Jump to content

གུ་རུ་མཚན་བརྒྱད།

Wikipedia ལས།

རྒྱལ་ཁབ་ཀྱི་སྐུ་འཆམ་མ་འདྲཝ་ལེ་ཤ་ཡོད་ས་ལས་ རྩ་ཆེ་ཏོག་ཏོ་ཅིག་ཨོ་རྒྱན་གུ་རུ་རིན་པོ་ཆེ་མཆོག་ཕྱི་ལྟར་དུ་འཕགས་པ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ བྱ་རྫིམོ་གི་བུ་སྦེ་སྐྱེ་བ་བཞེས་ཏེ་སྤྱིར་འཛམ་བུ་གླིང་གི་རྒྱལ་ཁམས་མཐའ་དབུས་མེད་པར་ འགྲོ་བ་སེམས་ཅན་དེ་ཚུ་ ཞིང་ཁམས་ལུ་འདྲེན་ནིའི་ཐུགས་བསྐྱེད་སྨོན་ལམ་གྱིས་སྦེ་གུ་རུ་མཚན་བརྒྱད་ཟེར་ སྤྲུལ་པའི་མཚན་བརྒྱད་ཀྱི་རྣམ་པ་སྦེ་བྱོན་མི་གར་འཆམ་འདི་ཨིན་པས། དེ་ཡང་ སྙིགས་མ་ལྔའི་དུས་ཀྱི་སེམས་ཅན་ཚུ་མགུ་རྨོངས་ཏེ་སྡོད་མི་ཚུ་ ཐབས་མཁས་ཀྱི་ཐོག་ལས་ཐར་པ་ལུ་འདྲེན་ནིའི་དོན་ལུ་སྤྲུལ་པའི་མཚན་བརྒྱད་ཀྱི་རྣམ་པ་སྦེ་བྱོན་ཏེ་འགྲོ་དོན་མཛདཔ་ཨིན་པས། གར་འཆམ་དེ་ལུ་ཡང་ བོད་ལུགས་ལྟར་དུ་གནང་བའི་འཆམ་དང འབྲུག་རྒྱལ་ཁབ་ནང་འབྲུག་ལུགས་ལྟར་གནང་བའི་འཆམ་དང་བཅས་དབྱེ་བ་གཉིས་སྦེ་ཕྱེ་ནི་འདུག། དེ་མ་ཚད་ སངས་རྒྱས་གཉིས་པ་ཨོ་རྒྱན་རིན་པོ་ཆེ་མཆོག་ ཕྱི་ལྟར་དུ་འཕགས་པ་ཐུགས་རྗེ་ཆེན་པོའི་སྤྲུལ་པའི་སྐུར་བཞེངས་ཏེ་ འགྲོ་བ་སེམས་ཅན་ཐམས་ཅད་ཞིང་ཁམས་ལུ་འདྲེན་ནིའི་ཐུགས་བསྐྱེད་སྨོན་ལམ་གྱིས་སྦེ་བྱོན་བྱོནམ་དང ནང་ལྟར་དུ་ རྫོགས་པའི་སངས་རྒྱས་སྐུ་མྱ་ངན་ལས་འདས་པའི་སྐབས་འཁོར་རྣམས་ལུ་ ཁྱེད་རྣམས་ངུ་བར་མ་བྱས་ཅིག། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཅུ་རུ་གཉིས་ཆད་ནས། །ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །དྷ་ན་ཀོ་ཤའི་མཚོ་གླིང་དུ། །པད་མ་གེ་སར་སྡོང་པོ་ལ། །པད་མ་བྱུང་གནས་ཞེས་བྱ་བ། །གསང་སྔགས་བསྟན་པའི་བདག་པོ་ནི། །ང་ལས་ལྷག་པའི་སྐྱེ་བུ་འབྱུང།། མཁན་པོ་ཉི་མ་ཤར། (༢༠༡༨ ཤོག་གྲངས་ ༡༠༦ ) ཟེར་གསུང་དོ་བཟུམ་སྦེ་ཆགས་བྲལ་ཐུབ་པའི་དབང་པོ་ གསང་ཆེན་སྟོན་པའི་སྐུར་བཞེངས་ཏེ་བྱོན་ནུག།

གུ་རུ་མཚན་བརྒྱད།

དང་པ། ་གུ་རུ་མཚོ་སྐྱེས་རྡོ་རྗེ་ཟེར་ཞུ་དགོ་མི་འདི་ རྫོགས་པའི་སངས་རྒྱས་སྐུ་མྱ་ངན་ལས་འདས་པའི་ཞལ་ཆེམས་ལྟར་དུ་ ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་མཚོ་གླིང་དུ་ མེ་ཏོག་པད་མའི་སྡོང་པོ་ལས་སྐུ་འཁྲུངས་ཏེ་ རྒྱལ་པོ་ཨིན་དྲ་བྷུ་ཏི་གི་སྲས་སྦེ་་སྤྱན་དྲངས་པའི་སྐབས་ལུ་ མཚན་ཡང་མཚོ་སྐྱེས་རྡོ་རྗེ་ཟེར་ཞུ་ནུག།
གཉིས་པ། གུ་རུ་པད་མ་རྒྱལ་པོ་ཟེར་ཞུ་དོག་མི་འདི་ ལོག་སྟེ་་ཨོ་རྒྱན་་ཡུལ་་ལུ་བྱོན་པའི་སྐབས་ བདུད་དེ་ཚུ་གིས་གུ་རུའི་ཡབ་ཡུམ་གཉིས་ཆ་ར་གཅིག་ཁར་སྦེ་གསོན་བསྲེག་ཕུལ་རུང་ འབྱུང་བ་མེ་གིས་མ་འཚིགས་པའི་རྟགས་སྟོན་གནང་པའི་ཁར་ རྒྱལ་པོ་གིས་རྒྱལ་སྲིད་མངའ་འབངས་དང་བཅས་ཕུལ་བ་ལས་མཚན་ཡང་པད་མ་རྒྱལ་པོ་ཟེར་ཞུ་ནུག།
གསུམ་པ། གུ་རུ་ཤཱཀྱ་སེང་གེ་ཟེར་ཞུ་དགོ་མི་འདི་ རྒྱལ་སྲིད་སྤང་ཞིནམ་ལས་ སློབ་དཔོན་ཆེན་པོའི་སྐུ་མདུན་ལས་ རབ་ཏུ་བྱུང་སྟེ་མདོ་སྔགས་ལུགས་ཀྱི་ཆོས་ཡོངས་སུ་རྫོགསཔ་སྦེ་གསན་པའི་ཚུལ་སྟོན་གནངམ་ལས་ མཚན་ཡང་གུ་རུ་ཤཱཀྱ་སེང་གེ་ཟེར་ཞུ་ནུག།།
བཞི་པ། གུ་རུ་བློ་ལྡན་མཆོག་སྲེད་ཟེར་ཞུ་དགོ་མི་འདི་ རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པ་ཚུ་ལས་ རིག་པའི་གནས་དང་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཡོངས་རྫོགས་གསན་ཞིནམ་ལས་ གྲུབ་པ་ཐོབ་སྟེ་ཡི་དམ་གྱི་ལྷ་ཚུ་གི་ཞལ་གཟིགས་ཏེ་ མཚན་ཡང་གུ་རུ་བློ་ལྡན་མཆོག་སྲེད་ཟེར་ཞུ་ནུག།
ལྔ་པ། གུ་རུ་པད་མ་སམ་བྷ་ཝ་ཟེར་ཞུ་དགོ་མི་འདི་ སྲསམོ་མན་དྷ་ར་བ་དེ་རྗེས་སུ་བཟུང་བའི་རྐྱེན་གྱིས་ ཟ་ཧོར་རྒྱལཔོ་གིས་གསོན་བསྲེག་མཛད་པའི་སྐབས་ མེ་ཕུང་དེ་མཚོ་ལུ་བསྒྱུར་བའི་རྫུ་འཕྲུལ་སྟོན་ཏེ་ ཟ་ཧོར་རྒྱལ་ཁབ་ཆོས་ལུ་བཀོདཔ་ལས་ མཚན་ཡང་པད་མ་སམ་བྷ་བ་ཟེར་ཞུ་ནུག།
དྲུག་པ། གུ་རུ་ཉི་མ་འོད་ཟེར་ཟེར་ཞུ་དགོ་མི་འདི་ དུར་ཁྲོད་ཆེན་པོ་བརྒྱད་ལུ་བཞུགས་ཏེ་ མཁའ་འགྲོ་མ་དེ་ཚུ་ལུ་ཆོས་གསུངས་གནང་སྟེ་ ལྷ་འདྲེ་གདུག་པ་ཅན་ཚུ་གི་སྲོག་ལེན་ཞིནམ་ལས་ བསྟན་པ་སྲུང་མི་སྦེ་བསྐོས་གནངམ་ལས་ མཚན་ཡང་ཉི་མ་འོད་ཟེར་ཟེར་ཞུ་ནུག།།
བདུན་པ། གུ་རུ་སེང་གེ་སྒྲ་སྒྲོག་ཟེར་ཞུ་དགོ་མི་འདི་ རྒྱ་གར་རྡོ་རྗེ་གདན་ལུ་ ཕྱི་རོལ་མུ་སྟེགས་པའི་སྟོན་པ་ལྔ་བརྒྱ་གིས་ནང་པ་སངས་རྒྱས་པའི་བསྟན་པ་བཤིགས་པའི་དུས་ལུ་ ལུང་དང་རིག་པའི་རྩོད་པ་གིས་ཚར་བཅད་གནངམ་ལས་ དྲག་པོའི་སྔགས་ཀྱིས་ནམ་མཁའ་ལས་གནམ་ལྕགས་ཕབ་སྟེ་བསྒྲལ་གནངམ་ལས་ མཚན་ཡང་སེང་གེ་སྒྲ་སྒྲོག་ཟེར་ཞུ་ནུག།
མཇུག་ར་ གུ་རུ་རྡོ་རྗེ་གྲོ་ལོད་ཟེར་ཞུ་དགོ་མི་འདི་ སྤ་རོ་སྟག་ཚང་ལ་སོགས་པའི་གནས་ཆེན་ཚུ་ནང་ རྡོ་རྗེ་དྲག་པོའི་སྐུར་བཞེངས་ཏེ་ སངས་རྒྱས་ཀྱི་བསྟན་པ་ལུ་ངོ་ལོག་མི་ ལྷ་འདྲེ་གདུག་པ་ཅན་ཚུ་དམ་ལུ་བཏགས་ཏེ་ སངས་རྒྱས་ཀྱི་ལུང་རྟོགས་ཆོས་ཀྱི་བསྟན་པ་རིན་པོ་ཆེ་དར་བར་བྱིན་གྱིས་བརླབས་གནང་བའི་སྐབས་མཚན་ཡང་རྡོ་རྗེ་གྲོ་ལོད་ཟེར་ཞུ་ནུག།
སྐུ་འཆམ་དེ་གི་སྐབས་ལུ་ གཡས་ལུ་བཞུགས་མི་འདི་ ཟ་ཧོར་གྱི་རྒྱལ་ཁམས་འདུལ་བའི་སྐབས་ གུ་རུ་ཁོ་རའི་སྤྲུལ་པ་མཛད་མི་མཁའ་འགྲོ་ ལྷ་ལྕམ་མན་དྷ་ར་བ་ཟེར་མི་དང་ གཡོན་ལུ་བཞུགས་མི་འདི་ བོད་ཁམས་མོན་པའི་གླིང་ ཆོས་ལུ་བཀོད་ནིའི་དོན་ལུ་ རྫོགས་པའི་སངས་རྒྱས་ག་་ར་གི་ཡུམ་ ཡེ་ཤེས་མཚོ་རྒྱལ་ཟེར་ཞུ་མི་འདི་ཨིན་པས། སྐུ་འཆམ་གནང་བའི་སྐབས་ སྟངས་སྟབས་བརྒྱད་ཀྱི་ཐོག་ལས་གནང་དོ་ཡོདཔ་ཨིན། དེ་ཡང་ ༡༽ མཚོ་སྐྱེས་བཞེད་པའི་སྟངས་སྟབས། ༢༽ ཡོན་ཏན་གྱི་རྦ་རླབས་གཡོ་བའི་སྟངས་སྟབས། ༣༽ རྨོངས་པའི་མུན་པ་སེལ་བའི་སྟངས་སྟབས། ༤༽ ཁམས་གསུམ་དབང་བསྡུས་ཀྱི་སྟངས་སྟབས། ༥༽ འགྲོ་བ་འདུལ་བའི་སྟངས་སྟབས། ༦༽ བདུད་དཔུང་འཇོམས་པའི་སྟངས་སྟབས། ༧༽ སྲིད་གསུམ་གཡོ་བའི་སྟངས་སྟབས། ༨༽ དྲེགས་པ་ཚར་གཅོད་ཀྱི་སྟངས་སྟབས་དང་བཅས་བརྒྱད་ལུ་ཞུཝ་ཨིན་པས།
སྐུ་འཆམ་འདི་གུ་རུ་རིན་པོ་ཆེ་གིས་ སྐུའི་བཀོད་པ་གཅིག་ལུ་མཚན་གྱི་རྣམ་གྲངས་ལེ་ཤ་གི་ཐོག་ལས་ཡོད་མི་དེ་ཡང་ སེམས་ཅན་སྨིན་གྲོལ་གྱི་ལམ་ལུ་བཀོད་ནིའི་དོན་ལུ་དང འཆམ་འདི་་མཇལཝ་ཙམ་ཅིག་གྱིས་ ལས་དང་འཕྲལ་གྱི་རྐྱེན་ལས་བྱུང་བའི་ ལུས་དང་སེམས་ཀྱི་ན་ཚ་ཞི་འགྱོཝ་མ་ཚད་ མཐར་ཐུག་འཕགས་པའི་ཞིང་ཁམས་ལུ་སྐྱེ་ཚུགས་པའི་ནུས་པ་སྦོམ་ཡོདཔ་ཨིན་པས།

ཁུངས་གཏུག།

[ཞུན་དག]
  1. མཁན་པོ་ཉི་མ་ཤར། (༢༠༡༨)འབྲུག་གི་ཚེས་བཅུའི་གར་འཆམ་བཤད་པ། ཐིམ་ཕུག།
"https://dz.wikipedia.org/w/index.php?title=གུ་རུ་མཚན་བརྒྱད།&oldid=29371" ལས་ སླར་འདྲེན་འབད་ཡོདཔ།