ཤེས་སྣང་བ་རྒྱས་གྱུར་ཅིག །ཅེས་པའང་སློབ་གཉེར་བ་རིག་འཛིན་རྣམ་རྒྱལ་གྱིས་བྲིས་སོ། །སྤྱི་ཚེས་ ༣༡/༠༧/༢༠༢༤ ལ་ཡོངས་འབྲེལ་ཐོག་ཏུ་སྤེལ་ཡོད།

རྩོམ་ཤོག་གི་རིགས། ཚད་མའི་སྐོར།

[ཞུན་དག]

༼ཚད་མའི་གྲངས་ངེས་ལ་དཔྱད་པ་བློ་གསར་མིག་འབྱེད།༽

[ཞུན་དག]

བྱིན་རླབས་རྩ་བ་དྲིན་ཆེན་བླ་མ་དང་།། དངོས་གྲུབ་གཏེར་མཛོད་ཡི་དམ་ལྷའི་ཚོགས།། བར་ཆད་སེལ་མཛད་ཆོས་སྐྱོངས་སྲུང་མ་དང་།། འཕྲིན་ལས་སྒྲུབ་པའི་མཁའ་འགྲོའི་ཚོགས་ལ་འདུད།།[]

ལས་དང་སྨོན་ལམ་འབྲེལ་བ་ཡི།། མེ་ཏོག་གང་ལ་བབས་པའི་ལྷ།། ཀུན་གཟིགས་པུན་ཌ་རི་ཀ་ཡི།། ཞབས་ལ་གུས་པས་བརྩེ་བས་སྐྱོངས།།

ཞེས་མཆོད་པར་བརྗོད་པའི་ཚིག་གིས་མདུན་བསུས་ནས། གང་ཞིག་གླེང་བར་བྱ་བ་ནི། རྣམ་འགྲེལ་ལེའུ་དང་པོར།[༣༡] ཚད་མ་བསླུ་མེད་ཅན་ཤེས་ པ། །ཞེས་དང། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་གསུངས་པའི་གཞུང་ཚིག་དེའི་བསྟན་བྱར་གྱུར་པའི་ཚད་མའི་རྣམ་གཞག་ལ་ཅུང་ཙམ་དཔྱད་པ་ལ་རྩ་བའི་ཚན་པ་གཉིས། ཀུན་མཁྱེན་བླ་མས་ཇི་ལྟར་བཀྲལ་བའི་ཚུལ་ངོས་གཟུང་བ་དང། དེ་ལ་གཞན་གྱི་ཀླན་ཀ་བསལ་ནས་འཐད་པའི་སྒྲུབ་བྱེད་འགོད་པ་གཉིས་ཡོད། དང་པོ་ནི། དེ་ཡང་སློབ་དཔོན་ཆེན་པོ་འཕགས་པ་ལྷས། བསོད་ནམས་མིན་པ་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང༌། །ཕྱི་ནས་ལྟ་བ་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །ཞེས་དབུ་མ་པས་བཞག་པའི་རྣམ་བཞག་དེ་དང་སྒོ་བསྟུན་ནས་ཞུ་ན། བསོད་ནམས་མིན་པ་སྟེ་དང་པོར་བཟློག་པའི་གནས་སྐབས་སུ་ཡུལ་བདེན་པ་གཉིས་སུ་གནས་པ་ལྟར་ཡུལ་ཅན་གྱི་ཚད་མ་ཡང་གཉིས་སུ་གནས་པ་སྟེ། སློབ་དཔོན་ཟླ་བས། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དེ། །མཐོང་བ་བརྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་ཡུལ་བདེན་པ་གཉིས་དང་ཡུལ་ཅན་ཚད་མ་གཉིས་སུ་གསུངས་པ་ལྟར། ཡུལ་ཅན་གྱི་ཚད་མ་དེ་ཡང་ཐབས་དང་ཐབས་བྱུང་གི་ཚུལ་དུ་གཉིས་སུ་གནས་པ་སྟེ། རྩ་ཤེས་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་འགྱུར། །དམ་པའི་དོན་ལ་མ་བརྟེན་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། ། ཞེས་དང༌། འཇུག་པ་ལས། ཐ་སྙད་བདེན་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་འབྱུང་གྱུར་པ་དེ། །དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པས་ལམ་ངན་ཞུགས། །ཞེས་གསུངས་པས། སློབ་དཔོན་དེ་ཉིད་ཀྱིས་ཀྱང་དེའི་རྣམ་པར་བཞག་འཇོག་སྟོན་བཞེད་ནས། གོང་གི་གཞུང་ཚིག་དེ་གཉིས་མཛད་པ་ཡིན་ལ། དེ་ཡང་དོན་དང་ཐ་སྙད་གཉིས་ཀྱི་ཚད་མ་སོ་སོར་མཚོན་པར་བྱེད་པའི་རྣམ་འཇོག་གྱི་རྒྱུ་ཉིད་བསྟན་པར་བྱེད་པ་སྟེ། སྤྱི་དོན་སྙིང་པོར།[༣༢] མདོར། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཞེས་བསྟན་པའི་ཚིག་ཟུར་གྱི་ཚད་མ་དེ་ཡང་། ཀུན་ཏུ་ཐ་སྙད་པའི་ཚད་ལ་བརྟེན་ནས་རྟོགས་པར་བྱ་དགོས་པས། དང་པོར་དེའི་རྣམ་པར་བཞག་འཇོག་སྟོན་བཞེད་ནས། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་དང་། ཕྱིས་དོན་དམ་པར་རང་གི་མཚན་ཉིད། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པས་སྟོན་པར་མཛད་དོ། །ཅེས་དང༌། འཇམ་དབྱངས་དགོངས་རྒྱན་དུ[༣༣] བསླུ་བ་མེད་པ་ཅན་གྱི་ཤེས་པ་ཀུན་ཏུ་ཐ་སྙད་པའི་ཚད་མའི་མཚན་ཉིད་དང་། མ་ཤེས་པའི་དོན་གྱི་གསལ་བྱེད་དོན་དམ་པའི་ཚད་མའི་མཚན་ཉིད། ཅེས་པས་སོ། །དེ་ལྟར་རྣམ་འགྲེལ་ལེའུ་དང་པོར་ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་དང་། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་གཞུང་ཚིག་འདི་ཡིས་བསྟན་བྱར་ འགྱུར་པའི་ཚད་མ་ལ་དོན་དམ་པའི་ཚད་མ་དང་ཐ་སྙད་ཀྱི་ཚད་མའི་རབ་དབྱེ་གཉིས་སུ་གསུངས་པ་འདི་ནི། དབུ་མ་པ་རྣམས་ཀྱིས། བསོད་ནམས་མ་ཡིན་པ་བཟློག་པ་ཞེས་འཇོག་པ་དེའི་གནས་སྐབས་སུ་ཡིན་པས་སོ།། བར་དུ་དེ་བདག་བཟློག་པ་དེའི་གནས་སྐབས་སུ་ཡུལ་ཀུན་རྫོབ་ནི་བདེན་པ་མི་རུང་བ་ཉིད་ཀྱིས་ཕྱིར། དེའི་ཡུལ་ཅན་ཐ་སྙད་པའི་ཚད་མ་དེ་ཡང་ བདེན་པ་མི་རུང་བ་བསྟན་ནས། ཡུལ་བདེན་པ་ནི་གཅིག དེ་འཇལ་བྱེད་ཀྱི་ཡུལ་ཅན་ཚད་མ་ཡང་གཅིག་ཁོ་ན་ཏེ། ཀུན་མཁྱེན་བླ་མས། རྣམ་བཞག་གཉིས་པའི་དབང་དུ་མཛད་ནས། ཀུན་རྫོབ་ནི་གཏི་མུག་གམ་རང་བཞིན་སྒྲིབ་པ་དེ་ཡིན་པས་བདེན་པ་མི་རུང་ཉིད་ཀྱིས། དེའི་ཡུལ་ཅན་ ཀུན་ཏུ་ཐ་སྙད་པའི་ཚད་མ་དེ་ཡང་ཚད་མ་མི་རུང་ངོ། །དེ་བས་ན་བདེན་པ་ནི་གཅིག་སྟེ། དོན་དམ་པའི་བདེན་པའོ།། ཚད་མ་ཡང་གཅིག་སྟེ་ རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །དེ་ཡང་རིགས་པ་དྲུག་ཅུ་པ་ལས། མྱ་ངན་འདས་བདེན་གཅིག་པུར། །རྒྱལ་བ་རྣམས་ཀྱིས་ གང་གསུངས་པ། །དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་སུ་ཞིག་རྟོགས་མི་བྱེད། །ཅེས་དང༌། འཇུག་པ་ལས། རྣམ་པ་ཐམས་ཅད་མཁྱེན་ཉིད་ནི། །མངོན་སུམ་མཚན་ཉིད་ཅན་དུ་འདོད། །གཞན་ནི་ཉི་ཚེ་བ་ཉིད་ཀྱི། །མངོན་སུམ་ཞེས་བྱར་མི་འདོད་དོ། །ཞེས་དང་། རྣམ་འགྲེལ་ལས། གཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི། །མི་འདོད་ཅེས་དང་། སློབ་དཔོན་ཆོས་མཆོག་གི་འཐད་ལྡན་ལས། གལ་ཏེ་ཐམས་ཅད་མཁྱེན་པའི་མཁྱེན་པ་ལ་བལྟོས་ནས་ཤེས་པ་འདི་ཐམས་ཅད་བསླུ་བ་ཡིན་ལ། །ཞེས་འབྱུང་བས་སོ། །

གཉིས་པ་ནི། གཞན་དག་ན་རེ། ཚད་མ་དེ་གཉིས་ལ་ཁྱབ་པའི་ཚད་མ་སྤྱིའི་མཚན་ཉིད་བསྟན་པའི་གཞུང་ཚིག་སྔར་དྲངས་པ་དེ་ལས་གཞན་པ་ཡོད་དམ་མེད། ཡོད་ན་ངོས་འཛིན་དགོས་ལ། མེད་ན་ཚད་མ་དེ་གཉིས་ལ་ཁྱབ་པའི་ཚད་མ་སྤྱིའི་མཚན་ཉིད་མ་བསྟན་པས་སྐྱོན་དུ་འགྱུར་རོ་སྙམ་ན། དེ་ལྟ་བུའི་སྐྱོན་དེ་རིགས་པ་མ་ཡིན་ཏེ། ཡུལ་ཅན་ཚད་མ་དེ་གཉིས་གྱི་ཡུལ་གྱི་རྣམ་པ་མི་མཐུན་ཙམ་མ་ཡིན་པར་ཡུལ་ཤིན་ཏུ་ནས་མི་མཐུན་པས་སོ་ཞེས་དགོངས་ནས། རྣམ་འགྲེལ་དུ། ཡུལ་རྣམ་ཅན་ནི་ཐ་དད་པས། །བློ་ཡི་རྟོགས་ཐ་དད་ཕྱིར། །ཞེས་གསུངས་པས་སོ། ། ཆོས་རྗེ་ས་པཎ་གྱིས་ཚད་མ་རིགས་གཏེར་དུ། མི་བསླུ་མ་ཤེས་དོན་གསལ་གཉིས། །རྣམ་གྲངས་པའང་ཕྱེ་སྟེ་སྨྲ། །ཞེས་དང༌། མཚན་ཉིད་གཉིས་ཀྱིས་འཇོག་ན་ནི། མཚོན་བྱ་དེ་ཡང་གཉིས་སུ་འགྱུར། །ཞེས་དོན་དམ་པའི་ཚད་མ་དང་ཐ་སྙད་པའི་ཚད་མ་གཉིས་སུ་བྱེད་པའང་ཚད་མ་སྤྱིའི་མཚན་ཉིད་ཅི་ཡིན་ཞེས་དྲིས་ན་སོ་སོའི་མཚན་ཉིད་འདི་ཡིན་ཞེས་བརྗོད་པ་མ་འབྲེལ་བ་དང་། སྤྱིའི་མཚན་ཉིད་མེད་ན་ཚད་མ་ཞེས་མཚོན་བྱ་ གཅིག་མི་འཐད་པའི་ཕྱིར་རོ། །ཞེས་སྐྱོན་འཕེན་པར་བྱས་ཀྱང་། དེ་ལྟ་བུའི་སྐྱོན་དེ་རང་ལུགས་ལ་ཡོད་པ་མ་ཡིན་ཏེ། མི་བསླུ་བ་དང་མ་ཤེས་དོན་གསལ་གཉིས་དོན་ལྡོག་རྣམ་གྲངས་པ་མིན་པ་མ་ཟད་ཚད་མ་དེ་གཉིས་ལས་གཞན་པའི་ཚད་མ་ཕུང་གསུམ་ཞིག་ཤེས་བྱ་ལ་མི་སྲིད་པས་དེ་མཚན་པར་བྱེད་པའི་མཚན་ཉིད་གང་གིས་འཇོག་བསམ་པར་བྱ་དགོས་སོ། ། སློབ་དཔོན་ཉིད་ཀྱིས་ཀྱང། གཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི།། མི་འདོད། ཅེས་གསུངས་པས་དེའི་དོན་ཀུན་མཁྱེན་བླ་མས[༣༤] དེ་ལྟར་བཤད་པ་ནི་ཀུན་རྫོབ་སྟེ། དོན་དམ་པའི་ཚད་ལ་ལྟོས་ནས་ཚད་མར་མི་འདོད་དེ། གཟུང་བ་འཛིན་པའི་ཕྱིར་རོ།། ཐ་སྙད་ཚད་མ་ནི་མ་ཤེས་དོན་གསལ་མ་ཡིན་ཏེ། ཚད་མ་རྒྱན་ལས། ཀུན་རྫོབ་ཀྱི་ཤེས་པ་ནི་མ་ཤེས་པའི་དོན་གསལ་བར་བྱེད་པ་མ་ཡིན་ནོ། ། དེས་ནི་མ་ཤེས་པའི་དོན་འགར་ཡང་གསལ་བ་མ་ཡིན་ཏེ། སོ་སོར་གཟུང་བའི་གཟུགས་ལ་སོགས་པ་ཉིད་རྣམ་པར་རྟོག་པའི་ཕྱིར་རོ། །ཞེས་དང་། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པའི་འགྲེལ་པར། འདིས་མ་ཤེས་པའི་དོན་གསལ་བར་བྱེད་པས་ན་གསལ་བྱེད་དེ། མ་ཤེས་པའི་དོན་གསལ་བར་བྱེད་པའི་ཤེས་པ་ཚད་མ་ཡིན་ནོ། ། ཀུན་རྫོབ་པའི་ཤེས་པ་ནི་མ་ཤེས་པའི་དོན་གསལ་བར་བྱེད་པ་མ་ཡིན་ནོ། །ཞེས་དང་། མ་ཤེས་པའི་དོན་སྨོས་པས་ནི་གཟུང་བ་འཛིན་པའི་ཤེས་པ་སྤོང་བར་ནུས་ཀྱི། མི་བསླུ་བ་སྨོས་པས་ནི་མ་ཡིན་ཏེ། མི་བསླུ་བ་ཡིན་ཡང་ཀུན་རྫོབ་ཏུ་ཡོད་པ་དོན་དུ་མ་གྲུབ་པའི་ཕྱིར་རོ། །ཞེས་པས་སོ། །ཀུན་མཁྱེན་བླ་མས་ཀྱང། རྣམ་བཤད་མཛད་པ་གཞན་ནི་དེ་གཉིས་ཀྱི་ལུགས་ཟློས་པར་འདུག་གོ །ཞེས་གསུངས། དེ་ལྟར་རྒྱ་གར་འཕགས་པའི་ཡུལ་གྱི་གཞུང་བཟང་དྲི་མས་མ་ སྦགས་པ་རྣམས་ལ་བལྟས་པ་ཡིན་ན་དོན་དམ་ཚད་མ་དང་ཐ་སྙད་ཚད་མ་དེ་གཉིས་ལས་གཞན་པའི་ཚད་མ་ཕུང་གསུམ་ཞིག་བསྟན་པའི་ལུག་ཚིག་འགའ་ཡང་མི་སྣང་པས་སོ། འོ་ན་སྔར་གྱི་གཞུང་ཚིག་དེ་གཉིས་ཀྱི་རྣམ་འཇོག་གི་རྒྱུ་ཉིད་བསྟན་པར་མཛད་ན། རྣམ་འཇོག་གི་རྒྱུའི་འབྲས་བུ་བསྟན་པའི་གཞུང་ཚིག་གང་གིས་སྟོན་སྙམ་ན། དེ་ཉིད་དུ། རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་ཚད་མ་ཉིད། །ཞེས་བསྟན་པར་མཛད་དོ། ། དེ་ཡང་ཀུན་མཁྱེན་བླ་མས། དོན་དམ་པའི་ཚད་མ་ནི་གཞན་གྱི་རྐྱེན་གྱིས་རྟོགས་པར་བྱ་བ་མ་ཡིན་ཏེ། སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱི་སྤྱོད་ ཡུལ་ཡིན་པས་སོ། ། ཇི་སྐད་དུ། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་པས་སོ། ། ཀུན་ཏུ་ཐ་སྙད་པའི་ཚད་མ་ ནི་ཐ་སྙད་ཀྱི་ཡུལ་དཔྱད་ནས་དོན་ཐོབ་པར་བྱེད་པས་ཐ་སྙད་དུ་ཚད་མར་བཞག་པ་ཡིན་ནོ། ། དེ་ལྟར་ཡང་ཛ་མ་རིས་རྒྱན་གྱི་འགྲེལ་བཤད་དུ། སྔར་གྱི་རང་ལས་རང་གི་ངོ་བོ་རྟོགས་ཞེས་པས་དོན་དམ་པའི་ཚད་མ་བསྟན་ནས། ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་ཐ་སྙད་པའི་ཚད་མ་ སྟོན་པས་ན། དོན་དམ་པར་ཇི་སྐད་བཤད་པ་རང་རིག་པ་གཅིག་ཉིད་ཚད་མ་ཡིན་གྱི་ཡུལ་གཞན་དང་ལྡན་པ་ནི་མ་ཡིན་ནོ། །ཞེས་གསུངས་ སོ། ། རྣམ་བཞག་དང་པོའི་སྐབས་འདིར་དོན་དང་ཐ་སྙད་གཉིས་སུ་ཕྱེ་བ་ལ་དགོས་པ་ཅི་ཡོད་སྙམ་ན། དེ་ཡང་ཀུན་ཏུ་ཐ་སྙད་པའི་ཚད་མ་ ཐབས་དང་དོན་དམ་པའི་ཚད་མ་ཐབས་བྱུང་ཡིན་པར་སྟོན་པའི་ཕྱིར་གསུངས་པ་ཡིན་ཏེ། ཀུན་མཁྱེན་བླ་མས། དང་པོ་བླང་དོར་མ་ནོར་བ་ལ་ཞུགས་པ་ཐབས་དང་། དོན་དམ་པ་ཐབས་བྱུང་དུ་སྟོན་པའི་ཚད་མ་ཡིན་པའི་ཕྱིར། ཞེས་གསུངས་པས་སོ། ། གོང་གི་རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་པའི་གཞུང་ཚིག་འདི་ནི་མཁས་པ་གཞན་གྱིས་རང་ངེས་དང་གཞན་ངེས་ཚད་མ་གཉིས་སྟོན་པའི་གཞུང་ཚིག་དུ་དྲངས་པ་ཡང་སྣང་ངོ༌། ། རང་ལུགས་ལ་རང་ངེས་དང་གཞན་ངེས་ཚད་མ་བཞེད་དང་བཞེད་མེད་ལ་ཅུང་ཟད་ཅིག་ཞུ་ན། དེ་ཡང་ཀུན་མཁྱེན་བླ་མས་ཐ་སྙད་ཀྱི་བདེན་པ་བསྟན་པའི་སྐབས་སུ་མདོ་སྡེ་པའི་གྲུབ་མཐའ་དང་སྒོ་བསྟུན་ནས་ཀུན་ཏུ་ཐ་སྙད་པའི་ཚད་མའི་རབ་དབྱེ་འཆད་པའི་སྐབས་སུ། མདོར། མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའོ་མཚན་ཉིད་གཉིས་གཞལ་བྱ། །ཞེས་དང་། རྣམ་འགྲེལ་ལས། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་དང་། དེ་ནི་རང་གཞན་ངོ་བོ་ཡིས། །རྟོགས་ཕྱིར་གཞལ་བྱ་ གཉིས་སུ་བཞེད། །ཅེས་གསུངས་པས་ཐ་སྙད་ཚད་མ་ལ་མངོན་སུམ་དང་རྗེས་དཔག་གཉིས་སུ་དབྱེ་བའོ། ། མདོ་སྡེ་པའི་ལུགས་འདིར་དེ་ལས་གཞན་ངེས་པ་འདྲེན་ཚུལ་གྱི་སྒོ་ནས་རང་ངེས་གཞན་ངེས་ཀྱི་ཚད་མ་དེ་གཉིས་སོ་སོའི་ནང་གསེས་དང་བཅས་པ་བཤད་པ་ནི། བོད་ཀྱི་ཕྱྭ་བསྡུས་ཞེས་པའི་རིགས་པ་སྟེ། མདོ་སྡེ་པའི་ལུགས་ལ་དེ་ལྟར་བཤད་པ་ནི་འཕགས་པའི་ཡུལ་ཀྱི་གཏན་ཚིག་རིགས་པའི་ལུང་གར་ཡང་མི་སྣང་ལ། སློབ་དཔོན་ཆོས་མཆོག་གི་འཐད་ལྡན་དུ་ཡང་། ཡུལ་ལ་བལྟོས་ནས་ཀྱང་ཚད་མའམ་ཚད་མ་མ་ཡིན་པ་ཡིན་པའི་ཕྱིར། ཡུལ་ལ་བལྟོས་པ་དེ་ཁོ་ནས་དེ་དབྱེ་བར་བྱ་བ་ཡིན་ནོ། ། དེའི་ཕྱིར་ཚད་མའི་དབྱེ་བའི་རྒྱུ་མཚན་ནི་ཡུལ་གྱི་དབྱེ་བ་ཙམ་ཡིན་པའི་ཕྱིར། ཞེས་ཁོ་ནས་བཞག་པ་དང༌། ཙམ་སྒྲས་ལྷག་མ་ཡོད་པ་འགོག་པས་སོ། །ཞེས་གསུངས་པའི་གཞུང་ཚིག་ལ་བལྟས་པ་ཡིན་ན་མདོ་སྡེ་པའི་ལུགས་འདིར་ཐ་སྙད་ཚད་མའི་རབ་དབྱེ་འཆད་པའི་སྐབས་སུ་མངོན་རྗེས་གཉིས་ལས་གཞན་པའི་རང་ངེས་དང་གཞན་ངེས་ཚད་མ་སོ་སོའི་ནང་གསེས་དང་བཅས་པ་འདོད་པའི་ལུགས་ནི་མི་འཐད་པར་འགོག་པར་སེམས་སོ། ། སྤྱིར་བཏང་རང་ངེས་གཞན་ངེས་ཚད་མ་བཞེད་དང་མི་བཞེད་སྙམ་ན། རྣལ་འབྱོར་སྤྱོད་པའི་དབུ་མ་པའི་སློབ་དཔོན་ཀ་མ་ལ་ཤིརིའི་ཚད་མའི་དེ་ཁེ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས། དཔེར་ན་རང་རིག་པས་མངོན་སུམ་དང་རྣལ་འབྱོར་པའི་ཤེས་པ་དང་དོན་བྱེད་པའི་ཤེས་པ་དང་རྗེས་སུ་དཔག་པ་དང་གོམས་པ་དང་ལྡན་པའི་མངོན་སུམ་ལྟ་བུ་སྟེ། དེས་ན་འཁྲུལ་པའི་རྒྱུ་སྤངས་པའི་ཕྱིར་གོམས་པའི་སྟོབས་ཀྱིས་རང་ཉིད་ལས་ངེས་པ་ཡིན་ནོ། །ཅུང་ཟད་ཅིག་ནི་གཞན་ལ་སྟེ་དཔེར་ན་རྩོད་པའི་ གཞིར་གྱུར་པའི་སྐུལ་བར་བྱེད་པ་ལས་བྱུང་བའི་ཤེས་པ་དང་འཁྲུལ་པའི་རྒྱུ་མཚན་མ་སྤངས་པའི་མངོན་སུམ་ལྟ་བུ་སྟེ། གོམས་པ་དང་དོན་བྱེད་པའི་ཤེས་པ་དག་མཐོང་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་རྗེས་སུ་དཔག་པ་ལ་སོགས་པ་ལ་ཁྱེད་ཀྱི་ལུགས་ཀྱིས་རྣམ་པར་གཅོད་པར་མི་འགྱུར་ཏེ། དེ་ནི་རང་ཁོ་ན་ལས་ཚད་མ་ཉིད་ཡིན་པའི་ཕྱིར་རོ།། གཞན་ཡང་སློབ་དཔོན་ཤཱཀྱ་བློས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་ལས། ཁྱད་པར་ཡང་གོམས་པ་ལས་ངེས་པ་ཡིན་ཏེ་ཇི་སྐད་དུ། ནོར་བུ་གཟུགས་བྱས་ལ་སོགས་ལ། །དེ་རིག་ཤེས་པ་རྗེས་དཔག་ལས། །བྱུང་མིན་གཞན་རྣམས་ལ་བརྗོད་མེད། །གོམས་པ་ཉིད་ལས་སྐྱེ་བར་འགྱུར། །ཞེས་བཤད་པས་སོ། །

སླར་སྨྲས་པ།

འགྲོ་ལ་ཕན་བདེ་འབྱུང་བའི་གཞི་གཅིག་པུ།།

དཔལ་ལྡན་འབྲུག་པའི་བསྟན་པ་རིན་པོ་ཆེ།།

ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་དང༌།།

འགྲོ་ཀུན་ཐབས་མཁས་དེ་ཡིས་གྲོལ་གྱུར་ཅིག།

ཅེས་པའང་གསེར་ལུང་པད་དཀར་ཆོས་གླིང་དགོན་འཛིན་གྲ་ཚང་གི་སློབ་སྟོན་པ་སངས་རྒྱས་བསྟན་འཛིན་གྱིས་བྲིས་པ་དག་ལེགས་སུ་གྱུར་ཅིག ། སྤྱི་ཚེས ༠༡/༠༨/༢༠༢༤ ལ་ཡོངས་འབྲེལ་ཐོག་སྤེལ་ཡོད།

༼ཚད་མའི་མཚན་ཉིད་ལ་དཔྱད་པ་སྤྲོ་བའི་ཐིག་པ།༽

[ཞུན་དག]

མཆོད་བརྗོད་ནི། ཕྱོགས་བཅུའི་དགེ་བ་མ་ལུས་ཐམས་ཅད་དང༌། །ཤེས་རབ་ལྷ་མཆོག་རྗེས་བཙུན་འཇམ་དཔལ་དབྱངས། ། དབྱེར་མེད་བླ་མ་པད་མ་དཀར་པོ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ནས། །[༣༥]

དམ་བཅའ་བ་ནི། ཀུན་མཁྱེན་བླ་མའི་གཞུང་ལུགས་རྒྱ་མཚོ་ལྟར། །ཇི་བཞིན་སྤོགས་པའི་ནུས་པ་མེད་ཀྱང་རུང་། ། སྤྲོ་བའི་ཁབ་ཀྱི་རྩེ་མོས་ཐིག་པ་ཙམ། །ལེན་པར་འདོད་པས་ཅུང་ཙམ་བཤད་པར་བྱ། །ཞེས་མཆོད་པར་བརྗོད་པ་དང་དམ་བཅའ་བའི་ཚིག་གི་མེ་ཏོག་སྔོན་དུ་འཐོར་ནས། སྐབས་འདི་ཉིད་བཤད་པར་བྱེད་པ་ལ་ས་བཅད་རྣམ་པ་གསུམ་ཡོད་དེ། གཞན་ལུགས་བརྗོད་པ་དང་དེ་དགག་པ་དང་། དེ་ལ་རང་ལུགས་སམ་བསམ་ཚུལ་བཞག་པ་དང། དེ་ལ་རྩོད་པ་སྤོང་བ་སྟེ་གསུམ་མོ།།

དང་པོ་གཞན་ལུགས་བརྗོད་པ་དང་དེ་དགག་པ་ནི། ཁ་ཅིག་གིས། ཚད་མ་སྤྱི་ལ་ཁྱབ་པའི་མཚན་ཉིད་མེད་དེ། ཚད་མ་གཉིས་ཀ་དང་མཚོན་མཚན་གྱི་འབྲེལ་བ་གྲུབ་པའི་མཚན་ཉིད་ཅིག་མེད་པའི་ཕྱིར། ཞེས་པ་དེ་མི་འཐད་དེ། ཀུན་མཁྱེན་བླ་མས། གཞན་དག་གིས་ཚད་མ་སྤྱིའི་མཚན་ཉིད་ཡོད་འདོད་པ་དེ་རང་ལུགས་ཀྱིས་དགག་པའི་ཚེ་གཞན་དག་གིས་དེ་ལྟར་འདོད་པ་ཡང་མ་ཡིན་ལ་བླ་མས་དེ་འགག་པ་ཡང་མ་ཡིན་པས་སོ། །ཡང་ཁ་ཅིག་གིས། ཚད་མ་སྤྱི་ལ་ཁྱབ་པའི་མཚན་ཉིད་མེད་དེ། ཚད་མ་དེ་གཉིས་ཀ་ཡིན་པ་མེད་པའི་ཕྱིར་ཏེ། ཁྱོད་གཉིས་ཀྱི་ཡིན་པ་མེད་པའི་ཕྱིར་རོ། །ཞེས་པ་ཡང་འཐད་མིན་ཏེ། དེ་ལ་སྐྱོན་དང་པོ་ནི་གོང་དུ་བརྗོད་པ་བཞིན་དང་། སྐྱོན་གཉིས་པ་ནི། ཀུན་ཏུ་ཐ་སྙད་པའི་ཚད་མ་དང་མངོན་སུམ་ཚད་མ་སྤྱི་ལ་ཁྱབ་པའི་མཚན་ཉིད་ཡོད་པ་ཐལ། ཁྱོད་གཉིས་ཀྱི་ཡིན་པ་ཡོད་པའི་ཕྱིར་ཏེ། དབང་མངོན་དེ་ དེ་ཡིན་པའི་ཕྱིར། ཡོད་ན་གང་ཡིན་དང་པོའི་མཚན་ཉིད་བཞག་ན་རྗེས་དཔག་ཚད་མ་ཡང་ཁྱོད་གཉིས་ཀྱི་ཡིན་པར་འགྱུར་ལ། གཉིས་པའི་མཚན་ཉིད་བཞག་ན་མཚོན་བྱ་ཁྱབ་ཆེ་བ་འགྱུར་ལ། གཉིས་ཀའི་མཚན་ཉིད་བསྡོམ་སྟེ་བཞག་ན་དོན་དམ་དང་ཐ་སྙད་ཚད་མ་སྤྱིར་ལ་ཁྱབ་པའི་མཚན་ཉིད་ཀྱང་ཡོད་པ་འགྱུར་རོ། །ཡང་ཁ་ཅིག་གིས། ཚད་མ་སྤྱི་ལ་ཁྱབ་པའི་མཚན་མེད་དེ། དེ་གཉིས་མ་ཡིན་པའི་ཚད་མ་ཕུང་གསུམ་པ་མེད་པའི་ཕྱིར། ཞེས་པའང་ཡང་དག་མིན་ཏེ། དེ་གཉིས་མ་ཡིན་པའི་ཚད་མ་ཕུང་གསུམ་པ་མེད་པ་ཙམ་གྱིས་ཚད་མ་སྤྱིའི་མཚན་ཉིད་ཡོད་པ་མི་འདོད་པ་ནི་མཁས་པའི་བཞེད་པ་ཡིན་པར་མ་ཚོར་ཏེ། མངོན་སུམ་དང་རྗེས་ཚད་མ་མ་ཡིན་པའི་ཀུན་ཏུ་ཐ་སྙད་པའི་ཚད་མ་ཕུང་གསུམ་པ་མེད་ཀྱང་། དེ་གཉིས་སྤྱི་ལ་ཁྱབ་པའི་མཚན་ཉིད་ཡོད་པའི་ཕྱིར་ཏེ། རྣམ་འགྲེལ་ལས། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་ཀུན་ཏུ་ཐ་སྙད་པའི་ཚད་མ་སྤྱིའི་མཚན་ཉིད་བསྟན་ལ། མངོན་སུམ་དང་རྗེས་དཔག་རེ་རེ་ནས་གང་གི་མཚན་ཉིད་ཀྱང་མ་བསྟན་པའི་ཕྱིར་རོ། །

གཉིས་རང་ལུགས་སམ་བསམ་ཚུལ་བཞག་པ་ནི། དང་པོ་ཚད་མ་སྤྱིའི་མཚན་ཉིད་ཡོད་མེད་ལ་གཞན་དག་གི་འདོད་པ་ཤེས་དགོས་པ་འདུག དེ་ཡང་གཞན་དག་གིས། ཚད་མ་རྣམ་འགྲེལ་ནས་གསུངས་པའི། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་དང་། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པའི་ཚིག་བཅད་གཉིས་ཀྱིས་ཚད་མ་སྤྱིའི་མཚན་ཉིད་སྟོན་པ་བཞེད་ལ། རང་ལུགས་ཀྱི་འདོད་པ་ནི་འདི་མིན་ཏེ། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པས་ཀུན་ཏུ་ཐ་སྙད་པའི་ཚད་མའི་མཚན་ཉིད་སྟོན་པ་དང༌། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པས་དོན་དམ་ཚད་མའི་མཚན་ཉིད་སྟོན་པ་འདོད་པ་ཡིན་ཏེ། སྤྱི་དོན་རིགས་པའི་སྙོང་པོ་ལས། དང་པོ་འདིའི་རྣམ་པ་བཞག་འཇོག་སྟོན་བཞེད་ནས། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་དང་། ཕྱིས་དོན་དམ་པ་རང་གི་མཚན་ཉིད་མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པས་སྟོན་པ་མཛད་དོ། །ཞེས་གསུངས་སོ། །དེ་ལ་གཞན་དག་གིས། རྣམ་འགྲེལ་ནས་ཚད་མ་སྤྱིའི་མཚན་ཉིད་སྟོན་པའི་གཞུང་ཚིག་འདི་ནི་དེ་གཉིས་མ་གཏོགས་གཞན་མེད་ལ། དེ་གཉིས་ཀྱིས་ཚད་མ་སྤྱིའི་མཚན་ཉིད་སྟོན་པ་འདི་ནི་ཁྱོད་ཀྱི་མི་འདོད་པས། དེ་ལྟར་ན་རྣམ་འགྲེལ་ནས་ཚད་མ་སྤྱིའི་མཚན་ཉིད་མ་སྟོན་པའི་སྐྱོན་དུ་འགྱུར་རོ་སྙམ་ན། འདིའི་ལན་དུ། ཚིགས་བཅད་འདི་གཉིས་ཀྱིས་ཚད་མ་སྤྱིའི་མཚན་ཉིད་དེ་ནི་སྟོན་པ་མི་རིགས་ཏེ། ཚིགས་བཅད་འདི་གཉིས་ཀྱི་མཚོན་པའི་བློ་དེ་གཉིས་ཡུལ་གྱི་རྣམ་པ་ཤིན་ཏུ་མི་མཐུན་པས་སོ་ཞེས་དགོངས་ཏེ། རྣམ་འགྲེལ་ལས། ཡུལ་རྣམ་ཅན་ནི་ཐ་དད་པ། །བློས་རྟོགས་པ་ཐ་དད་ཕྱིར། །ཞེས་གསུངས་སོ། །ཞེས་རང་གི་འདོད་པ་གྲུབ་པའི་ཕྱིར་ལན་དེ་ལྟར་བརྗོད་པ་བསམ་མོ། །ཀུན་མཁྱེན་གྱིས་སྤྱི་དོན་རིགས་པའི་སྙོང་པོ་ལས། དེ་ལྟར་ན་ཚད་མ་ལ་དོན་དང་ཐ་སྙད་ཀྱི་རབ་དབྱེ་གཉིས་གསུངས་པ་འདི་ནི། ཞེས་ དང་། ཚད་མ་ལ་ཐ་སྙད་པ་དང་། དོན་དམ་པའི་ཚད་མ་གཉིས་སུ་ཕྱེ་བའི་དགོས་པ་ཡོད་དེ། ཞེས་གསུངས་པའི་ ཚིག་དག་ལ་བསམ་ན། ཚད་མ་སྤྱི་ཡོད་པ་དང་དེ་ལ་དོན་དང་ཐ་སྙད་ཀྱི་རབ་དབྱེ་གཉིས་ཡོད་པ་བཞེད་དོ་སྙམ་མོ། །ཚད་མ་སྤྱི་ཡོད་པས་འདིའི་མཚན་ཉིད་ཀྱང་དགོས་པ་འདུག་པས། འདིའི་མཚན་ཉིད་ནི། རང་ཡུལ་གཙོ་བོ་ལ་མ་འཁྲུལ་བའི་བློ་དེ་བཞག་པའོ། །མཚན་ཉིད་དེ་རྣམ་འགྲེལ་གྱི་གཞུང་དག་ནང་མ་མཇལ་ཡང་དེ་བཞག་པ་ལ་མ་འཐད་པ་མ་ཚོར་བས་བཞག་པ་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ། །ཚད་མ་གཉིས་ཀ་མཚན་ཉིད་འདི་དང་ལྡན་ཏེ། རང་ཡུལ་གཙོ་བོ་ལ་མ་འཁྲུལ་བ་ནི། དེ་གཉིས་ཀ་ཚད་མ་ཡིན་པས་ན་རང་ཡུལ་རྟོགས་པའི་ཁྱབ་པས་གྲུབ་ནུས་ལ། བློ་ཡིན་པ་ཡང་གྲུབ་སྟེ། རྣམ་འགྲེལ་ལས། ཡུལ་རྣམ་ཅན་ནི་ཐ་དད་པ། །བློས་རྟོགས་པ་ཐ་དད་ཕྱིར། །ཞེས་དང་། སྤྱི་དོན་རིགས་པའི་སྙོང་པོ་ལས། བློ་དེ་གཉིས་ཡུལ་གྱི་རྣམ་པ་ཤིན་ཏུ་མི་མཐུན་པས་སོ། །ཞེས་ཚད་མ་དེ་གཉིས་ཀ་བློ་ཡིན་པ་སྟོན་ནོ། །ཡང་ན། མི་བསླུ་བའི་བློ་དེ། ཚད་མ་སྤྱིའི་མཚན་ཉིད་བཞག་པ་ཡང་མ་འཐད་པ་མ་ཚོར་ཏེ། འདི་ནི་ཀུན་མཁྱེན་གྱིས་ཀྱང་བཞེད་པ་སྣང་སྟེ། སྤྱི་དོན་དུ། དེ་ལ་བཅོམ་ལྡན་འདས་ནི་ཀུན་ཏུ་ཐ་སྙད་པའི་ཚད་མའི་མཚན་ཉིད་དང་འདྲ་ཞིང་དོན་དམ་པའི་ཚད་མ་ངོ་མ་ཡིན་པས་ན། ཞེས་དང་། འཇམ་དབྱངས་དགོངས་རྒྱན་དུ། ཀུན་རྫོབ་དང་དོན་དམ་པའི་ཚད་མའི་མཚན་ཉིད་རྣམ་པར་གཞག་པའི་མཚན་ཉིད་ཕྱི་མ་དང་ལྡན་པས་སམ། སྔ་མ་དང་འདྲ་བས་ཀྱང་བཅོམ་ལྡན་འདས་ཚད་མར་བཞག་གོ། །ཞེས་གསུངས་པའི། ཀུན་ཏུ་ཐ་སྙད་པའི་ཚད་མའི་མཚན་ཉིད་དང་འདྲ་ཞིང་། ཞེས་པ་དང་། སྔ་མ་དང་འདྲ་བ་ཞེས་པ་ནི། མི་བསླུ་བ་ཡིན་པ་འདྲ་བ་སྣང་ངོ་། །བློ་ཡིན་པ་ནི་གོང་དུ་བཤད་པ་བཞིན་ནོ། །

གསུམ་པ་དེ་ལ་རྩོད་པ་སྤོང་བ་ནི། ཁ་ཅིག་གིས། ཚད་མ་དེ་གཉིས་ཀ་ཡིན་པ་ཡོད་པ་ཐལ། ཚད་མ་སྤྱི་ཡོད་པ་དང་དེ་གཉིས་སྤྱིར་ལ་ཁྱབ་པའི་མཚན་ཉིད་ཡོད་པའི་ཕྱིར། ཞེ་ན་མ་ཁྱབ་སྟེ། ཁྱོད་གཉིས་ཀྱི་སྤྱིར་ཡོད་པ་དང་དེ་གཉིས་སྤྱིར་ལ་ཁྱབ་པའི་མཚན་ཉིད་ཡོད་པ་ཙམ་གྱིས་ཁྱོད་གཉིས་ཀ་ཡིན་པ་མིན་དགོས་ཏེ། མངོན་སུམ་དང་རྗེས་དཔག་ཚད་མ་གཉིས་ཀ་ཡིན་པ་མེད་ཀྱང་ཁྱོད་གཉིས་ཀྱི་སྤྱི་ཡོད་ལ། ཁྱོད་གཉིས་སྤྱི་ལ་ཁྱབ་པའི་མཚན་ཉིད་ཀྱང་ཡོད་པའི་ཕྱིར་ཏེ། ཀུན་ཏུ་ཐ་སྙད་པའི་ཚད་མ་དང་འདིའི་མཚན་ཉིད་དེ་ཡིན་པའི་ཕྱིར་རོ། །ཡང་ཁ་ཅིག་གིས། དོན་དམ་དང་ཐ་སྙད་ཚད་མ་མ་ཡིན་པའི་ཚད་མ་ཕུང་གསུམ་པ་ཡོད་ཐལ། དེ་གཉིས་ཀ་མ་ཡིན་པའི་ཚད་མ་ཞིག་ཁས་ལེན་པའི་ཕྱིར། ཞེས་ན་མ་གྲུབ་སྟེ། དོན་དམ་དང་ཐ་སྙད་ཚད་མ་མ་ཡིན་པའི་ཚད་མ་ཕུང་གསུམ་པ་ཞིག་ཁས་ལེན་པ་མིན་ལ་དེ་གཉིས་ཀྱི་དབྱེ་གཞིར་འགྱུར་པའི་ཚད་མ་ཁས་ལེན་པ་ཙམ་ཡིན། དབྱེ་གཞི་དེ་ཡིན་ན་ཁྱོད་གཉིས་གང་རུང་ཡིན་པས་ཁྱབ་པས་སོ། །ཡང་ལ་ལས། ཁྱོད་ཀྱི་འདོད་པ་དེ་ཀུན་མཁྱེན་བླ་མའི་དགོངས་པ་དང་འགལ་ཏེ། ཀུན་མཁྱེན་གྱིས་གང་མེད་ཅེས་གསུངས་པ་དེ་ཁྱོད་ཀྱིས་ཡོད་པ་འདོད་དེ། སྤྱི་དོན་རིག་པའི་སྙིང་པོ་ལས། དེ་ནི་བསྟན་པ་མི་རིགས་ཏེ། ཞེས་ཚད་མ་སྤྱིའི་མཚན་ཉིད་ཡོད་པ་མི་འདོད་པ་གསུངས་པ་དེ། ཁྱོད་ཀྱིས་ཡོད་པ་འདོད་པས་སོ། །ཞེས་པའི་ལན་ནི་གོང་དུ་རང་ལུགས་བཞག་པ་ནང་གསལ་བར་ཡོད་དོ། །ཞེས་པས་ཚད་མའི་མཚན་ཉིད་ལ་དཔྱད་པ་སྤྲོ་བའི་ཐིག་པ་འདི་ནི་རྫོགས་སོ།། །།

སླར་སྨྲས་པ་ནི། དེ་ལྟར་བྲིས་བའི་དགེ་བའི་བསོད་ནམས་དག །བསྟན་དང་འགྲོ་བའི་དོན་དུ་འགྱུར་བ་ཤོག །

དེ་ལས་འབྱུང་བའི་སྐྱོན་གྱི་ཆ་དག་ནི། །གཟིགས་པ་རྣམས་ཀྱི་ཐུགས་ལ་བཟོད་གསོལ་རིག།

ཞེས་དབྱིན་ལོ་ ༢༠༢༤ དབྱིན་ཟླ་ ༥ དབྱིན་ཚེས་ ༡༧ ལ་སློབ་གཉེར་བ་རྭ་བྲག་དབང་ཕྱུག་གིས་གསེར་ལུང་དགོན་འཛིན་འདུས་སྡེ་ལུང་རྟོགས་ཆོས་གླིང་གི་ཤེས་བྱ་རིག་པའི་དཔེ་མཛོད་ཁང་དུ་བྲིས་པ་དགེའོ། །སྤྱི་ཚེས་ ༠༡/༠༨/༢༠༢༤ ལ་ཡོངས་འབྲེལ་ཐོག་ཏུ་སྤེལ་ཡོད།[༣༥][༣༦]

༼ ཁྲོན་གནས་སྦལ་པའི་བསམ་ཚུལ། ༽

[ཞུན་དག]

མུན་པའི་གླིང་ལ་འཁྱམ་པའི་ཀུ་མུད་ལ། །བསིལ་ཉམས་ལྡན་པའི་འོད་ཟེར་དང་བཅས་པ། །རྨོངས་པ་ཀུན་གྱི་མུན་སེལ་ཀུ་མུད་གཉེན། །གང་ཁྱོད་ཁོ་ན་ཡིན་པས་གུས་ཕྱག་འཚལ། །[༣༧]

ཞེས་ཀུན་མཁྱེན་ཆེན་པོ་མི་ཕམ་པདྨ་དཀར་པོ་གང་ལ་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས། གང་ཞིག་ཞུ་བར་བྱ་བའི་ཆོས་ནི། མངོན་སུམ་བར་པ་གཉིས་ལ་ཁྲོན་པར་གནས་པའི་སྦལ་པའི་བསམ་ཚུལ་ཞུ་བ་ལ། ཡིད་ཀྱི་མངོན་སུམ་དང་། རང་རིག་མངོན་སུམ་གཉིས། དང་པོ་ལ། ཡིད་ཀྱི་མངོན་སུམ་གྱི་རྣམ་གཞག དེ་ལ་ཁ་ཅིག་གི་འདོད་པ། དེ་ལ་རང་ཉིད་ཀྱི་བསམ་ཚུལ་གསུམ་གྱིས་སྒོ་ནས་ཞུ་བའོ། །

དང་པོ་ནི། མདོར། ཡིད་ཀྱང་དོན་དང་ཆགས་ལ་སོགས། །ཞེས་པས་ཡིད་ཀྱི་མངོན་སུམ་བསྟན། རྟོག་བྲལ་མ་འཁྲུལ་ བའི་ཡིད་ཤེས་ཡིད་ཀྱི་མངོན་སུམ་གྱི་མཚན་ཉིད། དེ་ལ་དབྱེ་ན། གཟུགས་འཛིན་ཡིད་མངོན་དང༌། སྒྲ་འཛིན་ཡིད་མངོན་དང་། དྲི་འཛིན་ཡིད་མངོན་དང་། རོ་འཛིད་ཡིད་མངོན་དང་། རེག་འཛིན་ཡིད་མངོན་ཏེ་ལྔའོ། །

གཉིས་པ་ནི། གཞུང་ལས། དབང་ཤེས་ཐམས་ཅད་དེ་རང་གི་དམིགས་ཡུལ་དང་དུས་མཉམ་པ་ཁོ་ན་ཡུལ་དེའི་སྐད་ཅིག་གཉིས་པ་ཡིད་མངོན་དང་དུས་མཉམ་མོ། །ཞེས་པའི་གཞུང་ཚིག་ལ་དཔྱད་པའི་ཚེ། ཁ་ཅིག་གིས། དེའི་སྐབས་ཀྱི་དམིགས་ཡུལ་དང་དམིགས་རྐྱེན་ལ་ཁྱད་པར་མེད་པ་བཞག་ན་རྒྱུ་འབྲས་དུས་མཉམ་དུ་ཐལ་བས། དེ་བས་ན་དམིགས་ཡུལ་དང་དམིགས་རྐྱེན་སོ་སོར་བཞག་ན་སྐྱོན་མེད་དོ། །ཞེས་དང་། ཡང་ཁ་ཅིག་གིས། རང་ལུགས་ཀུན་མཁྱེན་ཆེན་པོས་རྒྱུ་དང་འབྲས་བུ་དུས་མཉམ་དུ་བཞེད་པའོ་སྙམ་སྟེ། ཚད་མའི་སྤྱི་དོན་རིགས་པའི་སྙིང་པོ་ལས། དབང་ཤེས་ཐམས་ཅད་དེ་རང་གི་དམིགས་ཡུལ་དང་དུས་མཉམ་པ་ཁོ་ན། ཞེས་གསུངས་སོ་ཟེར་རོ། །

གསུམ་པ་ནི། དེ་དགག་པ་ལ་རྨོངས་པའི་བློས་མི་ནུས་པས། ཡིན་ཡང་ཁྲོན་པར་གནས་པའི་སྦལ་པ་རང་ཉིད་ཀྱི་བསམ་ ཚུལ་ཞིག་ཞུ་ན། གཞུང་ཚིག་དེའི་དོན་ནི། དབང་ཤེས་ཐམས་ཅད་དེ་ཡིད་ཀྱི་མངོན་སུམ་གྱི་དམིགས་ཡུལ་དང་དུས་མཉམ་པ་ཁོ་ན། དམིགས་ཡུལ་དེའི་སྐད་ཅིག་གཉིས་པ་ཡིད་ཀྱི་མངོན་སུམ་རང་དང་དུས་མཉམ་ཡིན་ཞེས་བཞག་ན་སྐྱོན་མེད་དོ་སྙམ་སྟེ། ཅི་ཕྱིར་ཞེ་ན། དང་པོས་བཞག་པའི་དམིགས་ཡུལ་དང་དམིགས་རྐྱེན་གཉིས་སོ་སོར་འབྱེད་པའི་དགོས་པ་ཡང་མ་མཐོང་ལ། གཉིས་པས་བཞག་པའི་རང་ལུགས་ལ་རྒྱུ་འབྲས་དུས་མཉམ་བཞག་པ་ཡང་མི་སྲིད་པས་སོ། །

གཉིས་པ་ལ། རང་རིག་མངོན་སུམ་གྱི་རྣམ་གཞག དེ་ལ་ཁ་ཅིག་གིས་འདོད་པ། དེ་ལ་རང་ཉིད་ཀྱི་བསམ་ཚུལ་གསུམ་གྱི་སྒོ་ནས་ཞུ་བའོ། དང་པོ་ནི། མདོར། རང་རིག་རྟོག་པ་མེད་པ་ཡིན། །ཞེས་པས་རང་རིག་མངོན་སུམ་བསྟན། རྟོག་བྲལ་མ་འཁྲུལ་བའི་ཉམས་མྱོང་རང་རིག་མངོན་སུམ་གྱི་མཚན་ཉིད། གང་ཤེས་པ་གྲུབ་ཕན་ཆད་དེ་ཉམས་སུ་མྱོང་བ་ཡོད་པར་གྲུབ་ལ། ཉམས་མྱོང་བྱས་པ་དང༌། རང་རིག་བྱས་པ། རང་མྱོང་བྱས་པ་དོན་གཅིག་གོ །

གཉིས་པ་ནི། ཁ་ཅིག་གིས། དཔེར་ན་བུམ་འཛིན་མིག་ཤེས་ལྟ་བུ་ལ་བཞག་ན། བུམ་འཛིན་མིག་ཤེས་ལས་ལོགས་སུ་གྱུར་པའི་རང་རིག་མངོན་སུམ་ཞིག་ཡོད་དེ། རྟོག་བྲལ་མ་འཁྲུལ་བའི་དབང་ཤེས་དང་། རྟོག་བྲལ་མ་འཁྲུལ་བའི་ཉམས་མྱོང་གཉིས་ཐ་དད་ཡིན་པའི་ཕྱིར་ཞེས་ཟེར་རོ། །ཡང་ཁ་ཅིག་གིས། རང་རིག་མངོན་སུམ་དང་རང་རིག་གཉིས་ལ་ཁྱད་པར་བཞག་དགོས་ཏེ། ཤེས་པ་ཡིན་ན་རང་རིག་པས་ཁྱབ་སྟེ། སྤྱི་དོན་རིགས་པའི་སྙིང་པོ་ལས། ཤེས་པ་ཡིན་ན་རང་རིག་པ་དང་ལྡན་པས་ཁྱབ། ཞེས་གསུངས་སོ། །ཟེར་རོ། །

གསུམ་པ་ནི། བུམ་འཛིན་མིག་ཤེས་ལྟ་བུ་ལ་བཞག་ན། བུམ་འཛིན་མིག་ཤེས་དེ་ལས་ལོགས་སུ་འགྱུར་པའི་རང་རིག་ མངོན་སུམ་ཞིག་མེད་དེ། སྤྱི་དོན་རིགས་པའི་སྙིང་པོ་ལས། ཉམས་མྱོང་བྱས་པ་དང་། རང་རིག་བྱས་པ། རང་མྱོང་བྱས་པ་དོན་གཅིག དེ་ཡང་ཤེས་པ་དེ་ལས་གཞན་མ་ཡིན་པས། ཞེས་དང༌། རྗེ་བཙུན་འཇམ་པའི་དབྱངས་ཀྱི་དགོངས་རྒྱན་ལས། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ནི་འོད་གསལ་བའི་རང་བཞིན་ཅན་ཡིན་པས་རང་གི་ངོ་བོར་རྟོགས་པར་བྱེད་པ་ཤེས་པ་གཞན་ལ་མི་བལྟོས་ཏེ། དཔེར་ན་མར་མེ་ནི་རབ་ཏུ་གསལ་བའི་རང་བཞིན་ཅན་ཡིན་པས་རང་གི་ངོ་བོ་རབ་ཏུ་གསལ་བར་བྱེད་པ་ལ་མར་མེ་གཞན་མི་དགོས་པ་བཞིན་ནོ། །ཞེས་གསུངས་སོ། །དེ་བས་ན་ཁ་ཅིག་དང་པོས་བཞག་པ་ལ་མི་འཐད་པར་སེམས་སོ། །རང་རིག་མངོན་སུམ་དང་རང་རིག་གཉིས་ལ་ཁྱད་པར་བཞག་དགོས་ཞེས་པའི་སྐབས་ཀྱི་རང་རིག་དེ་ཉམས་མྱོང་བྱས་པ་དང་། རང་རིག་བྱས་པ། རང་མྱོང་བྱས་པ་མ་ཡིན་པའི་ཕྱིར་ཏེ། རང་རིག་མངོན་སུམ་མ་ཡིན་པའི་ཕྱིར། དེ་འདོད་ན་རང་རིག་ནི་རྟོག་མེད་མ་ཡིན། རྟོག་པ་ཡང་མིན་ཏེ། རང་རིག་རྟོག་པ་མེད་པ་ཡིན། །ཞེས་གསུངས་པ་དང་འགལ་ལོ། ཞེས་ཁ་ཅིག་གཉིས་པས་བཞག་པ་ལ་མི་འཐད་པར་བསམ་ནས་སོམ་ཉིད་དང་བཅས་བྲིས་བའོ། །[༣༧][༣༨]

སླར་སྨྲས་པ་ནི། སྨྲ་བདེ་སྤོབས་པ་ཐོབ་ཕྱིར་དང༌། །རང་འདྲའི་བློ་གྲོས་རྒྱས་པའི་ཕྱིར། །ཕན་པའི་སེམས་ཀྱིས་བྲིས་པ་ལས། །དགེ་བ་གང་ཐོབ་འགྲོ་ཀུན་ཁྱབ། །ཅེས་པའང་གསེར་ལུང་པད་ཀར་ཆོས་གླིང་གི་སློབ་གཉེར་བ་ཉི་མ་བསྟན་འཛིན་གྱིས་བྲིས་པའོ། །སྤྱི་ཚེས་ ༠༡/༠༨/༢༠༢༤ ལ་ཡོངས་འབྲེལ་ཐོག་ཏུ་སྤེལ་ཡོད།

༼ཚད་མ་གཉིས་ཀྱི་མཚན་ཉིད་ཀྱི་སྐོར།༽

[ཞུན་དག]

བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། ཞེས་པའི་མཆོད་པར་བརྫོད་པས་མདུན་བསུ་ནས། དེར་གང་ཞིག་ཞུ་བར་བྱའི་ཆོས་ནི་ཚད་མ་གཉིས་ཀྱི་མཚན་ཉིད་ལ་ཅུང་ཟད་དཔྱད་པ་དེ་ཉིད་ཞུ་བར་བྱ་ན། མདོར། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབས་ལ། །ཞེས་པས་བསྟན་པའི་ཚིག་ཟུར་གྱིས་ཚད་མ་དེ་དང་། དེ་རྟོགས་པར་བྱ་བ་ལ་ཐབས་སུ་འགྱུར་པའི་ཚད་མ་གཉིས་ཀྱི་མཚན་ཉིད་དང་ཚད་མ་སྤྱི་ཡོད་དང་མེད་ཀྱི་སྐོར་ལ་མདོ་ཙམ་ཞིག་གླེང་བར་བྱ་བ་ལ། གཞན་གྱི་འདོད་པ་བརྫོད་པ། དེ་མི་འཐད་པའི་ཕྱོགས་བཟུང་ནས་འགག་པ། རང་གི་རྟོག་པའི་སྣང་ཚུལ་བརྫོད་པ་དང་གསུམ་ལས།[༣༩]

དང་པོ་མི་འཐད་པའི་ཕྱོགས་ངོས་བཟུང་བ་ནི། སྤྱི་དོན་རིག་པའི་སྙིང་པར། ཚད་མ་སྤྱིའི་མཚན་ཉིད་མ་བསྟན་པས་སྐྱོན་དུ་འགྱུར་རོ་སྙམ་ན། དེ་ནི་སྟོན་པ་མི་རིགས་ཏེ། བློ་དེ་གཉིས་ཡུལ་གྱི་རྣམ་པ་ཤིན་ཏུ་མི་མཐུན་པས་སོ། །ཞེས་གསུངས་པ་ལ། དེང་སང་ཀུན་མཁྱེན་གྱི་དགོངས་པ་བཀྲལ་བའི་མཁས་པ་འགའ་ཞིག་གིས། གཞུང་ཚིག་དེས་ཚད་མ་སྤྱི་ལ་ཁྱབ་པའི་ཚད་མའི་མཚན་ཉིད་མེད་ཟེར་བ་དང་། ལ་ལས། ཚད་མའི་སྤྱི་ཞེས་པ་ཞིག་མེད་དོ་ཟེར་བ་ལ་སོགས་པའི་རང་གི་འདོད་པ་སྣ་ཚོགས་བཀོད་པ་འདོད་དོ། །ཡང་ལ་ལས། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་དང་། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པའི་གཞུང་ཚིག་གཉིས་ཀྱིས་ཚད་མ་སྤྱི་ལ་ཁྱབ་པའི་མཚན་ཉིད་སྟོན་ཟེར་བ་ཡང་ཡོད་དོ། །

གཉིས་པ་མི་འཐད་པའི་ཕྱོགས་བཟུང་ནས་དེ་འགག་པ་ནི། སྤྱི་དོན་རིགས་པའི་སྙིང་པོ་ལས་ཚད་མ་སྤྱི་ལ་ཁྱབ་པའི་མཚན་ཉིད་མེད་པ་དང་ཚད་སྤྱི་མེད་པ་སྟོན་པ་མ་ཡིན་ཏེ། གཞུང་ཚིག་ཏུ་དངོས་སུ་ཚད་མ་སྤྱིའི་མཚན་ཉིད། ཞེས་གསུངས་ཡོད་པ་དང། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་དང་། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པ་མཚན་ཉིད་གཉིས་ཀྱིས་ཀྱང་ཚད་མ་སྤྱིའི་མཚན་ཉིད་སྟོན་པ་མི་རིགས་ཞེས་གསུངས་པ་ཡིན། མཚན་ཉིད་དེ་གཉིས་ཀྱིས་ཚད་མ་སྤྱི་ལ་ཁྱབ་པ་ཞིག་སྟོན་པ་ནི་དངོས་སུ་མི་རིགས་ཏེ། བློ་དེ་གཉིས་ཀྱི་ངོ་བོ་ཐ་དད་པ་ཡིན་པའི་ཕྱིར་རོ། །འོ་ན་ཀ་བ་དང་བུམ་པ་གཉིས་སྤྱི་ལ་ཁྱབ་པའི་མཚན་ཉིད་ཡང་མེད་དམ་ཞེས་ན། དེ་ནི་སྟོན་པ་རིགས་པའམ་མེད་དོ། །ཀ་བ་དང་བུམ་པ་གཉིས་ལ་ཁྱབ་པའི་མཚན་ཉིད་དེ་ནི་ཡོད་དེ། དོན་བྱེད་ནུས་པ་བཞག་ནའང་ཆོག མཁན་པོ་བསྟན་པ་བཀྲིས་བསྟན་པ་རབ་རྒྱས་ཀྱིས། བསྡུས་ཚད་དབུ་གསུམ་གྱི་བཀའ་འགྲེལ་ལས། ཐ་སྙད་པའི་ཚད་མ་དང་དོན་དམ་པའི་ཚད་མ་གཉིས་ཀ་ཡིན་པ་ནི་རི་ བོང་རྭ་དང་མཚུངས་སོ། །ཞེས་གསུངས་པ་ལ་ཡང་དོན་ཆེན་པོ་མཐོང་བར་འགྱུར་རོ།།

གསུམ་པ་རང་གི་རྟོག་པའི་སྣང་ཚུལ་བརྗད་པ་ནི། རང་ལུགས་ལ་ཀུན་མཁྱེན་ཆེན་པོས་ཚད་མ་སྤྱི་སྟོན་པར་སྣང་སྟེ། སྤྱི་དོན་རིག་པའི་སྙིང་པོར། དེ་ནི་སྟོན་པ་མི་རིག་ཏེ། ཞེས་པས་ཚད་མ་སྤྱི་སྟོན་པ་དང་། ཡང་ན། རྣམ་བཞག་དང་པོའི་སྐབས་འདིར་ཆོས་ཅན། ཚད་མ་ལ་ཐ་སྙད་དང་དོན་དམ་པའི་ཚད་མ། ཞེས་པ་དང་། དེ་ལྟར་ཚད་མ་ལ་དོན་དང་ཐ་སྙད་རབ་དབྱེ་གཉིས་སུ། ཞེས་པ་སོགས་ཀྱིས་དངོས་སུ་ཚད་སྤྱི་སྟོན་ནོ། །ཡང་རང་དོན་རྗེས་དཔག་གི་སྐབས་སུ་ཚད་མིན་གྱི་བློ་བསྟན་པས། ཕ་རོལ་མེད་ན་ཚུར་རོལ་མི་འབྱུང་བ་བཞིན། ཚད་མ་མེད་ན་ཚད་མིན་ཡང་མི་འབྱུང་བའི་ཕྱིར་ན་། ཚད་མིན་ཡོད་པས་ཚད་མ་ཡང་ཡོད་པ་མངོན་ནོ། །དེར་མ་ཟད། བྱེ་བྲག་ཡོད་ན་སྤྱི་ཡོད་པ་དང་སྤྱི་ཁེགས་ན་བྱེ་བྲག་ཁེགས་པའི་རིག་པས་ཀྱང་ཚད་མ་སྤྱི་ཞིག་ཡོད་པར་གྲུབ་སྟེ། ཚད་མ་བྱེ་བྲག་ཡོད་པའི་ཕྱིར་རོ། །ཚད་མ་དེ་ལྟར་སྟོན་ཡང་། འདིར་ཚད་མ་སྤྱིའི་མཚན་ཉིད་ནི་མ་སྟོན་པ་ཙམ་ལས་མེད་པར་སྟོན་པ་མ་ཡིན། ཚད་མ་སྤྱིའི་མཚན་ཉིད་དེ་ཡང་ཡོད་དེ། མཚན་བྱ་ཡོད་པའི་ཕྱིར། མདོར་ན། གང་དུ་ཚད་མ་གཉིས་ཡོད་པ་དེ་ན་ཚད་མ་སྤྱི་ཡོད་པར་ནི་དམ་བཅའ་ཡིན།[༣༩]

སླར་སྨོས་པ་ནི།

དགེ་བའི་གསུང་ནི་གཏིང་ཟབ་མཐའ་ཡས་པས། །ད་ནི་རང་གིས་དཔྱད་པ་ག་ལ་ནུས། །འོན་ཀྱང་ནམ་ཞིག་དོན་ནི་རྟོགས་པའི་ཕྱིར། །འདིར་ན་རྨོངས་པའི་རྟོག་པ་གང་ཤར་བརྗོད། །ཅེས་པའང་གསེར་ལུང་པད་དཀར་ཆོས་གླིང་དགོན་འཛིན་གྲྭ་ཚང་གི་སློབ་གཉེར་བ་ལྷག་པ་ཚེ་རིང་གིས་བྲིས་པའོ། །སྤྱི་ཚེས་ ༠༢/༠༨/༢༠༢༤ ལ་ཡོངས་འབྲེལ་ཐོག་ཏུ་སྤེལ་ཡོད།

༼ གཞན་སེལ་གྱི་སྐོར། ༽

[ཞུན་དག]

འཆད་ན་ལེགས་བཤད་བྱེ་བའི་སྒོ་འབྱེད་ཅིང༌། །རྩོད་ན་ཕས་ཀྱི་རྒོལ་བ་མ་ལུས་འཇོམ། །[༣༩]

རྩོམ་ན་ཐུབ་པའི་དགོངས་པ་ཐོགས་མེད་འགོད། །ཕྱོགས་ལས་རྣམ་པར་རྒྱལ་བ་དེར་ཕྱག་འཚལ།།

ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས་གཞན་སེལ་གྱི་རྣམ་བཞག་ལ་དཔྱད་པ་མདོ་ཙམ་ཞིག་ཞུ་བ་ལ། དང་པོ། གཞན་སེལ་གྱི་རྣམ་བཞག་བསྟན་པ། གཉིས་པ། དེ་ལ་རང་ལུགས་བཞག་པ་སྟེ་ས་བཅད་རྣམ་པ་གཉིས་ཀྱི་སྒོ་ནས་བཤད་པ་ཡིན།

དང་པོ་གཞན་སེལ་གྱི་རྣམ་བཞག་བསྟན་པ་ནི། རང་མ་ཡིན་པའི་ཆོས་གཞན་བཅད་པའམ་སེལ་བ། གཞན་སེལ་གྱི་མཚན་ཉིད། དེ་ལ་དབྱེ་ན། དངོས་པོར་སྨྲ་བ་དག་འདོད་པའི་གཞན་སེལ་དང་། དབུ་མ་པ་དག་འདོད་པའི་གཞན་སེལ་གཉིས། དང་པོ་ལ། རིགས་ཀྱི་སེལ་བ་དང་། དུས་ཀྱི་སེལ་བ་གཉིས། དང་པོ་དེ་ལ་ཡང་རིགས་མི་མཐུན་པ་སེལ་བ། རིགས་མཐུན་པ་སེལ་བ་གཉིས། དང་པོ་ནི། བུམ་པ་ཞེས་པས་ཁྱོད་ཀྱི་བྱེ་བྲག་གསེར་བུམ་ལ་སོགས་པ་མི་སེལ་ལ་རིགས་མི་མཐུན་པ་ཀ་བ་ལ་སོགས་པ་སེལ་བ་ལྟ་བུ། གཉིས་པ་རིགས་མཐུན་པ་སེལ་བ་ནི། གསེར་བུམ་ཞེས་པས་རང་དང་རིགས་མཐུན་པ་དངུལ་བུམ་ལ་སོགས་པ་སེལ་ཞིང་རིགས་མི་མཐུན་པ་ཀ་བ་ལ་སོགས་པ་ཡང་སེལ་བ་ལྟ་བའོ། །གཉིས་པ་དུས་ཀྱི་སེལ་བ་ལ། བསྡུས་པའི་དུས་དང་། འབྱེད་ཚིག་དང་ལྡན་པའི་དུས་གཉིས། དང་པོ་ནི། བུམ་པ་མི་རྟག ཞེས་པ་ལྟ་བུ། གཉིས་པ་ནི། བུམ་པའི་མི་རྟག་པ། ཞེས་པ་ལྟ་བུའོ། །གཉིས་པ་དབུ་མ་པ་དག་འདོད་པའི་གཞན་སེལ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་ནི་སྟོང་པ་ཉིད་དམ་ཆོས་ཀྱི་དབྱིངས་ཡིན་པས་གཞན་སེལ་དེ་ཡང་སྟོང་ཉིད་ལ་བཞག་གོ །

གཉིས་པ་དེ་ལ་རང་ལུགས་བཞག་པ་ནི། ས་བཅད་དང་པོ་ལ་རང་ལུགས་བཞག་ན། རིགས་མི་མཐུན་པའི་གཞན་སེལ་ཡིན་ན་རིགས་མཐུན་པ་མི་སེལ་བས་ཁྱབ་པ་དང་། རིགས་མཐུན་པའི་གཞན་སེལ་ཡིན་ན་རང་དང་རིགས་མཐུན་པ་དང་རིགས་མི་མཐུན་པ་གཉིས་ཀ་སེལ་བས་ཁྱབ་པ་ཡིན། རིགས་མཐུན་པ་སེལ་བ་དང་རིགས་མི་མཐུན་པ་སེལ་བ་གཉིས་གཞི་མཐུན་མེད་དེ། རིགས་མི་མཐུན་པ་སེལ་བ་ཡིན་ན་རང་གི་རིགས་མི་མཐུན་པ་ཁོ་ན་སེལ་དགོས་པ་ཡིན། དེ་ཡང་དེ་ཉིད་དུ། སྐྱེས་པ་ཞེས་པས་ལྷ་སྦྱིན་ལ་སོགས་པ་མི་སེལ་ལ་བུད་མེད་སེལ་བ་ལྟ་བུ། ཞེས་གསུངས་པ་ལྟར། སྐབས་དེའི་ལྷ་སྦྱིན་ལ་སོགས་པ་མི་སེལ་ཞེས་པས་ཁྱོད་ཀྱི་རིགས་མཐུན་པ་མི་སེལ་བ་བསྟན་པ་ཡིན་ནོ། །ས་བཅས་གཉིས་པ་དུས་ཀྱི་སེལ་བ་ལ་རང་ལུགས་བཞག་ན། བསྡུས་པའི་དུས་ཞེས་པ་ཆོས་དེའི་ཁྱད་ཆོས་མི་བརྗོད་པ་ཁྱད་གཞི་ཙམ་བརྗོད་པ་ཡིན། དེ་ཡང་སྤྱི་དོན་རིགས་པའི་སྙིང་པོ་ལས། དང་པོ་མདོ་ཙམ་གྱི་ཚིག་དང་། ཞེས་པས་བསྟན་པའོ། །འབྱེད་ཚིག་དང་ལྡན་པའི་དུས་ཞེས་པ་ཁྱད་ཆོས་བརྗོད་པ་ལ་ཡིན་ནོ། །དབུ་མ་པ་དག་འདོད་པའི་གཞན་སེལ་དེ་ལ་རང་སྟོང་དང་གཞན་སྟོང་ཞེས་རྣམ་པ་གཉིས་སུ་འདོད་པ་ཡིན། རང་སྟོང་ཞེས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་ཉིད་ཡིན་པ་དེ་ལ་བཞག་པ་དང་། གཞན་སྟོང་ཞེས་པ་ཆོས་རྣམ་ཀྱི་ངོ་བོ་གཟུང་བ་དང་འཛིན་པ་གཉིས་ཀྱི་སྟོང་བ་དེ་ལ་བཞག་གོ །དེ་ལྟ་བུའི་གཞན་སེལ་དེའི་རང་མ་ཡིན་པ་སེལ་བ་ཡིན་ཏེ། སྟོང་ཉིད་རང་མ་ཡིན་པ་ཆོས་ཅན་རྣམས་སེལ་བ་ཡིན་ནོ།[༤༠]

ཞེས་པའང་གསེར་ལུང་པད་དཀར་ཆོས་གླིང་དགོན་འཛིན་གྲྭ་ཚང་གི་སློབ་གཉེར་བ་ཟླ་བ་རྒྱལ་མཚན་གྱིས་བྲིས་པའོ། །སྤྱི་ཚེས་ ༠༢/༠༨/༢༠༢༤ ལ་ཡོངས་འབྲེལ་ཐོག་ཏུ་སྤེལ་ཡོད།

༼ ཚད་མ་སྤྱིའི་མཚན་ཉིད་ལ་དཔྱད་པའི་རི་མོ། ༽

[ཞུན་དག]

མཆོད་བརྗོད་ནི། ཐུབ་བསྟན་དྲི་མ་མེད་པའི་བདུད་རྩིའི་ཆུས། །འགྲོ་བའི་རྨོངས་པ་མཐའ་དག་བཀྲུས་བྱས་ནས།། བློ་གྲོས་རིན་ཆེན་རྒྱན་ཚོགས་སྦྱིན་མཛད་པའི། །མི་ཕམ་པདྨ་དཀར་པོ་དེར་ཕྱག་འཚལ། །ཞེས་མཆོད་པར་བརྗོད་པ་དང་དམ་བཅའ་བ་སྔོན་དུ་བཏང་ནས། འདིར་ཚད་མ་སྤྱི་ལ་ཁྱབ་པའི་མཚན་ཉིད་ཡོད་པ་རང་ལུགས་ཀུན་མཁྱེན་ཆེན་པོའི་ཡིག་ཆ་དང་སྦྱར་ནས་མདོ་ཙམ་ཞུ་བ་ལ་དོན་རྣམ་པ་གསུམ་སྟེ། གཞན་ལུགས་འགག་པ། རང་ལུགས་བཞག་པ། རྩོད་པ་སྤོང་བ་གསུམ་ལས།[༤༡]

དང་པོ་ནི། ཚད་མ་སྤྱི་ཆོས་ཅན། ཁྱོད་ལ་མཚན་ཉིད་མེད་པ་ཐལ། བློ་གཉིས་ཡུལ་གྱི་རྣམ་པ་ཤིན་ཏུ་ནས་མི་མཐུན་པའི་ཕྱིར་ཏེ། སྤྱི་དོན་ རིགས་པའི་སྙིང་པོར། ཡུལ་རྣམ་ཅན་ནི་ཐ་དད་པས། །བློ་ཡི་རྟོགས་པ་ཐ་དད་ཕྱིར། །ཞེས་གསུངས་པ་རྒྱུ་མཚན་དུ་བྱས་ནས་ཚད་མ་སྤྱི་ལ་ ཁྱབ་པའི་མཚན་ཉིད་མེད་པ་འདོད་ན། དེ་ལྟར་ན་ཚད་མ་སྤྱིའི་མཚན་ཉིད་མ་བསྟན་པས་སྐྱོན་དུ་འགྱུར་རོ། །ཞེས་པའི་སྐབས་ནས་བསྟན་པའི་ཚད་མ་སྤྱི་དེ་ངེས་མི་ནུས་པ་ཐལ། མཚོན་བྱ་ངེས་པ་ལ་མཚན་ཉིད་སྔོན་དུ་འགྲོ་དགོས་པ་གང་ཞིག་མཚན་ཉིད་མེད་པར་འདོད་པའི་ ཕྱིར། འདོད་ན་དེའི་སྐབས་ནས་བཤད་པའི་ཚད་མ་སྤྱི་ཆོས་ཅན། དེ་ལ་མཚན་ཉིད་བསྟན་པ་རིགས་མི་རིགས་ཀྱི་རྣམ་བཞག་ཀྱང་བརྗོད་མི་ནུས་པར་ཐལ། ཚད་མ་སྤྱི་རང་མ་ངེས་པའི་ཕྱིར། ཁྱབ་སྟེ་དཔེར་ན། མཚོན་བྱ་ཀ་བ་མ་ངེས་པར་དེ་ལ་མཚན་ཉིད་བཞག་རིགས་མི་རིགས་ཀྱི་རྣམ་བཞག་བརྗོད་མི་ནུས་པའི་ཕྱིར་རོ། །

ཡང་ན་ཀུན་མཁྱེན་ཆེན་པོའི་ལུགས་ལ་ཚད་མ་སྤྱི་མེད་པར་ཐལ། དེ་ངེས་བྱེད་ཀྱི་ཐབས་སམ་མཚན་ཉིད་མེད་པའི་ཕྱིར། ཁྱབ་སྟེ། ནང་ ཕན་ཚུན་མཚན་མཚོན་ཡིན་ན་ཁྱབ་པ་སྒོ་བརྒྱད་ངེས་དགོས་པའི་ཕྱིར། འདོད་ན། ཚད་མ་སྤྱི་དོན་རིགས་པའི་སྙིང་པོར། ངག་དོན་གྱི་སྦྱོར་ བས་དོན་བསྡུ་བའི་སྐབས། རྣམ་བཞག་དང་པའི་སྐབས་འདིར་ཆོས་ཅན། ཚད་མ་ལ་ཐ་སྙད་དང་དོན་དམ་ཚད་མ་གཉིས་སུ་ཕྱེ་བའི་དགོས་པ་ཡོད་དེ། ཞེས་པའི་སྐབས་ཀྱི་ཚད་མ་ལ་ཞེས་པའི་དབྱེ་གཞི་དེ་ངོས་འཛིན་བྱེད་མི་ནུས་པར་ཐལ། བྱེད་བྲག་པའི་ཚད་མ་གཉིས་པོ་མ་ཡིན་པ་གང་ཞིག ཚད་མ་སྤྱི་ཡང་མ་ཡིན་པའི་ཕྱིར་ཏེ། རང་ལུགས་ཀུན་མཁྱེན་གྱི་གཞུང་གང་དུའང་ཚད་མ་སྤྱི་ཁས་མི་ལེན་པར་འདོད་པའི་ཕྱིར། འདོད་ན། འཇམ་དབྱངས་དགོངས་རྒྱན་དུ་དོན་དམ་ཚད་མའི་མཚན་ཉིད་བཤད་པའི་སྐབས། མ་ཤེས་པའི་དོན་སྨོས་པ་ སྨོས་པ་ནི་གཟུང་བ་དང་འཛིན་པ་སྤོང་བར་ནུས་ཀྱི་མི་བསླུ་བ་སྨོས་པས་ནི་མིན་ཏེ། མི་བསླུ་བ་ཡིན་ཡང་ཀུན་རྫོབ་ཏུ་ཡོད་པ་དོན་དུ་མ་གྲུབ་པའི་ཕྱིར། ཞེས་པ་སྟེ་མི་བསླུ་བ་དེ་ཀུན་རྫོབ་དང་དོན་དམ་ཚད་མ་གཉིས་ཀར་ཁྱབ་པ་གསུངས་པའང་མི་འཐད་པ་ཐལ། བློ་དེ་གཉིས་ལ་ཁྱབ་པའི་ཆོས་ཤིག་རྩ་བ་ནས་མེད་པ་ཁས་ལེན་པའི་ཕྱིར་ཏེ། བྱེད་བྲག་པའི་བློ་དེ་གཉིས་ལ་ཁྱབ་པའི་སྤྱི་རྩ་བ་ནས་མེད་པར་འདོད་པའི་ཕྱིར། འདོད་ན། གཞུང་དེས་མི་བསླུ་བ་དེ་བློ་དེ་གཉིས་ཀ་ལ་ཁྱབ་པར་གསུངས་པའི་བསྟན་དོན་ཇི་ལྟར་བྱ་དགོས་པ་ཡིན། དེར་མ་ཟད་ཡང་འཇམ་དབྱངས་དགོངས་རྒྱན་དུ། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཞེས་གསུངས་པའི་སྐབས་སུ། ཀུན་རྫོབ་དང་དོན་དམ་ཚད་མའི་མཚན་ཉིད་རྣམ་པ་བཞག་པའི་མཚན་ཉིད་ཕྱི་མ་དང་ལྡན་པས་སམ་སྔ་མ་དང་འདྲ་བས་ཀྱང་བཅོམ་ལྡན་འདས་ཚད་མ་བཞག་གོ །ཞེས་པའི་སྔ་མ་དང་འདྲ་ཚུལ་ཡང་བཞག་མི་ནུས་པར་ཐལ་བའི་སྐྱོན་སོགས་དུ་མ་འོང་བས་ཚད་མ་སྤྱིའི་མཚན་ཉིད་མེད་པར་འདོད་པ་ནི་མི་འཐད་པར་སྣང་ངོ། །

གཉིས་པ་རང་ལུགས་བཞག་པ་ནི། རང་ལུགས་ཀུན་མཁྱེན་ཆེན་པོའི་ལུགས་ལ་ཚད་མ་སྤྱིའི་མཚན་ཉིད་ཡོད་དེ། མི་བསླུ་བ་ཅན་དེ་ཡིན་པའི་ཕྱིར་ཏེ། དོན་དམ་ཚད་མ་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་མ་ཤེས་དོན་གྱི་གསལ་བྱེད་མ་གཏོགས་མི་བསླུ་བ་དེ་མི་རིགས་པའི་རྒྱུ་ མཚན་ཡོད་དེ། མི་བསླུ་བ་ཡིན་ན་ཡང་ཀུན་རྫོབ་ཏུ་ཡོད་པ་དོན་ལ་མ་གྲུབ་པའི་ཕྱིར། ཞེས་པས་མ་ངེས་པའི་གཏན་ཚིགས་བསྟན་པ་ཡིན་པའི་ཕྱིར་ཏེ་མི་བསླུ་བ་ཡིན་ན་ཡང་ཞེས་པས་མི་བསླུ་བ་དེ་དོན་དམ་ཚད་མའི་མཚན་ཉིད་དུ་ཁྱབ་ཆེ་བ་བསྟན་པ་ཡིན་པའི་ཕྱིར་ཏེ། དེ་ཀུན་རྫོབ་ཚད་མ་ལའང་ཡོད་པ་གསུངས་པའི་ཕྱིར་ཏེ། གོང་དུ་ཞུས་པ་ལྟར་འཇམ་དབྱངས་དགོངས་རྒྱན་དུ། མ་ཤེས་པའི་དོན་སྨོས་པ་ནི་གཟུང་བ་དང་འཛིན་པ་སྤོང་བ་ནུས་ཀྱི་མི་བསླུ་བ་སྨོས་པས་ནི་མ་ཡིན་སྟེ་མི་བསླུ་བ་ཡིན་ན་ཀུན་རྫོབ་ཏུ་ཡོད་པ་དོན་དུ་མ་གྲུབ་པའི་ཕྱིར་རོ། །ཡང་དེ་ཉིད་དུ། སྔ་མ་དང་འདྲ་བས་བཅོམ་ལྡན་འདས་ཚད་མ་བཞག་གོ །ཞེས་པས་ཀྱང་ཚད་མ་སྤྱི་ལ་མཚན་ཉིད་ཡོད་པར་འདོད་དོ། །

གསུམ་པ་རྩོད་སྤོང་ནི། རང་ལུགས་ལ་ཚད་མ་སྤྱིའི་མཚན་ཉིད་ཡོད་པར་འདོད་པ་ནི་མི་འཐད་པ་ཐལ། སྤྱི་དོན་རིགས་པའི་སྙིང་པོར། དེ་ལྟར་ན་ཚད་མ་སྤྱིའི་མཚན་ཉིད་མ་བསྟན་པས་སྐྱོན་དུ་འགྱུར་སྙམ་ན། དེ་ནི་བསྟན་པ་མི་རིགས་ཏེ། བློ་དེ་གཉིས་ཡུལ་གྱི་རྣམ་པ་ཤིན་ཏུ་མི་མཐུན་པའི་ཕྱིར། ཡུལ་རྣམ་ཅན་ནི་ཐ་དད་པས། །བློ་ཡི་རྟོགས་པ་ཐ་དད་ཕྱིར། །ཞེས་ཚིག་ཟིན་ལ་གསུངས་པའི་ཕྱིར་སྙམ་ན། ཚད་མ་མདོར། ཚད་མ་འགྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ། ཞེས་པའི་གཞུང་དོན་དཔལ་ཆོས་ཀྱི་གྲགས་པས་འགྲེལ་བའི་སྐབས། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་དང་། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པའི་མཚན་ཉིད་བསྟན་པའི་གཞུང་དེ་གཉིས་ཀྱིས་ཚད་མ་སྤྱིའི་མཚན་ཉིད་བསྟན་པ་མི་འཐད་པར་ཙམ་གསུངས་པ་མ་གཏོགས། ཚད་མ་སྤྱིའི་མཚན་ཉིད་གཏན་ནས་མི་བཞེད་པར་བསྟན་པ་མ་ཡིན་པའི་ཕྱིར་རོ། །ཚད་མའི་བསྟན་བཅོས་དབྱངས་ཅན་མགྲིན་གླུ་ནང་དུ། རྣམ་འགྲེལ་ལས། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་དང་། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པའི་ལུང་དོན་ནི། གོ་རིམ་བཞིན་དུ་ཐ་སྙད་ཚད་མ་དང་། དོན་དམ་པའི་ཚད་མ་ཉིད་དུ་རྒྱ་གར་གྱི་སློབ་དཔོན་ཆེན་པོས་རང་རྒྱུད་པའི་ལུགས་སུ་བཞག་པ་ལ། དོན་དམ་ཚད་མ་ཆོས་ཅན། ཁྱོད་ཐ་སྙད་པའི་ཚད་མ་ཡིན་པ་ཐལ། རང་གི་ཤེས་བྱ་ལ་མི་བསླུ་བའི་ཚད་མ་ཡིན་པའི་ཕྱིར། ཁྱབ་པ་མ་ངེས་པས་ཀྱང་གསལ་བ་དང་། ཡང་ཁ་ཅིག་ན་རེ། ཀུན་མཁྱེན་པད་དཀར་གྱི་ལུགས་ལ་རྣམ་འགྲེལ་ འདིར་ཚད་མ་སྤྱིའི་མཚན་ཉིད་ཆད་པའི་སྐྱོན་དུ་གནས་ཏེ། ཚད་མ་བསླུ་མེད་སོགས་ཀྱིས་ཐ་སྙད་ཚད་མའི་མཚན་ཉིད་དང་། མ་ཤེས་སོགས་ཀྱིས་དོན་དམ་ཚད་མའི་མཚན་ཉིད་བསྟན་པ་ཙམ་ལས་ཚད་མ་སྤྱིའི་མཚན་ཉིད་མ་བསྟན་པའི་ཕྱིར། ཞེས་གསུངས་སོ། །[༤༡][༤༢]

སླར་སྨས་པ་ནི། འདི་བྲིས་པ་ལས་བྱུང་བ་ཡི། །ཕན་ཡོན་ཇི་སྙེད་ཐོབ་པ་འདིས། །སེམས་ཅན་བསོད་ནམས་འཕེལ་བ་དང། །བསྟན་པ་ཡུན་རིང་གནས་པར་ཤོག །ཅེས་པའང་གསེར་ལུང་པད་དཀར་ཆོས་གླིང་དགོན་འཛིན་གྲྭ་ཚང་གི་སློབ་གཉེར་བ་དབང་ཕྱུག་གིས་བྲིས་པ་དགེའོ། །སྤྱི་ཚེས་ ༠༤/༠༨/༢༠༢༤ ལ་ཡོངས་འབྲེལ་ཐོག་ཏུ་སྤེལ་ཡོད།

༼ ཚད་མ་སྤྱིའི་མཚན་ཉིད་ལ་གང་ཤར་བློའི་རི་མོ ༽

[ཞུན་དག]

མཆོད་བརྗོད་ནི། འཆད་ན་ལེགས་བཤད་བྱེ་བའི་སྒོ་འབྱེད་ཅིང༌། །རྩོད་ན་ཕས་ཀྱི་རྒོལ་བ་མ་ལུས་འཇོམས།། རྩོམ་ན་ཐུབ་པའི་དགོངས་པ་ཐོགས་མེད་འགོད། །ཕྱོགས་ལས་རྣམ་པར་རྒྱལ་བ་དེར་ཕྱག་འཚལ། །[༤༣]

ཞེས་བླང་དོར་གྱི་ཐབས་མ་ནོར་བར་སྟོན་པའི་བཀའ་དྲིན་བླ་ན་མ་མཆིས་པའི་དྲིན་ཅན་གྱི་བླ་མ་རྣམས་ལ་སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་བ་དང་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས། འདིར་ཚད་མ་མདོ་ལས། ཚད་མ་གྱུར་པ་འགྲོ་ལ་ཕན་བཞེད་་པ། ། བསྟན་པ་བདེ་གཤིགས་སྐྱོབ་ལ་ཕྱག་འཚལ་ནས། །ཞེས་པའི་མཆོད་བརྗོད་དེ་ལས་འཕྲོས་ནས། ཡུལ་བདེན་པ་གཉིས་ཀྱི་རྣམ་གཞག་དང༌། ཡུལ་ཅན་ཚད་མ་གཉིས་ཀྱི་རྣམ་གཞག་གཉིས་ལས། དང་པོ་རེ་ཞིག་གཏང་སྙོམས་སུ་བཞག་ནས། གཉིས་པ་དེ་ལ་གཞི་བཟུང་ནས་རང་ཉིད་རྒྱུད་ལ་བག་ཆགས་བརྟན་པའི་ཕྱིར་གཞུང་དེ་ལ་མདོར་ཙམ་ཞིག་གླེང་བར་ཡིན་ཏེ། ཇི་སྐེད་དུ། ཆུ་ཡི་ཐིགས་པ་བསགས་པ་ཡིས། །སྣོད་ཆེན་རིམ་གྱི་གང་བར་འགྱུར། །ཞེས་གསུངས་པ་ལྟར། ཀུན་མཁྱེན་ཆེན་པོའི་གཞུང་གི་དགོངས་པ་རྒྱ་མཚོ་ལས་ཚད་མ་སྤྱི་ལ་ཁྱབ་པའི་ མཚན་ཉིད་མེད་པའི་སྐོར་མདོར་ཙམ་གླེང་བར་བྱ་བ་དེ་ལ་ཡང་།

རང་ལུགས་ཀུན་མཁྱེན་གྱི་ཐུན་མོང་མ་ཡིན་པའི་བཞེད་ཚུལ་དང་། རང་ལུགས་ཀུན་མཁྱེན་གྱི་བཞེད་ཚུལ་དེ་རང་ཉིད་ཀྱི་བློ་རྟོག་པ་ལ་འཆར་ཚུལ་གཉིས་ལས། དང་པོ་ནི། དབུ་མ་རྩ་བ་ཤེས་རབ་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་པས་དེར་ཡུལ་བདེན་པ་གཉིས་སུ་ཕྱེ་ནས། ཡུལ་ཅན་ཚད་མ་ཡང་གཉིས་སུ་གྲུབ་པ་སྟེ། རྣམ་འགྲེལ་ལས། རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་པས། སྐབས་འདིར་ཚད་མ་གཉིས་ལ་ཐབས་དང་ཐབས་བྱུང་དུ་བྱེད་པ་གཉིས་ལས། དང་པོ་བླང་དང་དོར་བྱའི་དངོས་པོ་ལ་མ་ནོར་བར་ཞུགས་པ་ཐབས་ནི། རྣམ་འགྲེལ་ལས། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པས་བསླུ་བ་མེད་པ་ཅན་གྱི་ཤེས་པ་ནི་ཀུན་ཏུ་ཐ་སྙད་པའི་ཚད་མའི་ཚན་ཉིད་སྟོན། དེའི་སྐབས་ཀྱི་བསླུ་བ་མེད་པ་ཡང་། ཚད་མ་རྣམ་ངེས་ལས། དེ་དག་གི་དོན་ཡོངས་སུ་དཔྱད་ནས་འཇུག་པ་ན་དོན་ཐོབ་པར་ངེས་པ་ལ་བྱེད་དེ། དོན་བྱེད་ནུས་པར་གནས་པ་ནི། །མི་བསླུ་ཞེས་པས་སོ། །གཉིས་པ་ནི། རྣམ་འགྲེལ་ལས། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པས་དེའི་ཐབས་བྱུང་དུ་གྱུར་པ་དོན་དམ་བདེན་པའི་ཚད་མའི་མཚན་ཉིད་སྟོན་པར་མཛད་དོ། །ཚད་མ་དེའི་སྒྲ་བཤད་ནི། རྒྱན་མཁན་པོས། འདིར་དོན་གྱི་སྒྲས་ནི་དོན་དམ་པ་བརྗོད་པ་ཡིན་ཏེ་མ་ཤེས་པའི་དོན་གྱི་གསལ་བྱེད་ཅེས་བྱ་བ་དོན་དམ་པར་གསལ་བྱེད་ཅེས་བྱ་བའི་དོན་ནོ། །དེས་ན་དེ་གཉིས་ལ་ཁྱབ་པའི་མཚན་ཉིད་མ་བཞེད་པས་སྐྱོན་དུ་འགྱུར་རོ་སྙམ་ན། དེ་ནི་སྟོན་པར་མི་རིགས་ཏེ། རྣམ་ངེས་ལས། བློ་དེ་གཉིས་ཡུལ་གྱི་རྣམ་པ་ཤིན་ཏུ་མི་མཐུན་པས་སོ་ཞེས་དགོངས་ཏེ། རྣམ་འགྲེལ་ལས། ཡུལ་རྣམ་ཅན་ནི་ཐ་དད་པས། །བློ་ཡི་རྟོག་པ་ཐ་དད་ཕྱིར། །ཞེས་གསུངས་སོ།

གཉིས་པ་དེ་ལ་རང་ཉིད་ཀྱི་བློ་རྟོག་པ་ལ་ཤར་ཚུལ་ལ། མཁས་པ་འགའ་ཞིག་གིས་རང་ལུགས་ལ་ཚད་མ་སྤྱི་ལ་ཁྱབ་པའི་ཚད་མའི་མཚན་ཉིད་ཡོད་པ་ཐལ། རྣམ་འགྲེལ་ལས། ཚད་མ་བསླུ་མེ་ཅན་ཤེས་པ། །ཞེས་པས། ཚད་མ་དེ་གཉིས་ལ་ཁྱབ་པའི་མཚན་ཉིད་དུ་བཤད་པ་ནི་མི་འཐད་དེ། གཞི་གཅིག་ལ་བསླུ་བ་དང་མི་བསླུ་བ་ཁྱོད་གཉིས་ལ་ཁྱབ་པའི་མཚན་ཉིད་ཡིན་པ་ཞིག་མི་སྲིད་པའི་ཕྱིར་ཏེ། དེ་ཡང་། བསྡུས་ཚད་དབུ་གསུམ་གྱི་བཀའ་འགྲེལ་ལས། ཐ་སྙད་པའི་ཚད་མ་དང་དོན་དམ་པའི་ཚད་མ་ཚད་མ་གཉིས་ཀ་ཡིན་པ་ནི་རི་བོང་གི་རྭ་དང་མཚུངས་པས། དོན་དང་ཐ་སྙད་པའི་ཚད་མ་གཉིས་ཀྱི་མཚན་ཉིད་ཞིག་ཨུ་ཚུགས་ཀྱིས་འཇོག་པ་ནི་ཀ་བུམ་གཉིས་ཅིག་ཟུང་དུ་འཇོག་པ་དང་འདྲའོ། །ཞེས་གསུངས་སོ། ཡང་ཐ་སྙད་ཚད་མའི་མཚན་ཉིད་ཀྱི་ཟུར་དུ་མི་བསླུ་བ་སྦྱར་བའི་དགོས་པ་ཡོད་དེ། ཛ་ཏཱ་རྀས། བསླུ་བ་མེད་པ་ཅན་སྨོས་པ་ནི། བསླུ་བར་བྱེད་པའི་སྨིག་རྒྱུ་ལ་ཆུར་འཛིན་པ་ལ་སོགས་པ་བསལ་བའི་ཕྱིར་སྦྱར་རོ། འོ་ན། དོན་དམ་ཚད་མ་ཡང་ཐ་སྙད་ཚད་མ་ཡིན་པར་ཐལ། དོན་བྱེད་ནུས་པ་གནས་པ་ལ་མི་བསླུ་བ་ཡིན་པའི་ཕྱིར། ཞེས་ན་འདོད་མི་ནུས་ཏེ། དོན་དམ་ཚད་མ་ཡོད་པ་མ་ཡིན་པའི་ཕྱིར་རོ། །འོ་ན། ཚད་མ་སྤྱི་དོན་རིགས་པའི་སྙིང་པོ་ལས། བཅོམ་ལྡན་འདས་ནི་ཀུན་ཏུ་ཐ་སྙད་པའི་ཚད་མའི་མཚན་ཉིད་དང་འདྲ་ཞིང་། ཞེས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ཡང་གདུལ་བྱའི་བློས་ཕར་གཞལ་ནས་ཐམས་ཅད་མཁྱེན་པ་ཞེས་བཟོ་བའི་དབང་དུ་མཛད་པ་ཡིན་ལ། སངས་རྒྱས་དེ་ཉིད་ཡི་ཤེས་སུ་བཞག་པ་ནི་ཤིན་ཏུ་འཐད་པ་འདོད་དེ། ཀུན་མཁྱེན་བླ་མས། བདག་བློས་ཕར་གཞལ་རྫོགས་པའི་སངས་རྒྱས་ཀྱིས། །ཀུན་རྫོབ་མཁྱེན་བཟོ་སངས་རྒྱས་རང་ངོས་ནས། །ཀུན་རྫོབ་ཅི་ཡང་མི་གཟིགས་བདག་འདོད་ལ། །ཁས་བླངས་འགལ་བའི་སྐྱོན་དེ་ག་ལ་ཡོད། །ཅེས་གསུངས་སོ། །

སླར་སྨས་པ་ནི། དེ་ལས་བྱུང་བའི་དགེ་བས་འགྲོ་བ་ཀུན། །དོན་དམ་ཀུན་རྫོབ་བྱང་ཆུབ་སེམས་མཆོག་གིས། །སྲིད་དང་ཞི་བའི་མཐའ་ལ་མི་གནས་པའི། །སྤྱན་རས་གཟིགས་མགོན་དེ་དང་མཚུངས་པར་ཤོག །ཅེས་པའང་སློབ་གཉེར་བ་ཀརྨ་རྡོ་རྗེས་བྲིས་པའོ། །སྤྱི་ཚེས་ ༠༤/༠༨/༢༠༢༤ ལ་ཡོངས་འབྲེལ་ཐོག་ཏུ་སྤེལ་ཡོད། བཀྲིས་བདེ་ལེགས།[༤༣]

༼ ཚད་མའི་རབ་གསལ་རྨོངས་པ་སེལ་བའི་ཟླ་ཟེར། ༽

[ཞུན་དག]

མཆོད་བརྗོད་ནི། ཚུལ་ཁྲིམས་གཙང་མའི་འོད་དང་འབར་བའི་སྐུ། ། སྙིང་སྟོབས་ཚངས་སྲས་སྙན་པའི་དགེ་བའི་གསུངས། [༤༤]

བྱམས་བརྩེ་རས་བཟང་སྣ་ལྔ་བཀླུབས་པའི་ཐུགས།  །ཀུན་མཁྱེན་བླ་མའི་ཞབས་ལ་གུས་ཕྱག་མཚལ།

དེ་རིང་དུས་ཀྱི་འགྱུར་བ་དང་བསྟུན་པའི་ཤེས་པ་དེ་ལ་ ཤེས་བྱའི་ཆོས་ལ་དཔྱད་པའི་རྣམ་དཔྱོད་ཀྱི་རིགས་པ་ཡང་རྒྱས་སུ་འགྲོ་བའི་དུས་ཡིན། མིའི་བསམ་སྤྱོད་ལས་གྲུབ་པའི་ལྟ་གྲུབ་མི་འདྲ་བ་དུ་མ་ཞིག་ནམ་མཁའི་སྐར་མ་ལྟར་ཤར་འདི་ཡོད། དེ་དག་གི་ཚད་མ་ངོ་སྤྲོད་པའི་གཞུང་ལུགས་ཡང་དུ་མ་ཡོད་པའི་ནང་ནས། ལྟ་གྲུབ་ཕུན་སུམ་ཚོགས་པའི་ནང་པའི་ཆོས་ལུགས་ ཀྱི་ཚད་མ་ངོ་སྤྲོད་ཚུལ་ལུ་ཡང་ བཀའ་དང་བསྟན་བཅོས་གཉིས་ཡོད། དེ་གཉིས་ལས་བསྟན་བཅོས་ལ་ཡང་རྒྱ་འགྲེལ་དང་བོད་ འགྲེལ་གཉིས་ཡོད། བོད་འགྲེལ་རང་ལུགས་ཀུན་མཁྱེན་པད་དཀར་གྱིས་མཛད་པའི་ཚད་མའི་བསྟན་བཅོས་སྤྱི་དོན་རིགས་པའི་སྙིང་པོ་གཞིར་བཞག་ནས།

འདིར་དང་པོ་ཚད་མའི་བརྡ་ཆད་ལ་དཔྱད་པ། གཉིས་པ་ཚད་མ་གཉིས་ཀྱི་ངོ་སྤྲོད། གསུམ་པ་སྤྱིར་ཚད་མའི་མཚན་ཉིད་བསྟན་ཡོད་མེད་ཀྱི་སྐོར་གསུམ་གྱི་སྒོ་ནས་ཅུང་དཔྱད་པར་བྱ་བ་ལ།

དང་པོ་ཚད་མའི་བརྡ་ཆད་ལ་དཔྱད་པ་ནི། སྤྱིར་བཏང་ཚད་ཅེས་པ་ནི་ ལས་ད་ལྟ་བའི་མཐར་སྦྱར་ན་ཚད་གྲངས་ཉིད་ཅན་གྱི་མིང་ འཇུག་པ་ཡིན། དཔེར་ན་  ཐུང་ཚད་དང་རིང་ཚད་ལྟ་བུའོ། །ལས་ཚིག་འདས་པའི་མཐར་སྦྱར་ན་ མ་ལུས་པའི་དོན་དང་ལས་ཚིག སོགས་ལ་འཇུག་པ་ཡིན། དཔེར་ན་ རིང་ཚད་ཁྲུ་གསུམ་དང༌། གོང་ཚད་ཧ་ཅང་གི་མཐོ་ལྟ་བུའོ།། མ་ཞེས་པ་ནི་ དོན་སོགས་ལ་ འཇུག་པ་ཡིན། དཔེར་ན་ ཕ་མ་དང་། ཆང་མ། འོ་མ་ལྟ་བུའོ། །དེ་གཉིས་ཀྱི་སྦྱར་བའི་མིང་ཚིག་ཚད་མ་ནི་ ངག་ཚད་མ་དང༌། སྐྱེས་བུ་ཚན་མ། ཤེས་པ་ཚད་མ་གསུམ་ཡིན། དེ་ཡང་བདེན་པའམ་མི་བསླུ་བའི་དོན་ལ་གོ་དགོས། སྤྱིར་བཏང་ཚད་མ་ཡིན་མ་ ཤེས་པ་ཡིན་མི་དགོས་ཏེ། སྐྱེས་བུ་ཚད་མ་དང་ངག་ཚད་མ་ནི་ཤེས་པ་མ་ཡིན་པའི་ཕྱིར་རོ།།

གཉིས་པ་ཚད་མ་གཉིས་ཀྱི་ངོ་སྤྲོད་ནི། དང་པོ་ཐ་སྙད་པའི་ཚད་མ་ནི་ གཞུང་ལས་ ཚད་མ་སླུ་མེད་ཅན་ཤེས་པ། །ཞེས་གསུངས་ སོ། །དེ་སྐབས་ཀྱི་བསླུ་བ་མ་ཡིན་པའི་དོན་ཡང་ རང་རང་སོ་སོའི་བློས་རྣམ་པ་མི་འདྲ་བ་དུ་མ་ཞིག་བཞག་པར་སྲིད་པ་ཡིན་ཏེ། འོན་ཀྱང་ རང་གི་ལུགས་ལ་དོན་ཀ་བ་འདྲ་བ་ཞིག་ལ་  ཡོངས་སུ་དཔྱད་ནས་འཇུག་པའི་ཚེ་ཇི་ལྟར་འདོད་པའི་དོན་དེ་ དེ་དག་ ཡུལ་གང་ཡིན་པར་རྟོགས་པ་ནི་ ཡུལ་ཅན་ཀུན་ཏུ་ཐ་སྙད་པའི་ཚད་མའོ།། ཚད་མ་དེ་གང་ལ་ཡོད་ན་ཡང་བསླུ་བ་མ་ཡིན་པ་ཅན་ གྱི་ཤེས་པ་ཡིན། དེ་ཡང་རང་གི་བློའི་རྟོག་བཟོ་མ་ཡིན་པར་ ཚད་མ་རྣམ་ངེས་ལས་ དེ་དག་དོན་ཡོངས་སུ་དཔྱད་ནས་འཇུག་པ་ ན་དོན་ཐོབ་པ་དང་ངེས་པ་ལ་བསླུ་བ་མེད། ཅེས་གསུངས་པས་སོ།།

གཉིས་པ་དོན་དམ་ཚད་མ་ནི་ གཞུང་ལས་ མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། །ཞེས་གསུངས་སོ། །རྣམ་པ་ཐམས་ཅད་མཁྱེན་ པའི་ཡེ་ཤེས་དེས་མ་ཤེས་པའི་དོན་ཞིག   དང་པོ་གསལ་བར་བྱེད་པ་ཡིན་པས་ན་དོན་དམ་ཚད་མའོ།། དེ་ཡང་ཚད་མ་རྒྱན་ལས་ འདིར་དོན་གྱི་སྒྲས་ནི་དོན་དམ་པ་བརྗོད་པ་ཡིན་ཏེ་ མ་ཤེས་པའི་དོན་གྱི་གསལ་བྱེད་ཅེས་བྱ་བ་དོན་དམ་པ་གསལ་བྱེད་ཅེས་བྱ་ བའི་དོན་ནོ། །ཞེས་གསུངས་སོ།།

གསུམ་པ་སྤྱིར་ཚད་མའི་མཚན་ཉིད་བསྟན་ཡོད་མེད་ཀྱི་སྐོར་ལ། དང་པོ་མཁས་པ་གཞན་གྱིས་བཞེད་ཚུལ། གཉིས་པ་ཀུན་ མཁྱེན་བླ་མས་བཞེད་ཚུལ།  གསུམ་པ་རང་གི་རྣམ་རྟོག་ངན་པས་བཞག་པའི་དོགས་སློང་གསུམ་ལས། དང་པོ་ནི་ ཚད་མ་ རིགས་པའི་གཞུང་ལ་མཁས་པའི་ རྒྱ་གར་གྱི་མཁས་པ་ལྷ་དབང་བློས་ ཚད་མ་སླུ་མེད་ཅན་ཤེས་པ། །ཞེས་དང་། མ་ཤེས་དོན་ གྱི་གསལ་བྱེད་ཀྱང༌། །ཞེས་པ་ཚད་མའི་མཚན་ཉིད་བསྟན་པའི་གཞུང་དུ་འདོད་པ་ཡིན་ཏེ། དེ་ཡང་ རྣམ་འགྲེལ་དགོངས་པ་རབ་ གསལ་ལས་ ལྷ་དབང་བློས་ཚད་མ་གྱུར་པ་ཞེས་བྱ་བ་ནི་ཚད་མར་འཁྲུངས་པའོ།།

བོད་གངས་ཅན་གྱི་མཁས་པ་པན་ཆེཎ་བསོད་ནམས་གྲགས་པས་ གཞུང་ཚིག་དེ་གཉིས་ཀྱིས་ཚད་མའི་མཚན་ཉིད་བསྟན་པར་ བཞེད་པ་ཡིན།  དེ་ཡང་དེ་ཉིད་ཀྱིས་མཛད་པའི་ རྣམ་འགྲེལ་དགོངས་པ་རབ་གསལ་ལས་ སྔ་མ་མི་བསླུ་བའི་རིག་པ་དང་ ཕྱི་མ་ རང་གི་ཡུལ་སྔར་མ་ཤེས་པ་གསར་དུ་ཤེས་པའི་རིག་པ་ཡིན་པའི་ཕྱིར། ཞེས་གསུངས་སོ།། རི་བོ་དགའ་ལྡན་པའི་ལུགས་ལ་ ཡང་ དེས་བཞེད་པ་ལྟར་ གཞུང་ཚིག་དང་པོས་མི་སླུ་བ་བསྟན་ཞིང་ ཕྱི་མས་གསར་དུ་བསྟན་ནས་ ཚད་མ་སྤྱི་ལ་ཁྱབ་པའི་ མཚན་ཉིད་གསར་དུ་མི་སླུ་བའི་རིག་པ་རུ་བཞེད་པ་ཡིན་ནོ།།

གསེར་ལུང་གི་གྲོགས་པོ་ཁ་ཅིག་གིས་ཀྱང་ དཔལ་ལྡན་ས་སྐྱ་པའི་ལུགས་དང་མཐུན་པར་ ཚིག་རྐང་རེ་རེས་ཚད་མ་སྤྱི་ལ་ཁྱབ་  པའི་མཚན་ཉིད་ཡོངས་སུ་རྫོགས་པ་རེ་བསྟན་པར་བཞེད་པ་འདུག

གཉིས་པ་ཀུན་མཁྱེན་བླ་མས་བཞེད་ཚུལ་ནི། གཞུང་ཚིག་དེ་གཉིས་ཀྱིས་ཚད་མ་སྤྱི་ལ་ཁྱབ་པའི་མཚན་ཉིད་བསྟན་པར་མི་ བཞེད་དེ།  དེ་ཉིད་ཀྱིས་མཛད་པའི་ཚད་མ་སྤྱི་དོན་རིགས་པའི་སྙིང་པོ་ལས་ དེ་ལྟ་ན་ཚད་མ་སྤྱིའི་མཚན་ཉིད་མ་བསྟན་པས་སྐྱོན་དུ་ གྱུར་རོ་སྙམ་ན། དེ་ནི་སྟོན་པར་མི་རིགས་ཏེ། ཡུལ་རྣམ་ཅན་ནི་ཐ་དད་པས། །བློ་ཡི་རྟོག་པ་ཐ་དད་ཕྱིར། །ཞེས་གསུངས་པའི་ཕྱིར་ རོ།།

གསུམ་པ་རང་གི་རྣམ་རྟོག་ངན་པས་བཞག་པའི་དོགས་སློང་ནི། ཀུན་མཁྱེན་རང་ཉིད་ཀྱི་ལུགས་ལ་ ཚད་མ་སྤྱི་ལ་ཁྱབ་པའི་ ཚད་མའི་མཚན་ཉིད་མེད་ན་ གཞན་གྱི་སྐྱོན་འདི་ལྟར་འོང་སྲིད་དེ་ སྤྱི་ཁེགས་ན་བྱེ་བྲག་ཁེགས་པ་དང་། བྱེ་བྲག་གྲུབ་ན་སྤྱི་གྲུབ་ པས་ཁྱབ་པ་དེ་ཀུན་མཁྱེན་བླ་མའི་ལུགས་ལ་བཞེད་མི་བཞེད་གང་། གལ་སྲིད་མི་བཞེད་ཟེར་ན་ ཁྱོད་རང་ལ་བྱེ་བྲག་རྟགས་སུ་ བཀོད་ནས་སྤྱི་ཡོད་པར་སྒྲུབ་པའི་རྟགས་ཡང་དག་མེད་པར་ཐལ་ལོ།། དེ་བཞེད་ན་ནི་ དོ་དམ་ཚད་མ་དང་ཐ་སྙད་པའི་ཚད་མ་ གཉིས་རྟགས་སུ་བཀོད་ནས་ ཚད་མ་སྤྱི་ཡོད་པར་སྒྲུབ་ནུས་ཏེ། བྱེ་བྲག་གྲུབ་ན་སྤྱི་གྲུབ་པས་ཁྱབ་པ་དང་། སྤྱི་ཁེགས་ན་བྱེ་བྲག ཁེགས་པས་ཁྱབ་པ་ནི་ རིགས་པ་སྨྲ་བ་རྣམས་ཀྱི་ཐུན་མོང་གི་ལུགས་ཡིན་པས་སོ།།[༤༥]

སླར་སྨྲས་པ་ནི།

འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོས་དེ་ཡང་དེ་བཞིན་ཏེ། །

དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་།   །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།   

རྩོམ་ཤོག་གི་རིགས། མཆོད་ཡུམ་གྱི་སྐོར།

[ཞུན་དག]

༼མཁྱེན་པ་གསུམ་དང་མངོན་རྟོགས་དང་པོ་གསུམ་ལ་དཔྱད་པ་སྟག་གི་རིས་མོ།༽[༡༡]

[ཞུན་དག]

མཆོད་བརྗོད་ནི།

ཐོགས་མེད་སྟོན་པའི་རྒྱལ་ཚབ་རྗེ་བཙུན་གྱིས། །ལེགས་པར་སྦྱང་བའི་དོན་རྟོགས་པད་མས་བཀོད། །

དམན་བློའི་ཆུ་ཐིག་ཙམ་ཞིག་དཔོག་པ་དེ། །དེ་ལ་དཔྱད་པ་སྟག་གི་རིས་མོ་སྦྱར། །

ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས་འདིར་གང་ཞིག་ཞུ་བར་བྱ་བའི་གཞི་ནི་མཁྱེན་པ་གསུམ་དང་མངོན་རྟོགས་དང་པོ་གསུམ་ལ་དཔྱད་པ་སྟག་གི་རིས་མོ་རྣམ་གཞག་དེ་ཡིན། དེ་ཞུ་བ་ལ་མཁྱེན་པ་གསུམ་གྱི་མཚན་ཉིད། མཚན་ཉིད་དེའི་གཅད་བྱ་དང་ཡོངས་བྱ། དེ་རྒྱུད་ལྡན་གྱི་གང་ཟག མངོན་རྟོགས་དང་པོ་གསུམ་གྱི་མཚན་ཉིད། དེ་སྐྱེ་བའི་རྟེན་བཤད་པ། མཁྱེན་པ་གསུམ་རྒྱུད་ལྡན་གྱི་གང་ཟག་དང་མངོན་རྟོགས་དང་པོ་གསུམ་རྒྱུད་ལྡན་གྱི་གང་ཟག་གཉིས་ལ་དཔྱད་པ་དང་བཅས་དྲུག་གོ །

དང་པོ་མཁྱེན་པ་གསུམ་གྱི་མཚན་ཉིད་ནི། གཞི་ཙམ་ཀུན་མངོན་སུམ་དུ་སྤྱིའི་མཚན་ཉིད་ཀྱི་ཤེས་པའི་ཕར་ཕྱིན་གཞི་ཤེས་ཀྱི་ངོ་བོ་དང་། ལམ་ཙམ་མངོན་སུམ་དུ་རང་བཞིན་མེད་པར་རྟོགས་པའི་ཕར་ཕྱིན་ལམ་ཤེས་ཀྱི་ངོ་བོ། ཁྱད་པར་གསུམ་ལྡན་གྱི་ཕར་ཕྱིན་ནམ་སྲིད་ཞི་ལ་མི་གནས་པ་ཐར་ཐུག་པའི་མཁྱེན་པ་རྣམ་མཁྱེན་གྱི་ངོ་བོ།

གཉིས་པ་མཚན་ཉིད་དེའི་གཅད་བྱ་དང་ཡོངས་བྱ་ནི། དང་པོ་གཞི་ཤེས་ཀྱི་གཅད་བྱ་དང་ཡོངས་བྱ་ནི། གཞི་ཙམ་ཞེས་པ་དེའི་ལམ་ཤེས་དང་རྣམ་མཁྱེན་གཉིས་གཞི་ཤེས་མ་ཡིན་པར་རྣམ་པར་གཅད་པ་དང་། ཡོངས་བྱ་ལ་གཞི་ཤེས་ནི་དེ་གཉིས་མ་ཡིན་པར་ཡོངས་བྱ་ལ་སྒྲུབ། གཉིས་པ་ལམ་ཤེས་ཀྱི་གཅད་བྱ་དང་ཡོངས་བྱ་ནི། ལམ་ཙམ་ཞེས་པ་དེའི་གཞི་ཤེས་དང་རྣམ་མཁྱེན་གཉིས་ལམ་ཤེས་མ་ཡིན་པར་རྣམ་པར་གཅད་པ་དང་། ཡོངས་བྱ་ལ་ལམ་ཤེས་དེ་གཉིས་མ་ཡིན་ པར་ཡོངས་བྱ་ལ་སྒྲུབ། གསུམ་པ་རྣམ་མཁྱེན་གྱི་གཅད་བྱ་དང་ཡོངས་བྱ་ནི། སྲིད་ཞི་ལ་མི་གནས་པ་ཞེས་པ་དེའི་གཞི་ཤེས་མ་ཡིན་པར་རྣམ་པར་གཅད་པ་དང་། ཐར་ཐུག་པའི་མཁྱེན་པ་ཞེས་པ་དེའི་ལམ་ཤེས་རྒྱུད་ལྡན་གྱི་མཁྱེན་པ་དེ་མ་ཡིན་པར་རྣམ་པར་གཅད། ཡོངས་བྱ་ལ་རྣམ་མཁྱེན་དེ་གཉིས་ཀ་མ་ཡིན་པར་སྒྲུབ་བོ། །

གསུམ་པ་དེ་རྒྱུད་ལྡན་གྱི་གང་ཟག་བཤད་པ། གཞི་ཤེས་རྒྱུད་ལྡན་གྱི་གང་ཟག་ནི་ཉན་རང་གཉིས། དེ་ཡང་ལུང་ལ་འཇུག་པའི་སྒོ་ལས། ལམ་ཤེས་ཀྱི་དངོས་པོར་བསྟན་པའི་ཉན་རང་རང་རྒྱུད་པའི་ལམ་དེ། འདིར་ཁྱད་པར་ཅན་མ་ཡིན་པའི་གཞི་ཤེས་བཤད་པ་དེ་ཐམས་ཅད་གཞི་ཤེས་རང་ཡིན། ཞེས་གསུངས་སོ།། ལམ་ཤེས་རྒྱུད་ལྡན་གྱི་གང་ཟག་ནི་བྱང་སེམས་འཕགས་པ། དེ་ཡང་ལུང་ལ་འཇུག་པའི་སྒོ་ལས། འདི་རྒྱུད་ལྡན་བྱང་སེམས་འཕགས་པ་ཁོ་ནའོ། །ཞེས་གསུངས་སོ། །རྣམ་མཁྱེན་རྒྱུད་ལྡན་གྱི་གང་ཟག་ནི་སངས་རྒྱས་ཡིན་དགོས་ཏེ། དེ་ཡང་ལུང་ལ་འཇུག་པའི་སྒོ་ལས། འདིས་བླ་ན་མེད་པར་བྱང་ཆུབ་བསྟན་ལ། ཞེས༌གསུངས་སོ། །

བཞི་པ་མངོན་རྟོགས་དང་པོ་གསུམ་གྱི་མཚན་ཉིད། རྣམ་མཁྱེན་གྱི་དངོས་པོའི་མཚན་ཉིད་ནི། རྣམ་མཁྱེན་ཐོབ་བྱེད་ཀྱི་རྒྱུ་ངོ་མའོ། །ལམ་ཤེས་དངོས་པོའི་མཚན་ཉིད་ནི། ལམ་ཤེས་པའི་ཡེ་ཤེས་མི་རྟོག་པ་ཡན་ལག་དང་བཅས་པའོ། །གཞི་ཤེས་དངོས་པོའི་མཚན་ཉིད་ནི། གཞི་ཤེས་པའི་ཡེ་ཤེས་མི་རྟོག་པ་ཡན་ལག་དང་བཅས་པའོ། །

ལྔ་པ་དེ་སྐྱེ་བའི་རྟེན་བཤད་པ། དང་པོ་རྣམ་མཁྱེན་གྱི་དངོས་པོ་སྐྱེ་བའི་རྟེན་ནི། གཙོ་བོ་སེམས་བསྐྱེད་སྐྱེ་བའི་རྟེན་ཞིག་ཡིན་དགོས། ཡིན་ན་ཡང་ང་རྒྱལ་གྱི་གེགས་དང་བྲལ་བའང་ཞིག་དགོས་སོ། །གཉིས་པ་ལམ་ཤེས་ཀྱི་དངོས་པོ་སྐྱེ་བའི་རྟེན་ནི། རྟེན་གྱི་ངོ་བོ་ཉིད་གེགས་དང་བྲལ་བ། བདག་པོའི་རྐྱེན་སེམས་བསྐྱེད་པ། རྒྱུའི་རྐྱེན་རིགས་དང་ལྡན་པ། འཁོར་བ་མི་འདོར་བའི་རང་བཞིན་ཅན་རྣམས་དང་ལྡན་དགོས། གསུམ་པ་གཞི་ཤེས་ཀྱི་དངོས་པོ་སྐྱེ་བའི་རྟེན། ལམ་ཤེས་ཀྱི་དངོས་པོ་སྐྱེ་བའི་རྟེན་དང་མཚུངས། ཡིན་ན་ཡང་འཁོར་བ་མི་འདོར་བའི་རང་བཞིན་ཅན་དང་ལྡན་ན་ཡང་རུང་། མ་ལྡན་ན་ཡང་སྐྱོན་མེད་དོ། །

དྲུག་པ་མཁྱེན་པ་གསུམ་རྒྱུད་ལྡན་གྱི་གང་ཟག་དང་མངོན་རྟོགས་དང་པོ་གསུམ་རྒྱུད་ལྡན་གྱི་གང་ཟག་གཉིས་ལ་དཔྱད་པ། དེ་ལའང་དངོས་པོ་བརྒྱད་ཀྱི་གསུམ་པ་གཞི་ཤེས་རྒྱུད་ལྡན་གྱི་གང་ཟག་དང་སྤྱིར་གཞི་ཤེས་རྒྱུད་ལྡན་གྱི་གང་ཟག་ལ་དཔྱད་པ། དངོས་པོ་བརྒྱད་ཀྱི་གཉིས་པ་ལམ་ཤེས་རྒྱུད་ལྡན་གྱི་གང་ཟག་དང་སྤྱིར་ལམ་ཤེས་རྒྱུད་ལྡན་གྱི་གང་ཟག་ལ་དཔྱད་པ། དངོས་པོ་བརྒྱད་ཀྱི་དང་་པོ་རྣམ་མཁྱེན་དང་སྤྱིར་རྣམ་མཁྱེན་གཉིས་ལ་དཔྱད་པ་དང་བཅས་གསུམ་མོ། །དང་པོ་དངོས་པོ་བརྒྱད་ཀྱི་གསུམ་པ་གཞི་ཤེས་རྒྱུད་ལྡན་གྱི་གང་ཟག་དང་སྤྱིར་གཞི་ཤེས་རྒྱུད་ལྡན་གྱི་གང་ཟག་ལ་དཔྱད་པ་ནི། གཞི་ཤེས་རྒྱུད་ལྡན་གྱི་གང་ཟག་ཡིན་ན་སྤྱིར་གཞི་ཤེས་རྒྱུད་ལྡན་གྱི་གང་ཟག་ཡིན་པས་མ་ཁྱབ་སྟེ། རྒྱལ་བའི་ཡུམ་ལ་ཉེ་བའི་བྱང་ཆུབ་སེམས་དཔའ་དེའི་རྒྱུད་ལ་ཡོད་པའི་གཞི་ཤེས་དེ་གཞི་ཤེས་མཚན་ཉིད་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་དངོས་པོ་བརྒྱད་ཀྱི་གཉིས་པ་ལམ་ཤེས་རྒྱུད་ལྡན་གྱི་གང་ཟག་དང་སྤྱིར་ལམ་ཤེས་རྒྱུད་ལྡན་གྱི་གང་ཟག་ལ་དཔྱད་པ་ནི། ལམ་ཤེས་རྒྱུད་ལྡན་གྱི་གང་ཟག་ཡིན་ན་སྤྱིར་ལམ་ཤེས་རྒྱུད་ལྡན་གྱི་གང་ཟག་ཡིན་པས་མ་ཁྱབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་འདི་དངོས་པོ་གསུམ་གྱི་ནང་གསེས་ཀྱི་ལམ་ཤེས་ཡིན་པ་གང་ཞིག །ཁྱོད་ལམ་ཤེས་མཚན་ཉིད་པ་མ་ཡིན་པའི་ཕྱིར་རོ། །གསུམ་པ་དངོས་པོ་བརྒྱད་ཀྱི་དང་པོ་རྣམ་མཁྱེན་དང་སྤྱིར་རྣམ་མཁྱེན་གཉིས་ལ་དཔྱད་པ་ནི། རང་ལུགས་ཀུན་མཁྱེན་ཆེན་པོའི་ལུགས་ལྟར་དུ་རང་ཉིད་ཀྱིས་ཀྱང་། དངོས་པོ་བརྒྱད་ཀྱི་དང་པོ་རྣམ་མཁྱེན་དང་སྤྱིར་རྣམ་མཁྱེན་གཉིས་ལ་རྒྱུ་དང་འབྲས་བུའི་སྒོ་ནས་བཞག་པ་ཡིན་ཏེ། དངོས་པོ་བརྒྱད་ཀྱི་དང་པོ་རྣམ་མཁྱེན་ནི་རྒྱུ་དང་། སྤྱིར་གྱི་རྣམ་མཁྱེན་ནི་འབྲས་བུ་ཉིད་དུ་བཞག་པ་ཡིན་ནོ།།[༡༡]

སླར་སྨྲས་པ་ནི།

བདག་གིས་ཅུང་ཟད་ཚོགས་དམངས་བཀྲལ་བའི་དགེ །དེར་བསྡུས་སྡུས་པ་ཐེག་ཆེན་དོན་མཁས་ནས། །

མ་རུང་དགྲ་རྣམས་ཚར་གཅད་ལུང་རྟོགས་ཆོས། །ཐུགས་སུ་ཆོད་ནས་ཀུན་མཁྱེན་གྲགས་པར་ཤོག །

ཅེས་པའང་གསེར་ལུང་པད་དཀར་ཆོས་གླིང་དགོན་འཛིན་གྲྭ་ཚང་གི་སློབ་གཉེར་བ་བསྟན་པ་དབང་ཕྱུག་གིས་བྲིས་པ་དག་ལེགས་སུ་གྱུར་ཅིག། །།སྤྱི་ཚེས་ ༣༡/༠༧/༢༠༢༤ ལ་ཡོངས་འབྲེལ་ཐོག་ཏུ་སྤེལ་ཡོད།

ཕར་ཕྱིན་གྱི་བསྡུས་དོན།

[ཞུན་དག]

ཕར་ཕྱིན་དྲུག་གི་སྤྱི་དོན་བཞུགས་སོ། །

[ཞུན་དག]

ཕར་ཕྱིན་བཤད་ས་ལ་སྤྱི་དོན་དང་གཞུང་དོན་གཉིས་ལས། དང་པོ་ལ། མཚན་ཉིད། དབྱེ་བ། སོ་སོའི་རང་བཞིན། གོ་རིམ། གརངས་ངེས། ས་མཚམས། ཚོགས་གཉིས་སུ་བསྡུ་ཚུལ། ཕར་ཕྱིན་བཅུར་དབྱེ་བ་དང་བརྒྱད་ལས། དང་པོ། ཕར་ཕྱིན་གྱི་མཚན་ཉིད་ནི། ཡོངས་སུ་བསྔོ་བས་ཕ་རོལ་ཏུ་བཞག་པའོ། །གཉིས་པ་དབྱེ་བ་ནི། སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་དང་དྲུག་གོ །[༤༦]


གསུམ་པ་སོ་སོའི་རང་བཞིན་ལ་དྲུག་ལས། དང་པོ། སྦྱིན་པའི་ཕར་ཕྱིན་གྱི་མཚན་ཉིད། གཏོང་བ་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་བཞག་པ། མི་མཐུན་ཕྱོགས་ནི། སེར་སྣ། དབྱེ་ན་གཉིས་ལས། དང་པོ། འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕར་ཕྱིན་གྱི་མཚན་ཉིད། ཆགས་པ་མེད་པས་ཟིན་པའི་གཏོང་བ་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་བཞག་པའོ། ། གཉིས་པ།འཇིག་རྟེན་པའི་སྦྱིན་པའི་ཕར་ཕྱིན་གྱི་མཚན་ཉིད། ཆགས་པ་དང་མ་བྲལ་བའི་གཏོང་བ་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་བཞག་པའོ། །སྦྱིན་པའི་ཕར་ཕྱིན་ལ་དབྱེ་ན། ཟང་ཟིང་ནོར་གྱི་སྦྱིན་པ། མི་འཇིགས་སྐྱབས་ཀྱི་སྦྱིན་པ། དམ་པའི་ཆོས་ཀྱི་སྦྱིན་པ་དང་གསུམ་མོ། །


གཉིས་པ། ཚུལ་ཁྲིམས་ཀྱི་བར་ཕྱིན་ནི། འཆལ་ཚུལ་གྱི་གདུང་བ་མེད་པ་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་བཞག་པའོ། མི་མཐུན་ཕྱོགས། ཁྲིམས་འཆལ། དབྱེ་ན་གཉིས་ལས། དང་པོ། འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ནི། ཆགས་པ་མེད་པས་ཟིན་པའི་འཆལ་ཚུལ་གྱི་གདུང་བ་མེད་པ་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་བཞག་པའོ། གཉིས་པ། འཇིག་རྟེན་པའི་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ནི། ཆགས་པ་དང་མ་བྲལ་བའི་འཆལ་ཚུལ་གྱི་གདུང་བ་མེད་པ་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་བཞག་པའོ། ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་དབྱེ་ན། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་གསུམ་མོ། །


གསུམ་པ། བཟོད་པའི་ཕར་ཕྱིན་ནི། ཁྲོ་བ་མེད་པ་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་བཞག་པའོ། མི་མཐུན་ཕྱོགས། ཁོང་ཁྲོ། དབྱེ་ན་གཉིས་ལས། དང་པོ། འཇིག་རྟེན་ལས་འདས་པའི་བཟོད་པའི་ཕར་ཕྱིན་ནི། ཆགས་པ་མེད་པས་ཟིན་པའི་ཁྲོ་བ་མེད་པ་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་བཞག་པའོ། གཉིས་པ། འཇིག་རྟེན་པའི་བཟོད་པའི་ཕར་ཕྱིན་ནི། ཆགས་པ་དང་མ་བྲལ་བའི་ཁྲོ་བ་མེད་པ་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་བཞག་པའོ། དབྱེ་ན། གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ། ཆོས་ཕྱིར་དཀའ་སྤྱད་ཀྱི་ བཟོད་པ། ཟབ་མོའི་དོན་ལ་མི་སྐྲག་པའི་བཟོད་པ་དང་གསུམ་མོ། །


བཞི་པ། བརྩོན་འགྲུས་ཀྱི་ཕར་ཕྱིན་ནི། དགེ་བ་ཡོངས་སུ་འཛིན་པ་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་བཞག་པའོ། མི་མཐུན་ཕྱོགས། ལེ་ལོ། དབྱེ་ན་གཉིས་ལས། དང་པོ། འཇིག་རྟེན་ལས་འདས་པའི་བརྩོན་འགྲུས་ཀྱི་ཕར་ཕྱིན་ནི། ཆགས་པ་མེད་པས་ཟིན་པའི་དགེ་བ་ཡོངས་སུ་འཛིན་པ་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་བཞག་པའོ། གཉིས་པ། འཇིག་རྟེན་པའི་བརྩོན་འགྲུས་ཀྱི་ཕར་ཕྱིན་ནི། ཆགས་པ་དང་མ་བྲལ་བའི་དགེ་བ་ཡོངས་སུ་འཛིན་པ་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་བཞག་པའོ། དབྱེ་ན། གོ་ཆའི་ བརྩོན་འགྲུས། སྦྱོར་བའི་བརྩོན་འགྲུས། ཆོག་པར་མི་འཛིན་པའི་བརྩོན་འགྲུས་དང་གསུམ་མོ། །


ལྔ་པ། བསམ་གཏན་གྱི་ཕར་ཕྱིན་ནི། དགེ་བའི་ཆོས་ཐམས་ཅད་སྡུད་པར་བྱེད་པ་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་བཞག་པའོ། མི་མཐུན་ཕྱོགས་ནི། རྣམ་གཡེང་། དབྱེ་ན་གཉིས་ལས། དང་པོ། འཇིག་རྟེན་ལས་འདས་པའི་བསམ་གཏན་གྱི་ཕར་ཕྱིན་ནི། ཆགས་པ་མེད་པས་ཟིན་པའི་དགེ་བའི་ཆོས་ཐམས་ཅད་སྡུད་པར་བྱེད་པ་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་བཞག་པའོ། ། གཉིས་པ། འཇིག་རྟེན་པའི་བསམ་གཏན་གྱི་པར་ཕྱིན་ནི། ཆགས་པ་དང་མ་བྲལ་བའི་དགེ་བའི་ཆོས་ཐམས་ཅད་སྡུད་པར་བྱེད་པ་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་བཞག་པའོ། ། དབྱེ་ན། བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན། དོན་རབ་འབྱེད་ཀྱི་བསམ་གཏན། དེ་བཞིན་གཤེགས་པའི་བསམ་གཏན་དང་གསུམ་མོ། །


དྲུག་པ། ཤེས་རབ་ཀྱི་པར་ཕྱིན་ནི། མྱ་ངན་ལས་འདས་པར་བགྲོད་པའི་ཕྱིར་འགའ་ལ་ཡང་ཆགས་པ་མེད་པའི་བློ་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་བཞག་པའོ། མི་མཐུན་ཕྱོགས་ནི། ཤེས་འཆལ། དབྱེ་ན་གཉིས་ལས། དང་པོ། འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་ཕར་ཕྱིན་ནི། ཆགས་པ་མེད་པས་ཟིན་པའི་མྱ་ངན་ལས་འདས་པར་གྲོད་པའི་ཕྱིར་འགའ་ལ་ཡང་ཆགས་པ་མེད་པའི་བློ་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་བཞག་པའོ། གཉིས་པ། འཇིག་རྟེན་པའི་ཤེས་རབ་ཀྱི་ཕར་ཕྱིན་ནི། ཆགས་པ་དང་མ་བྲལ་བའི་མྱ་ངན་ལས་འདས་པར་བགྲོད་པའི་ཕྱིར་འགའ་ལ་ཡང་ཆགས་པ་མེད་པའི་བློ་ཡོངས་སུ་བསྔོ་བས་ཕ་རོལ་ཏུ་བཞག་པའོ། དབྱེ་ན། ཟོས་པའི་ཤེས་རབ། བསམ་པའི་ཤེས་རབ། སྒོས་པའི་ཤེས་རབ་དང་གསུམ་མོ། །


བཞི་པ་གོ་རིམ་ནི། མཆོག་དམན་གྱི་གོ་རིམ་སྟེ། སྦྱིན་པ་སོགས་འོག་མ་འོག་མ་ལ་ལྟོས་པའི་ཚེ་གོང་མ་གོང་མ་རྣམས་མཆོག་ཡིན་པའི་ཕྱིར་རོ། ། ལྔ་བ་གྲངས་ངེས་ནི། མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུའི་དབང་དུ་བཏང་ནས་རྣམ་པ་དྲུག་ཏུ་ངེས་ཏེ། དང་པོ་བཞི་གཙོ་བོ་མངོན་མཐོ་ཐོབ་པའི་རྒྱུ་དང༌། ཕྱི་མ་གཉིས་གཙོ་བོ་ངེས་ལེགས་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །


དྲུག་པ་ས་མཚམས་ནི། མཁས་པ་འགས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ཀའང་ས་དང་པོ་ཡན་ཆད་ལ་གསུངས་ཀྱང་། ཀུན་མཁྱེན་ཆེན་པོ་མི་ཕམ་པད་མ་དཀར་པོས། ཚོགས་སྦྱོར་གྱི་ངོ་བོར་གྱུར་པའི་ཕར་ཕྱིན་ལ་འཇིག་རྟེན་པའི་ཕར་ཕྱིན་དང་། ས་དང་པོ་ཡན་གྱི་ཕར་ཕྱིན་ལ་འཇིག་རྟེན་ལས་འདས་པའི་ཕར་ ཕྱིན་ཉིད་དུ་བཞེད་དེ། མཚན་ཉིད་ཀྱི་ཟུར་དུ་ཆགས་པ་མེད་པས་ཟིན་པའི་ཞེས་དང༌། ཆགས་པ་དང་མ་བྲལ་བའི། ཞེས་གསུངས་པའི་ཕྱིར་རོ། །


བདུན་བ་ཚོགས་གཉིས་སུ་བསྡུ་ཚུལ་ནི། འདི་ལ་ཕར་ཕྱིན་དང་པོ་ལྔ་བསོད་ནམས་དང་། ཤེས་རབ་ནི་ལུགས་མི་འདྲ་བ་ཁ་ཤས་མཆིས་ཀྱང༌། དཔལ་ལྡན་ཟླ་བས་འཇུག་པ་ལས། སྦྱིན་སོགས་ཆོས་གསུམ་དེ་དག་ཕལ་མོ་ཆེ། །བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས། །བསོད་ནམས་ཞེས་བྱའི་ཚོགས་ཀྱང་དེ་དག་ ཉིད། །སངས་རྒྱས་གཟུགས་སྐུའི་བདག་ཉིད་སྐུའི་རྒྱུ། །ཞེས་པ་ལྟར། སྦྱིན་པ། ཚུལ་ཁྲིམས། བཟོད་པ་གསུམ་ནི་བསོད་ནམས་ཀྱི་ཚོགས། བསམ་གཏན་དང་ཤེས་རབ་ གཉིས་ཡེ་ཤེས་ཀྱི་ཚོགས། བརྩོན་འགྲུས་ནི་གཉིས་ཀའི་གྲོགས་ཡིན་ཏེ། འཇུག་པ་ལས། ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཅན། །བསོད་ནམས་བློ་གྲོས་ཚོགས་ནི་གཉིས་ཀའི་རྒྱུ། །ཞེས་གསུངས་པའི་ཕྱིར་རོ། །


བརྒྱད་པ་ཕར་ཕྱིན་བཅུར་དབྱེ་བ་ནི། གོང་གི་ཕར་ཕྱིན་དྲུག་གི་སྟེང་དུ། ཐབས་ཀྱི་ཕར་ཕྱིན། སྨོན་ལམ་གྱི་ཕར་ཕྱིན། སྟོབས་ཀྱི་ཕར་ཕྱིན། ཡེ་ཤེས་ཀྱི་ཕར་ཕྱིན་དང་བཅུའོ། །


ཞར་བྱུང་དུ་ལྷག་མཐོང་ཞེས་པའི་དོན་ནི། སྔར་སོ་སྐྱེས་ཀྱི་གནས་སྐབས་སུ་མ་མཐོང་བའི་དོན་ལྷག་པར་མཐོང་བ་ལ་འཇོག སྤྱིར་ལྷག་མཐོང་དབྱེ་ན། མཐོང་ལམ་གྱིས་ བསྡུས་པ་དང་། སྒོམ་ལམ་གྱིས་བསྡུས་པ་གཉིས་ཡོད། མཐོང་ལམ་གྱིས་བསྡུས་པའི་ལྷག་མཐོང་ལ་ལུས་རྟེན་དང་སེམས་རྟེན་གཉིས་ལས། དང་པོ་ནི། འདོད་པའི་སས་ བསྡུས་པའི་མི་དང་ལྷ་གཉིས་ཡིན། གཉིས་པ་སེམས་རྟེན་ནི། བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་པ་མེད་པ། བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་བ། བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན། བསམ་གཏན་གཉིས་པའི་དངོས་གཞི། བསམ་གཏན་གསུམ་པའི་དངོས་གཞི། བསམ་གཏན་བཞི་པའི་དངོས་གཞི་དང་ བཅས་བསམ་གཏན་ས་དྲུག་གོ། ། གཉིས་པ་སྒོམ་ལམ་གྱིས་བསྡུས་པའི་ལྷག་མཐོང་ལ་ལུས་རྟེན་ནི། ཁམས་གསུམ་གྱིས་བསྡུས་པའི་ལུས་རྟེན་དང༌། གཉིས་པ་སེམས་རྟེན་ནི། བསམ་གཏན་ས་དྲུག་གི་སྟེང་དུ། གཟུགས་མེད་ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པའི་སེམས་དང་དགུ་སྟེ་ཟག་མེད་ས་དགུའོ། །[༤༤]

རྒྱབ་རྟེན་ཡིག་ཆ།

[ཞུན་དག]
  1. ༡.༠ ༡.༡ Serlung Monastery - Wikipedia
  2. https://www.bbs.bt/news/?p=51878
  3. https://kuenselonline.com/picture-story-1430/
  4. https://www.bbs.bt/news/?p=51878
  5. https://en.wikipedia.org/wiki/Serlung_Monastery
  6. [༡]
  7. [༢]
  8. ༨.༠ ༨.༡ https://web.archive.org/web/20230924055557/http://media.dalailama.com/Tibetan/texts/madhyamakavatara-autocommentary-TIB.pdf
  9. https://dharmacloud.tsadra.org/wp-content/uploads/PDFs_2021/KS-PK-07.pdf
  10. https://www.serajeyrigzodchenmo.org/images/book/pdf_folder/zhungchen_khag/u_ma/%E0%BD%91%E0%BD%96%E0%BD%B4%E0%BC%8B%E0%BD%98%E0%BC%8B%E0%BD%A0%E0%BD%87%E0%BD%B4%E0%BD%82%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A2%E0%BD%84%E0%BC%8B%E0%BD%A0%E0%BD%82%E0%BE%B2%E0%BD%BA%E0%BD%A3%E0%BC%8D.pdf
  11. ༡༡.༠ ༡༡.༡ ༡༡.༢ ༡༡.༣ https://www.google.com/search?q=%E0%BD%95%E0%BE%B1%E0%BD%82%E0%BC%8B%E0%BD%86%E0%BD%BA%E0%BD%93%E0%BC%8B%E0%BD%82%E0%BD%93%E0%BC%8B%E0%BD%98%E0%BD%9B%E0%BD%BC%E0%BD%91%E0%BC%8D&oq=%E0%BD%95%E0%BE%B1%E0%BD%82%E0%BC%8B%E0%BD%86%E0%BD%BA%E0%BD%93%E0%BC%8B%E0%BD%82%E0%BD%93%E0%BC%8B%E0%BD%98%E0%BD%9B%E0%BD%BC%E0%BD%91%E0%BC%8D&gs_lcrp=EgZjaHJvbWUyBggAEEUYOTIKCAEQABiABBiiBDIKCAIQABiABBiiBDIKCAMQABiABBiiBDIKCAQQABiABBiiBNIBCTI0MzUxajBqOagCALACAQ&sourceid=chrome&ie=UTF-8
  12. ༡༢.༠ ༡༢.༡ ༡༢.༢ https://web.archive.org/web/20230924055557/http://media.dalailama.com/Tibetan/texts/madhyamakavatara-autocommentary-TIB.pdf
  13. ༡༣.༠ ༡༣.༡ ༡༣.༢ ༡༣.༣ https://dharmacloud.tsadra.org/wp-content/uploads/PDFs_2021/KS-PK-07.pdf
  14. https://www.serajeyrigzodchenmo.org/images/book/pdf_folder/zhungchen_khag/phar_chin/kab_gyad/%E0%BD%86%E0%BD%BC%E0%BD%A6%E0%BC%8B%E0%BD%A0%E0%BD%81%E0%BD%BC%E0%BD%A2%E0%BC%8B%E0%BD%A2%E0%BD%B2%E0%BD%98%E0%BC%8B%E0%BD%94%E0%BC%8B%E0%BD%82%E0%BD%A6%E0%BD%B4%E0%BD%98%E0%BC%8B%E0%BD%82%E0%BE%B1%E0%BD%B2%E0%BC%8B%E0%BD%91%E0%BD%BC%E0%BD%82%E0%BD%A6%E0%BC%8B%E0%BD%82%E0%BD%85%E0%BD%BC%E0%BD%91%E0%BC%8D.pdf
  15. དབུ་མའི་གཞུང་ལུགས་གསུམ་གསལ་བར་བྱེད་པ་ངེས་དོན ...
  16. added name
  17. ༡༧.༠ ༡༧.༡ https://dharmacloud.tsadra.org/book/%E0%BD%98%E0%BD%84%E0%BD%BC%E0%BD%93%E0%BC%8B%E0%BD%94%E0%BD%A2%E0%BC%8B%E0%BD%A2%E0%BE%9F%E0%BD%BC%E0%BD%82%E0%BD%A6%E0%BC%8B%E0%BD%94%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BD%93%E0%BC%8B%E0%BD%82/
  18. https://dharmacloud.tsadra.org/book/%E0%BD%A4%E0%BD%BA%E0%BD%A2%E0%BC%8B%E0%BD%95%E0%BE%B1%E0%BD%B2%E0%BD%93%E0%BC%8B%E0%BD%82%E0%BE%B1%E0%BD%B2%E0%BC%8B%E0%BD%A3%E0%BD%B4%E0%BD%84%E0%BC%8B%E0%BD%A3%E0%BC%8B%E0%BD%A0%E0%BD%87%E0%BD%B4/
  19. https://dharmacloud.tsadra.org/book/%E0%BD%A4%E0%BD%BA%E0%BD%A2%E0%BC%8B%E0%BD%95%E0%BE%B1%E0%BD%B2%E0%BD%93%E0%BC%8B%E0%BD%82%E0%BE%B1%E0%BD%B2%E0%BC%8B%E0%BD%A3%E0%BD%B4%E0%BD%84%E0%BC%8B%E0%BD%A3%E0%BC%8B%E0%BD%A0%E0%BD%87%E0%BD%B4/
  20. https://dharmacloud.tsadra.org/book/%E0%BD%98%E0%BD%84%E0%BD%BC%E0%BD%93%E0%BC%8B%E0%BD%94%E0%BD%A2%E0%BC%8B%E0%BD%A2%E0%BE%9F%E0%BD%BC%E0%BD%82%E0%BD%A6%E0%BC%8B%E0%BD%94%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BD%93%E0%BC%8B%E0%BD%82/
  21. https://bo.wikipedia.org/wiki/%E0%BD%A6%E0%BE%A4%E0%BE%B1%E0%BD%BC%E0%BD%91%E0%BC%8B%E0%BD%A0%E0%BD%87%E0%BD%B4%E0%BD%82%E0%BC%8B%E0%BD%82%E0%BD%B2%E0%BC%8B%E0%BD%A0%E0%BD%96%E0%BE%B2%E0%BD%B4%E0%BC%8B%E0%BD%A0%E0%BD%82%E0%BE%B2%E0%BD%BA%E0%BD%A3%E0%BC%8B%E0%BD%91%E0%BD%96%E0%BD%B4%E0%BC%8B%E0%BD%98%E0%BD%A0%E0%BD%B2%E0%BC%8B%E0%BD%A3%E0%BD%98%E0%BC%8B%E0%BD%82%E0%BE%B1%E0%BD%B2%E0%BC%8B%E0%BD%A6%E0%BE%92%E0%BE%B2%E0%BD%BC%E0%BD%93%E0%BC%8B%E0%BD%98%E0%BC%8B
  22. མངོན་པར་རྟོགས་པ་རྒྱན་གྱི་འགྲེལ་པ་རྗེ་བཙུན་བྱམས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།།
  23. ༢༣.༠ ༢༣.༡ https://web.archive.org/web/20230924055557/http://media.dalailama.com/Tibetan/texts/madhyamakavatara-autocommentary-TIB.pdf
  24. https://web.archive.org/web/20230924055557/http://media.dalailama.com/Tibetan/texts/madhyamakavatara-autocommentary-TIB.pdf
  25. https://www.serajeyrigzodchenmo.org/images/book/pdf_folder/zhungchen_khag/u_ma/zkhu333318.pdf
  26. https://www.serajeyrigzodchenmo.org/images/book/pdf_folder/zhungchen_khag/u_ma/%E0%BD%91%E0%BD%96%E0%BD%B4%E0%BC%8B%E0%BD%98%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BD%93%E0%BC%8B%E0%BD%82%E0%BE%B1%E0%BD%B2%E0%BC%8B%E0%BD%A2%E0%BE%A9%E0%BC%8B%E0%BD%A0%E0%BD%82%E0%BE%B2%E0%BD%BA%E0%BD%A3%E0%BC%8D.pdf
  27. ༢༧.༠ ༢༧.༡ https://drongngurchoje.net/2018/12/02/%E0%BD%96%E0%BE%B1%E0%BC%8B%E0%BD%9A%E0%BD%B2%E0%BD%82%E0%BC%8B%E0%BD%82%E0%BD%B2%E0%BC%8B%E0%BD%A2%E0%BE%A3%E0%BD%98%E0%BC%8B%E0%BD%82%E0%BD%9E%E0%BD%82%E0%BC%8B%E0%BD%A3%E0%BD%82%E0%BC%8B%E0%BD%A3-2/
  28. ༢༨.༠ ༢༨.༡ https://bo.wikipedia.org/wiki/%E0%BD%A6%E0%BD%B2%E0%BC%8B%E0%BD%8F%E0%BD%B4%E0%BD%A0%E0%BD%B2%E0%BC%8B%E0%BD%A0%E0%BD%82%E0%BE%B2%E0%BD%BA%E0%BD%A3%E0%BC%8B%E0%BD%86%E0%BD%BA%E0%BD%93%E0%BC%8B
  29. https://drongngurchoje.net/2018/12/02/%E0%BD%96%E0%BE%B1%E0%BC%8B%E0%BD%9A%E0%BD%B2%E0%BD%82%E0%BC%8B%E0%BD%82%E0%BD%B2%E0%BC%8B%E0%BD%A2%E0%BE%A3%E0%BD%98%E0%BC%8B%E0%BD%82%E0%BD%9E%E0%BD%82%E0%BC%8B%E0%BD%A3%E0%BD%82%E0%BC%8B%E0%BD%A3-2/
  30. ༣༠.༠ ༣༠.༡ https://rywikitexts.tsadra.org/index.php/%E0%BD%86%E0%BD%BC%E0%BD%A6%E0%BC%8B%E0%BD%A0%E0%BD%81%E0%BD%BC%E0%BD%A2%E0%BC%8B%E0%BD%A2%E0%BD%B2%E0%BD%98%E0%BC%8B%E0%BD%94%E0%BC%8B%E0%BD%82%E0%BD%A6%E0%BD%B4%E0%BD%98%E0%BC%8B%E0%BD%82%E0%BE%B1%E0%BD%B2%E0%BC%8B%E0%BD%91%E0%BD%BC%E0%BD%82%E0%BD%A6%E0%BC%8B%E0%BD%82%E0%BD%85%E0%BD%BC%E0%BD%91%E0%BC%8B%E0%BD%A0%E0%BD%82%E0%BE%B2%E0%BD%BA%E0%BD%A3%E0%BC%8B%E0%BD%94%E0%BC%8B%E0%BD%96%E0%BD%9E%E0%BD%B4%E0%BD%82%E0%BD%A6%E0%BC%8D
  31. https://www.gyalyongsachen.com/?p=4706
  32. https://rywikitexts.tsadra.org/index.php/%E0%BD%9A%E0%BD%91%E0%BC%8B%E0%BD%98%E0%BD%A0%E0%BD%B2%E0%BC%8B%E0%BD%98%E0%BD%91%E0%BD%BC%E0%BC%8B%E0%BD%A6%E0%BE%A1%E0%BD%BA%E0%BC%8B%E0%BD%96%E0%BD%91%E0%BD%B4%E0%BD%93%E0%BC%8B%E0%BD%91%E0%BD%84%E0%BC%8B%E0%BD%96%E0%BD%85%E0%BD%A6%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BE%A4%E0%BE%B1%E0%BD%B2%E0%BC%8B%E0%BD%91%E0%BD%BC%E0%BD%93%E0%BC%8B%E0%BD%A2%E0%BD%B2%E0%BD%82%E0%BD%A6%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BE%99%E0%BD%B2%E0%BD%84%E0%BC%8B%E0%BD%94%E0%BD%BC%E0%BC%8B%E0%BD%9E%E0%BD%BA%E0%BD%A6%E0%BC%8B%E0%BD%96%E0%BE%B1%E0%BC%8B%E0%BD%96%E0%BC%8B%E0%BD%96%E0%BD%9E%E0%BD%B4%E0%BD%82%E0%BD%A6%E0%BC%8B%E0%BD%A6%E0%BD%BC%E0%BC%8D
  33. https://www.gyalyongsachen.com/?page_id=4441
  34. https://www.gyalyongsachen.com/?page_id=4441
  35. ༣༥.༠ ༣༥.༡ https://rywikitexts.tsadra.org/index.php/%E0%BD%9A%E0%BD%91%E0%BC%8B%E0%BD%98%E0%BD%A0%E0%BD%B2%E0%BC%8B%E0%BD%98%E0%BD%91%E0%BD%BC%E0%BC%8B%E0%BD%A6%E0%BE%A1%E0%BD%BA%E0%BC%8B%E0%BD%96%E0%BD%91%E0%BD%B4%E0%BD%93%E0%BC%8B%E0%BD%91%E0%BD%84%E0%BC%8B%E0%BD%96%E0%BD%85%E0%BD%A6%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BE%A4%E0%BE%B1%E0%BD%B2%E0%BC%8B%E0%BD%91%E0%BD%BC%E0%BD%93%E0%BC%8B%E0%BD%A2%E0%BD%B2%E0%BD%82%E0%BD%A6%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BE%99%E0%BD%B2%E0%BD%84%E0%BC%8B%E0%BD%94%E0%BD%BC%E0%BC%8B%E0%BD%9E%E0%BD%BA%E0%BD%A6%E0%BC%8B%E0%BD%96%E0%BE%B1%E0%BC%8B%E0%BD%96%E0%BC%8B%E0%BD%96%E0%BD%9E%E0%BD%B4%E0%BD%82%E0%BD%A6%E0%BC%8B%E0%BD%A6%E0%BD%BC%E0%BC%8D
  36. https://www.scribd.com/document/535850173/%E0%BD%9A%E0%BD%91-%E0%BD%98-%E0%BD%A2%E0%BE%A3%E0%BD%98-%E0%BD%A0%E0%BD%82%E0%BE%B2%E0%BD%BA%E0%BD%A3
  37. ༣༧.༠ ༣༧.༡ https://dharmacloud.tsadra.org/book/%E0%BD%80%E0%BD%B4%E0%BD%93%E0%BC%8B%E0%BD%98%E0%BD%81%E0%BE%B1%E0%BD%BA%E0%BD%93%E0%BC%8B%E0%BD%82%E0%BD%9E%E0%BD%B4%E0%BD%84%E0%BC%8B%E0%BD%A0%E0%BD%82%E0%BE%B2%E0%BD%BA%E0%BD%A3%E0%BC%8B%E0%BD%95-3/
  38. https://rywikitexts.tsadra.org/index.php/%E0%BD%9A%E0%BD%91%E0%BC%8B%E0%BD%98%E0%BD%A0%E0%BD%B2%E0%BC%8B%E0%BD%98%E0%BD%91%E0%BD%BC%E0%BC%8B%E0%BD%A6%E0%BE%A1%E0%BD%BA%E0%BC%8B%E0%BD%96%E0%BD%91%E0%BD%B4%E0%BD%93%E0%BC%8B%E0%BD%91%E0%BD%84%E0%BC%8B%E0%BD%96%E0%BD%85%E0%BD%A6%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BE%A4%E0%BE%B1%E0%BD%B2%E0%BC%8B%E0%BD%91%E0%BD%BC%E0%BD%93%E0%BC%8B%E0%BD%A2%E0%BD%B2%E0%BD%82%E0%BD%A6%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BE%99%E0%BD%B2%E0%BD%84%E0%BC%8B%E0%BD%94%E0%BD%BC%E0%BC%8B%E0%BD%9E%E0%BD%BA%E0%BD%A6%E0%BC%8B%E0%BD%96%E0%BE%B1%E0%BC%8B%E0%BD%96%E0%BC%8B%E0%BD%96%E0%BD%9E%E0%BD%B4%E0%BD%82%E0%BD%A6%E0%BC%8B%E0%BD%A6%E0%BD%BC%E0%BC%8D
  39. ༣༩.༠ ༣༩.༡ ༣༩.༢ https://rywikitexts.tsadra.org/index.php/%E0%BD%9A%E0%BD%91%E0%BC%8B%E0%BD%98%E0%BD%A0%E0%BD%B2%E0%BC%8B%E0%BD%98%E0%BD%91%E0%BD%BC%E0%BC%8B%E0%BD%A6%E0%BE%A1%E0%BD%BA%E0%BC%8B%E0%BD%96%E0%BD%91%E0%BD%B4%E0%BD%93%E0%BC%8B%E0%BD%91%E0%BD%84%E0%BC%8B%E0%BD%96%E0%BD%85%E0%BD%A6%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BE%A4%E0%BE%B1%E0%BD%B2%E0%BC%8B%E0%BD%91%E0%BD%BC%E0%BD%93%E0%BC%8B%E0%BD%A2%E0%BD%B2%E0%BD%82%E0%BD%A6%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BE%99%E0%BD%B2%E0%BD%84%E0%BC%8B%E0%BD%94%E0%BD%BC%E0%BC%8B%E0%BD%9E%E0%BD%BA%E0%BD%A6%E0%BC%8B%E0%BD%96%E0%BE%B1%E0%BC%8B%E0%BD%96%E0%BC%8B%E0%BD%96%E0%BD%9E%E0%BD%B4%E0%BD%82%E0%BD%A6%E0%BC%8B%E0%BD%A6%E0%BD%BC%E0%BC%8D
  40. https://rywikitexts.tsadra.org/index.php/%E0%BD%9A%E0%BD%91%E0%BC%8B%E0%BD%98%E0%BD%A0%E0%BD%B2%E0%BC%8B%E0%BD%98%E0%BD%91%E0%BD%BC%E0%BC%8B%E0%BD%A6%E0%BE%A1%E0%BD%BA%E0%BC%8B%E0%BD%96%E0%BD%91%E0%BD%B4%E0%BD%93%E0%BC%8B%E0%BD%91%E0%BD%84%E0%BC%8B%E0%BD%96%E0%BD%85%E0%BD%A6%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BE%A4%E0%BE%B1%E0%BD%B2%E0%BC%8B%E0%BD%91%E0%BD%BC%E0%BD%93%E0%BC%8B%E0%BD%A2%E0%BD%B2%E0%BD%82%E0%BD%A6%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BE%99%E0%BD%B2%E0%BD%84%E0%BC%8B%E0%BD%94%E0%BD%BC%E0%BC%8B%E0%BD%9E%E0%BD%BA%E0%BD%A6%E0%BC%8B%E0%BD%96%E0%BE%B1%E0%BC%8B%E0%BD%96%E0%BC%8B%E0%BD%96%E0%BD%9E%E0%BD%B4%E0%BD%82%E0%BD%A6%E0%BC%8B%E0%BD%A6%E0%BD%BC%E0%BC%8D
  41. ༤༡.༠ ༤༡.༡ https://rywikitexts.tsadra.org/index.php/%E0%BD%9A%E0%BD%91%E0%BC%8B%E0%BD%98%E0%BC%8B%E0%BD%98%E0%BD%91%E0%BD%BC%E0%BC%8B%E0%BD%91%E0%BD%84%E0%BC%8B%E0%BD%A6%E0%BE%A1%E0%BD%BA%E0%BC%8B%E0%BD%96%E0%BD%91%E0%BD%B4%E0%BD%93%E0%BC%8B%E0%BD%82%E0%BE%B1%E0%BD%B2%E0%BC%8B%E0%BD%91%E0%BD%BC%E0%BD%93%E0%BC%8B%E0%BD%82%E0%BD%8F%E0%BD%93%E0%BC%8B%E0%BD%A3%E0%BC%8B%E0%BD%95%E0%BD%96%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%96%E0%BD%A6%E0%BE%9F%E0%BD%93%E0%BC%8B%E0%BD%96%E0%BD%85%E0%BD%BC%E0%BD%A6%E0%BC%8B%E0%BC%8B%E0%BC%8B%E0%BC%8D
  42. https://rywikitexts.tsadra.org/index.php/%E0%BD%9A%E0%BD%91%E0%BC%8B%E0%BD%98%E0%BD%A0%E0%BD%B2%E0%BC%8B%E0%BD%98%E0%BD%91%E0%BD%BC%E0%BC%8B%E0%BD%A6%E0%BE%A1%E0%BD%BA%E0%BC%8B%E0%BD%96%E0%BD%91%E0%BD%B4%E0%BD%93%E0%BC%8B%E0%BD%91%E0%BD%84%E0%BC%8B%E0%BD%96%E0%BD%85%E0%BD%A6%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BE%A4%E0%BE%B1%E0%BD%B2%E0%BC%8B%E0%BD%91%E0%BD%BC%E0%BD%93%E0%BC%8B%E0%BD%A2%E0%BD%B2%E0%BD%82%E0%BD%A6%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BE%99%E0%BD%B2%E0%BD%84%E0%BC%8B%E0%BD%94%E0%BD%BC%E0%BC%8B%E0%BD%9E%E0%BD%BA%E0%BD%A6%E0%BC%8B%E0%BD%96%E0%BE%B1%E0%BC%8B%E0%BD%96%E0%BC%8B%E0%BD%96%E0%BD%9E%E0%BD%B4%E0%BD%82%E0%BD%A6%E0%BC%8B%E0%BD%A6%E0%BD%BC%E0%BC%8D
  43. ༤༣.༠ ༤༣.༡ https://rywikitexts.tsadra.org/index.php/%E0%BD%9A%E0%BD%91%E0%BC%8B%E0%BD%98%E0%BD%A0%E0%BD%B2%E0%BC%8B%E0%BD%98%E0%BD%91%E0%BD%BC%E0%BC%8B%E0%BD%A6%E0%BE%A1%E0%BD%BA%E0%BC%8B%E0%BD%96%E0%BD%91%E0%BD%B4%E0%BD%93%E0%BC%8B%E0%BD%91%E0%BD%84%E0%BC%8B%E0%BD%96%E0%BD%85%E0%BD%A6%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BE%A4%E0%BE%B1%E0%BD%B2%E0%BC%8B%E0%BD%91%E0%BD%BC%E0%BD%93%E0%BC%8B%E0%BD%A2%E0%BD%B2%E0%BD%82%E0%BD%A6%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BE%99%E0%BD%B2%E0%BD%84%E0%BC%8B%E0%BD%94%E0%BD%BC%E0%BC%8B%E0%BD%9E%E0%BD%BA%E0%BD%A6%E0%BC%8B%E0%BD%96%E0%BE%B1%E0%BC%8B%E0%BD%96%E0%BC%8B%E0%BD%96%E0%BD%9E%E0%BD%B4%E0%BD%82%E0%BD%A6%E0%BC%8B%E0%BD%A6%E0%BD%BC%E0%BC%8D
  44. ༤༤.༠ ༤༤.༡ https://dharmacloud.tsadra.org/book/%E0%BD%98%E0%BD%84%E0%BD%BC%E0%BD%93%E0%BC%8B%E0%BD%94%E0%BD%A2%E0%BC%8B%E0%BD%A2%E0%BE%9F%E0%BD%BC%E0%BD%82%E0%BD%A6%E0%BC%8B%E0%BD%94%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BD%93%E0%BC%8B%E0%BD%82/
  45. https://rywikitexts.tsadra.org/index.php/%E0%BD%9A%E0%BD%91%E0%BC%8B%E0%BD%98%E0%BD%A0%E0%BD%B2%E0%BC%8B%E0%BD%98%E0%BD%91%E0%BD%BC%E0%BC%8B%E0%BD%A6%E0%BE%A1%E0%BD%BA%E0%BC%8B%E0%BD%96%E0%BD%91%E0%BD%B4%E0%BD%93%E0%BC%8B%E0%BD%91%E0%BD%84%E0%BC%8B%E0%BD%96%E0%BD%85%E0%BD%A6%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BE%A4%E0%BE%B1%E0%BD%B2%E0%BC%8B%E0%BD%91%E0%BD%BC%E0%BD%93%E0%BC%8B%E0%BD%A2%E0%BD%B2%E0%BD%82%E0%BD%A6%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BE%99%E0%BD%B2%E0%BD%84%E0%BC%8B%E0%BD%94%E0%BD%BC%E0%BC%8B%E0%BD%9E%E0%BD%BA%E0%BD%A6%E0%BC%8B%E0%BD%96%E0%BE%B1%E0%BC%8B%E0%BD%96%E0%BC%8B%E0%BD%96%E0%BD%9E%E0%BD%B4%E0%BD%82%E0%BD%A6%E0%BC%8B%E0%BD%A6%E0%BD%BC%E0%BC%8D
  46. https://dharmacloud.tsadra.org/book/%E0%BD%98%E0%BD%84%E0%BD%BC%E0%BD%93%E0%BC%8B%E0%BD%94%E0%BD%A2%E0%BC%8B%E0%BD%A2%E0%BE%9F%E0%BD%BC%E0%BD%82%E0%BD%A6%E0%BC%8B%E0%BD%94%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BD%93%E0%BC%8B%E0%BD%82/