གུ་རུ་མཚན་བརྒྱད་ལ་བསྟོད་པ།

Wikipedia ལས།

༄༅། །སློབ་དཔོན་པདྨ་འབྱུང་གནས་དང་གུ་རུ་མཚན་བརྒྱད་ལ་བསྟོད་པ་བཞུགས་སོ།།

གུ་རུ་རིན་པོ་ཆེ་དང་གུ་རུ་མཚན་བརྒྱད།


༄༅། །སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གཏུགས་ཏེ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ༈ ཀུན་བཟང་ནམ་མཁའི་སྐྱེད་ཚལ་དུ། །ངོ་མཚར་སྣང་བ་མཐའ་ཡས་པའི། ཐུགས་རྗེ་ཆེན་པོའི་གར་མཛད་མཁན། །གཏན་གྱི་སྐྱབས་ལ་ཕྱག་འཚལ་ལོ། །ཁྱོད་ཞབས་པདྨ་ལ་བཏུད་པ། །གང་ལས་བསོད་ནམས་ཀུན་འབྱུང་བཞིན། །ཡེ་ཤེས་ཚོགས་ཀྱིའང་གནས་མཐོང་ནས།། རྣམ་པ་ཀུན་གྱིས་ཕྱག་འཚལ་ལོ། །ཨོ་རྒྱན་མཚོ་སྐྱེས་ཀེ་ས་རའི། །རྡོ་རྗེའི་གདན་དུ་བྱོན་པ་གང་། །རྩ་མཆོག་གྲོང་ནས་གཤེགས་དེ་ཁར། །སོམ་ཉི་མེད་པར་ཕྱག་འཚལ་ལོ། །ཨིནྡྲ་བྷཱུ་ཏི་དབང་ཕྱུག་ཆེའི། །གོ་སར་དབང་སྐུར་ཁྱེད་མདུན་དུ། །ཕུན་ཚོགས་ཐམས་ཅད་འདུས་པའི་ཚུལ། །བསམ་མི་ཁྱབ་ལ༴ རྒྱལ་བ་ཉིད་ཀྱིས་བགྲང་འོས་པའི། །ཆོས་ཀྱི་ཕུང་པོ་ཇི་སྙེད་པ། །ཁྱོད་ཀྱི་ཐུགས་སུ་ཆུབ་གྱུར་པས། །མཁས་པའི་མཁས་པར༴ །ཁ་ན་མ་ཐོའི་དྲི་བྲལ་བའི། །ཚུལ་ཁྲིམས་ཚོགས་ལ་མངའ་བསྒྱུར་བ། །བཙུན་པའི་དཔལ་གྱུར་ཁྱོད་ཁོ་ནར། །དད་པ་རྒྱ་མཚོས༴ །མནྡ་ར་བའི་རེག་བྱ་ཡིས། །ལྷ་ཡི་ལྷར་བསྒྲུབས་ཡོན་ཏན་མཐའ། །སངས་རྒྱས་ཀུན་གྱིས་མི་རྟོགས་པས། །བཟང་པོའི་མཚན་གཞིར༴ །སེམས་ཅན་མོས་པ་བཞིན་བསྒྱུར་བའི། །སྐུ་གསུང་ཐུགས་ཀྱི་གསང་བའི་དཔྱིད། །མི་བཟད་རྒྱན་གྱི་འཁོར་ལོ་བའི། །གན་མཛོད་མཆོག་ལ༴ །གང་གིས་འཕགས་པའི་ཡུལ་ལྗོངས་སུ། །མུ་སྟེགས་ནག་པོ་ཚར་བཅད་པ། །དེ་ལྟར་བོད་ཀྱི་མ་རུངས་པ། །ཀུན་ལའང་མཛད་ལ༴ །མཁར་ཆེན་བཟས་བསྐུལ་ཆོས་ཀྱི་སྡེ། །རྣམ་མང་གདུལ་བྱའི་ཕྱིར་སྦས་པས། །ལྔ་བརྒྱ་པ་ལ་ལན་བློན་དཀའི། །སྐུ་དྲིན་ཅན་ལ༴ །འཆི་བདག་མཆེ་བ་ལྟར་གཏུམ་པའི། །མི་བོ་ཟ་བྱེད་རྣམས་ཀྱི་སྡེ། །ཁྲིམས་ཀྱིས་འགེགས་པའི་རཀྟའི་རྒྱལ། །འཇིགས་བྱེད་ཆེན་པོར༴ །རྩེ་གཅིག་ཁྱོད་ལ་བློ་གཏད་ནས། །གསོལ་བ་བཏབ་པའི་མདུན་བྱོན་ཏེ། །བསམ་པ་ཐམས་ཅད་རྫོགས་མཛད་པར། །བསླུ་བ་མེད་ལ༴ །ཁྱོད་ཀྱི་མཚན་ཙམ་གཟུང་བ་ལའང་། །སྡེ་བརྒྱད་ཀུན་གྱིས་མི་འཚེ་ཞིང་། །བསྙེན་ཞིང་སྒོམ་བཟླས་ལ་ཞུགས་ན། །བཀའ་ཉན་བགྱིད་ལ༴ །རིག་འཛིན་ཡོངས་དངོས་ཁྱེད་ཁོ་ན།། ཡི་དམ་ལྷ་ཚོགས་ཀུན་ཏུ་ཤར། །བར་ཆད་སེལ་ལ་མཁའ་འགྲོ་དང་། །ཆོས་སྐྱོང་རྣམས་དེར༴ །གང་སྐུ་དགེ་འདུན་གསུང་ཉིད་ཆོས། །གང་ཐུགས་སངས་རྒྱས་ངོ་བོ་སྟེ། །གང་ལ་སྐྱབས་ན་འཁོར་བའི་འཇིགས། །ཐམས་ཅད་སེལ་ལ༴ །གཞན་དོན་མི་གཡེལ་ཁྱེད་ལ་དེང་། །བདག་སོགས་བདེ་ནས་བདེར་འགོད་པའི། །ནུས་པའི་དཔུང་ཆེན་རྫོགས་རན་ཅེས། །ཉམ་ཐག་འོ་དོད་འབོད་ལགས་སོ། །ཡོན་གནས་སྲི་ཞུར་བགྱི་བ་ལ། །གཞན་གྱིས་མ་བགེགས་དང་བྲལ་བར་མཛོད། །སྔོན་ཚེ་ཁྱེད་ཀྱིས་གང་སྨོན་པ།། དེ་ཀ་བདག་གིའང་སྨོན་ལམ་སྟེ། །གང་ལ་ཁྱོད་ཀྱིས་བསླབས་དེ་ཀུན། །བདག་གི་སྤྱོད་པའང་དེ་ལྟར་ཤོག །བདག་ལ་བཀྲ་ཤིས་ཀུན་བྱིན་ནས། །ཁྱོད་བསྟན་ནམ་མཁའ་མཉམ་བྱས་པའི། །དགེ་བའི་བཤེས་སུ་གྱུར་ནས་སུ། །ཀུན་གྱི་རེ་བ་སྒྲུབ་གྱུར་ཅིག། །གཞན་ཡང་ཀ་དག་དབྱིངས་ཉིད་དུ། །རིག་བྱ་རིག་བྱེད་ཀུན་བསྟིམ་པའི། །ཁྲེགས་གཅོད་གཞུང་ལམ་ཆེན་མོ་ནས། །ཀུན་ཡང་ཁྱོད་སར་འགོད་པར་ཤོག །ཐོད་བརྒལ་རྡོ་རྗེའི་གསེབ་ལམ་ནས། །འདོད་པའི་གོ་འཕང་ལ་འགོད་དང་། །བར་དོ་བཞི་རུ་དབུགས་ཕྱིན་པ། །གང་ལ་གང་འདུལ་བྱེད་པར་ཤོག། །།

༈ གུ་རུ་མཚན་བརྒྱད་ལ་བསྟོད་པ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་བདག་ཉིད་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ།། ༈ རབ་དཀར་ཀུན་བཟང་ཐུགས་ཀྱི་བདུད་རྩིའི་མཚོར།། རྣམ་རོལ་རྒྱལ་རྣམས་ཐུགས་རྗེའི་པད་སྡོང་གི །བསྐྲུན་པས་བགྲང་ཡས་འགྲོ་བའི་སྐྱབས་གཅིག་པུ། །མཚོ་སྐྱེས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས།། ཁེངས་ལྡན་ཡིད་སྲུབས་དཔུང་ལས་རྣམ་རྒྱལ་བའི། །མཆོག་གི་ས་ལ་དབང་བསྐུར་བརྙེས་གྱུར་ནས། །ཕན་བདེའི་རྒྱལ་ཐབས་ཅི་ཡང་སྒྱུར་བ་ཡི། །པདྨ་རྒྱལ་པོའི་ཞབས་ལ༴ །རྒྱལ་བའི་བསྟན་ལ་གང་གི་མཛད་པའི་ཕུལ། །སྟོན་པ་ཉིད་དང་རྣམ་པར་མི་ཕྱེད་པའི། །གྲགས་པའི་བ་དན་སྲིད་པའི་མཐར་སྐྱོང་བ། །ཤཱཀྱ་སེངྒེའི་ཞབས་ལ༴ །ཤེས་བྱའི་ཆོས་རྣམས་ཀུན་གྱི་རྒྱ་མཚོ་ཆེ།།རྣམ་དཔྱོད་ཁྱོར་བ་གཅིག་གིས་འཐུངས་པ་སླར། །འགྲོ་བའི་ཡིད་བཞིན་འཕེལ་མཁས་དྲང་སྲོང་དབང་། །བློ་ལྡན་མཆོག་སྲེད་ཞབས་ལ༴ །གྲུབ་དང་རིག་འཛིན་ཀུན་གྱི་ཟུར་ཕུད་རིར། །ཞབས་སེན་ཟླ་ཚེས་གསར་པ་ལེགས་བཀོད་ནས། །སྐྱེ་དགུའི་ནད་ཀྱི་གདུང་བ་འཇོམས་མཛད་པའི། །པདྨ་སམྦྷའི་ཞབས་ལ༴ །གང་གིས་རྟག་པར་འཇིག་རྟེན་གསུམ་པོ་འདིའི། །མི་བཟད་རྨོངས་པའི་རབ་རིབ་ཀུན་འཕྲོག་ནས། །སྣང་བ་མཆོག་གིས་སྐལ་བ་དགེར་མཛད་པའི། །ཉི་མ་འོད་ཟེར་ཞབས་ལ༴ །ཕས་རྒོལ་བདུད་དང་མུ་སྟེགས་ཝ་སྐྱེས་ཀྱི། །སྙིང་ཁྲག་ཅིག་ཅར་མགྲིན་པར་འབྱིན་བྱེད་པ། །ཟབ་དང་རྒྱ་ཆེའི་ཆོས་སྡེ་ཇི་སྙེད་ཀྱི། །སེང་གེ་སྒྲ་སྒྲོག་ཞབས་ལ༴ །སྟོབས་ལྡན་བགེགས་དང་ལོག་འདྲེན་རྣམས་ཀྱི་གཡུལ། །མཚན་ཙམ་བསྒྲགས་པས་རྨེག་མེད་འཇོམས་ནུས་པའི། །མཐུ་སྟོབས་དབང་ཕྱུག་ཀུན་གྱི་བདག་པོ་ནི། །རྡོ་རྗེ་གྲོ་ལོད་ཞབས་ལ་༴ །བདག་ནི་སྐྱབས་གཞན་སྤངས་ནས་ཁྱེད་ཁོ་ནའི། །ཞབས་པད་འདི་ནས་བཟུང་སྟེ་གར་སྐྱེས་སར།།མཆོད་དོ་མགོན་ཉིད་གང་དུ་གཤེགས་པའི་སར། །མྱུར་བར་ཁྲིད་ཅིག་གུ་རུ་རིན་པོ་ཆེ། །ཞེས་པ་པདྨ་དཀར་པོས་སྦྱར་བའོ།།