གོ།

Wikipedia ལས།

ང་བཅས་རའི་འབྲུག་རྒྱལ་ཁབ་ཀྱི་གྱོན་ཆས་འདི་ རྒྱལ་ཁབ་གཞན་གྱི་གྱོན་ཆས་དང་མ་འདྲཝ་སྦེ་ མཛེས་ཆ་དང་ལྡན་པའི་ཁར་ ཐུན་མོང་མ་ཡིན་པའི་གྱོན་ཆས་ཅིག་ཨིན། འབྲུག་པའི་ཕོ་སྐྱེས་ཚུ་གིས་གྱོན་མི་འདི་ལུ་གོ་དང་ ཨམ་སྲུ་ཚུ་གིསདཀྱི་མི་ལུ་དཀྱི་ར་ཟེར་སླབ་ཨིན། འབྲུག་གི་དངོས་མེད་ལམ་སྲོལ། (ཤིང་མོ་ལུག་ལོ་ ༢༠༡༥ ཤོག་གྲངས་ ༡༤༨) ལས་འབད་བ་ཅིན་ “ཕོ་སྐྱེས་ཀྱི་གོ་འདི་ རིང་ཐུང་རྐང་པའི་རྟིངམ་ཚུན་ཚོད་ཡོད་རུང་ གཟུགས་ཁར་གྱོནམ་ད་ གོ་གི་མཐའམ་གཉིས་ གཡས་དང་གཡོན་ལུ་འདྲན་འདྲ་སྦེ་སྒྲིག་ཞིན་ན་ ཡར་འཐུ་སྟེ་གོ་གི་གཤམ་འདི་ པུས་མོ་ཚུན་ཚོད་བཀལ། དེ་ལས་ མཐའམ་གཉིས་རྒྱབ་ལུ་བཀལ་ཏེ་ སྐེ་རགས་ཀྱིས་བཅིངས་བཞགཔ་ཨིན། དེ་ལས་ཕུ་དུང་གཉིས་ཡར་བསྒྲིལ་ཞིན་ན་ ལག་རྒྱན་དཀརཔོ་ཕྱི་ཁར་སྟོན་སྟེ་བཞགཔ་ཨིན།”

འབྲུག་པའི་གྱོན་ཆས་གོ་གི་གོ་དོན་བརྡ་བཤད།

སྒྲིག་ལམ་རྣམ་གཞག་གི་དེབ་ཐེར་ནོར་བུའི་འཕྲེང་བ་ (ས་མོ་ཡོས་ལོ་ ༡༩༩༩) ལྟར་དུ་འབད་བ་ཅིན་ གོ་ལུ་མ་གསུམ་དང་ ཡང་ན་གསུམ་ཚན་གསུམ་ཡོད་མི་འདི་ གཞི་འཇིག་རྟེན་ ཡང་དག་པའི་ལྟ་བ་དཀོན་མཆོག་གསུམ་བླ་མར་བརྩི་ཤིང་ ལས་རྒྱུ་འབྲས་ཡོད་པར་བལྟ་བ་ ལམ་ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་ལུ་དད་མོས་ཡོད་པ་ འབྲས་བུ་གནས་སྐབས་དང་མཐར་ཐུག་ཕན་བདེའི་བརྡ་དོན་ཨིན། གོ་ལུ་ཟུར་ཚིགས་དྲུག་ཡོད་མི་འདི་ ཕ་རོལ་ཏུ་ཕྱིན་པ་དྲུག་ལུ་རྗེས་སུ་འཇུག་པའི་བརྡ་དང་ མི་བོ་གདུང་དྲུག་གི་བུ་རྒྱུད་དར་ཞིང་རྒྱས་པའི་རྟགས་ཨིན། གོ་ལུ་ལགཔ་གཉིས་ཡོད་མི་འདི་ ཆོས་སྲིད་ཀྱི་བྱ་བ་ག་ར་ཐབས་ཤེས་ཟུང་འབྲེལ་གྱི་སྒོ་ནས་སྒྲུབ་པའི་བརྡ་ཨིན། གོ་ལུ་ཕྱི་ཤབས་དང་ནང་ཤབས་ཡོད་མི་འདི་ ཕྱི་དགྲ་ཐབས་ཀྱིས་བཏུལ་ཤིང་ ནང་གཉེན་བྱམས་ཀྱིས་སྐྱོང་བའི་བརྡ་ཨིན། གོ་གི་འཇའ་གཅིག་གིས་སྐོར་མི་འདི་ མཐུན་ལམ་དམ་ཚིག་གཅིག་སྒྲིལ་གྱིས་ཁྱབ་པའི་དོན་དང་ འབྲུག་མི་ག་ར་གི་རྒྱུད་ལུ་ཚད་མེད་བཞིའི་ལྟ་བ་གཅིག་གིས་ཁྱབ་པའི་དོན་ཨིན། གོ་གི་སྒྲོག་ཐག་གཉིས་ཀྱིས་བསྡམས་མི་འདི་ དམ་ཚིག་ དར་གྱི་མདུད་ཕོད་བཟུམ་ དམ་པོར་གནས་པའི་བརྡ་ཨིན། གོང་སློག་དགོ་མི་འདི་ ཕོའི་དཔའ་རྩལ་ཕྱི་ཁར་ངོམས་པའི་བརྡ་དང་ གོ་གནས་ཀྱི་དབྱེ་བ་སྟོནམ་ཨིན། ལག་རྒྱན་སློག་དགོ་མི་འདི་ ནང་གི་ལྷག་བསམ་དཀརཔོ་ཕྱི་ཁར་ངོམས་པའི་བརྡ་དང་ གོ་གནས་ཀྱི་དབྱེ་བ་སྟོནམ་ཨིན། རྒྱབ་ལུ་སྡེ་བྱ་གཉིས་ཡོད་མི་འདི་ ཆོས་དང་སྲིད་ཀྱི་བྱ་བ་ག་ཅི་ར་ཨིན་རུང་ ཉེ་རིང་མེད་པར་ཟུང་དུ་འབྲེལ་བའི་བརྡ་ཨིན། སྐེ་རགས་བཅིངས་མི་འདི་ རྒྱལ་ཁབ་ཀྱི་མི་རིགས་ཚུ་ དམ་ཚིག་གཅིག་གི་སྒོ་ནས་ དམ་པོར་གནས་པའི་བརྡཨིན།

མ་དང་ཟུར་ཚིགས་འདི་ཚུ་གོང་གཅིག་གི་འོག་ལུ་བསྡུ་མི་འདི་ འབྲུག་མི་ཡོངས་ དཔལ་ལྡན་འབྲུག་པའི་ཆོས་སྲིད་ཀྱི་ཁྲིམས་ལུགས་གཅིག་གི་འོག་ལུ་ གནས་པའི་བརྡ་དང་། རྒྱལ་ཁབ་ཀྱི་འབངས་གཞུང་ག་ར་ ཆོས་སྲིད་གཉིས་ཀྱི་བདག་ཉིད་མངའ་བདག་རྒྱལ་པོ་གཅིག་གི་འོག་ལུ་བསྡུ་བའི་བརྡ་ཨིན། མདུན་ཕྱོགས་གཉིས་བརྩེགས་ཡོད་མི་འདི་ གཟུགས་ཀྱི་རྒྱབ་ཕྱོགས་ལས་མདུན་ཕྱོགས་འདི་ དུམ་དྲག་ཅིག་ཉེན་ཁ་ཆེ་སུ་སྦེ་ཡོདཔ་ལས་ཨིན། གོ་གི་མཐའམ་ཡར་འཐུ་སུ་ཅིག་སྦེ་གྱོན་མི་འདི་ བྱ་དཀའ་བའི་ལཱ་ཚུ་མང་ཆེ་བ་ ཕོ་རྒྱས་ཀྱིས་འབད་བའི་བརྡ་ཨིནམ་ལས་ ལཱ་འབད་བའི་སྐབས་སུ་ བདེ་ཏོག་ཏོ་འོང་ནིའི་དོན་ལུ་ཨིན།

འབྲུག་རྒྱལ་ཁབ་ནང་ཡོད་པའི་གོ་གི་མིང་།

༡ འཇའ་འགྲིགསམ་ཟེར་མི་འདི་ མཁན་པོ་ཕུན་ཚོགས་བཀྲ་ཤིས་ (ཆུ་མོ་ལུག་ལོ་ ༢༠༠༣ ཤོག་གྲངས་ ༢༢༨) ཀྱིས་འབད་བ་ཅིན “ཨའི་ཀ་སྤུར་འཇའ་འགྲིགས་མ་ལུ་ མ་སྐུད་ཀྱི་ཧོར་དམརཔོ་དང་ལྗང་ནག་གཉིས་རེས་མོ་སྦེ་འཇའ་སྤང་གི་སྐུདཔ་ཚུ་དཀར་སེར་དམར་ལྗང་ཐམས་ཅད་འཇའ་འགྲིགས་སྟེ་ཐགས་མི་ལུ་ འཇའ་འགྲིགས་མ་ཟེར་སླབ་ཨིན།

༢ སྨན་རྩེ་དམར་ཁྲ་ཟེར་མི་འདི་ མཁན་པོ་ཕུན་ཚོགས་བཀྲ་ཤིས་ (ཆུ་མོ་ལུག་ལོ་ ༢༠༠༣ ཤོག་གྲངས་ ༡༩༥) ཀྱིས་འབད་བ་ཅིན “མ་སྐུད་ཀྱི་ཧོར་ཆ་མཉམ་སེརཔོ་དང་ འཇའ་སྤང་ཚུ་དམརཔོ་བཏང་སྟེ་ཐགས་མི་ལུ་སླབ་ཨིན།

༣ སྒྲོམ་ཅུང་ཅནམ་ཟེར་མི་འདི་ འབྲུག་ཐགས་བཟོ་ (ཤིང་ཕོ་རྟ་ལོ་ ༢༠༡༤ ཤོག་གྲངས་ ༤༨) ལྟར་དུ་འབད་བ་ཅིན་ ཧོར་གྱི་སྐུདཔ་དཀརཔོ་དང་ ཚོས་གཞི་གཞན་ཡང་དམརཔོ་ ལི་ཝང་དང་ལྗང་ཁུ་ཚུ་སླ་བསྲེ་རྐྱབ་སྟེ་ཐགས་མི་ལུ་སླབ་ཨིན།  ད་རུང་དེ་བཟུམ་སྦེ་ར་ གོ་གི་མིང་གཞན་ཡང་ སྤང་རྩེ་། དམར་ཁྲ། སེར་ཁྲ། ཨ་ཐང་དམར་ཁྲ། ལུང་སེརམ། བུམ་ཐང་དམར་ཁྲ། སྨན་ཙེ་དམར་ཁྲ། མོན་དར་གོ་ཟེར་ ང་བཅས་རའི་རྒྱལ་ཁབ་འདི་ནང་ དེ་བཟུམ་མའི་གོ་གི་དབྱེ་བ་ལེ་ཤ་ཡོདཔ་ཨིན།

རྒྱབ་རྟེན།

༡ དྲག་ཤོས་སངས་རྒྱས་རྡོ་རྗེ། ཡེ་ཤེས་ལྷུན་གྲུབ། ཡོན་ཏན་དར་རྒྱས། (ཤིང་མོ་ལུག་ལོ་ ༢༠༡༥) འབྲུག་གི་དངོས་མེད་ལམ་སྲོལ།  འབྲུག། ཐིམ་ཕུག། yoez Graphics

༢ རྒྱལ་གཟིམ་དྲགོས་རྡོ་རྗེ་རྒྱལ་མཚན། (ས་མོ་ཡོས་ལོ་ ༡༩༩༩) སྒྲིག་ལམ་རྣམ་གཞག་གི་དེབ་ཐེར་ནོར་བུའི་འཕྲེང་བ། འབྲུག། ཐིམ་ཕུག། ཀུན་གསལ་རང་སྐྱོང་ལས་འཛིན།

༣ མཁན་པོ་ཕུན་ཚོགས་བཀྲ་ཤིས། (ཆུ་མོ་ལུག་ལོ ༢༠༠༣) འབྲུག་གི་བཟོ་རིགས་བཅུ་གསུམ་གྱི་བཤད་པ་མཁས་པའི་འགའ་སྟོན། འབྲུག། ཐིམ་ཕུག། སྐལ་བཟང་གཞན་ཕན།

༤ kesang Anayat Yagenegi (2014) The Bhutanese art of weaving, Thimphu, Bhutan

"https://dz.wikipedia.org/w/index.php?title=གོ།&oldid=31022" ལས་ སླར་འདྲེན་འབད་ཡོདཔ།