གོང་ས་འཇིགས་མེད་རྣམ་རྒྱལ།
གོང་ས་འཇིགས་མེད་རྣམ་རྒྱལ་མཆོག་གི་སྐོར།པའི་བསྒང་ ཁོ་ལུ་གཞན་དང་མ་འདྲ་བའི་གཉིད་ལམ་ཅིག་ འཕྲལ་འཕྲལ་ར་མཐོང་དོ་ཡོད་མིའི་ནང་ ཁོ་ཁྱིམ་ནང་མ་བཞུགས་པར་ ཀྲོང་གསར་དང་བུམ་ཐང་ཁ་ཐུག་འབྱོན་པ་ཅིན་ མ་འོངས་པའི་དོན་དག་སྦོམ་ཆོད་ཚུགས་ནི་ཨིན་ཟེར་ ནུབ་མོ་གཉིད་ལམ་ནང་ཐོན་ཡོདཔ་ལས་ ཁོ་གི་ཐུགས་ཁར་ འབྱོན་དགོ་མནོ་བའི་སེམས་ཀྱིས་ ཀྲོང་གསར་དང་བུམ་ཐང་ཕྱོགས་ ག་ཏེ་ཨིནམ་མ་མཁྱེན་རུང་ འབྱོན་པའི་འདོད་པ་དང་སྤྲོ་བ་སྦོམ་བསྐྱེད་དེ་བཞུགས་ནུག ཉིནམ་ཅིག་ཁོ་གིས་ ཐུགས་ཐག་བཅད་དེ་ ཀྲོང་གསར་གྱི་ས་ཕྱོགས་ དྲི་བ་མཛད་དེ་ བྱོན་པའི་བློ་ཐག་བཅད་ཡོདཔ་ཨིན་པས། ཁོ་རང་རྐྱངམ་གཅིག་ལམ་དྲི་བ་རྐྱབ་ཅིག་ར་ བྱོན་ཏེ་བུམ་ཐང་ལུ་ལྷོད་ནུག བུམ་ཐང་ལུ་ལྷོདཔ་ད་སྟང་རྒེད་འོག་གི་ ཁྱིམ་སྦོམ་ཤོས་དང་ དྲགོས་རྒཔོ་འབད་མི་དེ་གི་ཁྱིམ་ནང་ སྒོ་ནོར་འཚོ་སྐྱོང་འཐབ་སྟེ་ བཞུགས་ནུག། དེ་སྦེ་ཟླ་ངོ་དག་པ་ཅིག་ལུ་ཡང་ ཧེ་མ་གི་གཉིད་ལམ་མཐོང་ནི་དེ་གིས་ དེ་ཁར་ཡང་མ་བཞུགས་པར་ ཀྲོང་གསར་ཁ་ཐུག་བྱོན་ནུག། དང་པ་ཆོས་རྩེ་གཟིམ་དཔོན་གྱི་འབོད་སྦེ་འཛུལ་ཏེ་ ཐབ་ཚང་ནང་ཕྱག་ལཱ་གནང་སྟེ་ བཞུགས་པའི་སྐབས་ ཁོ་ལུ་གཞན་དང་མ་འདྲ་བའི་ འཇོན་སྟངས་དང་ ཁེ་རྒོ་ཡོད་མི་ དཔོན་སློབ་མཚོ་སྐྱིད་རྡོ་རྗེ་གིས་མཁྱེན་ཞིནམ་ལས་ དཔོན་སློབ་ཀྱིས་འབོད་སྦེ་བཙུགས་གནང་ནུག། རིམ་པ་བཞིན་དུ་ ཁོ་རའི་ལྕོགས་གྲུབ་ལས་བརྟེན་ སྒར་ལྟོའི་གྲལ་འཛུལ་ འདེའི་ཤུལ་ལས་ ཆབ་ཁ་པའི་འགན་ཁུར་ལས་འགོ་བཙུགས་ གསོལ་དཔོན་དང་ གཟིམ་དཔོན་དང་ གཟིམ་སྒར་པའི་ལཱ་འགན་ རིམ་པ་བཞིན་མཛད་གནང་ནུག། དགུང་ལོ་ ༢༢ དེ་ཅིག་ཁར་ ཕྱག་སྒར་པའི་ གོ་གནས་བཞེས་ཡོདཔ་ཨིན་པས། དེ་ལས་ལོ་ངོ་དག་པ་ཅིག་གི་རྒྱབ་ལས་ གཟིམ་སྒར་པ་དམངས་ཀྱི་ འགོ་བདག་ དར་དཔོན་དང གཟིམ་ནང་མ་གཉིས་ཆ་ར་ ཁོ་གིས་མཛད་བཞུགས་ཡོདཔ་ཨིན་པས། དེ་ལས་ལོ་ངོ་དག་པ་ཅིག་ལས་ ཀྲོང་གསར་ཚོང་དཔོན་བསྐོས་ཏེ་བོད་ལྷ་ལུང་ལུ་ཕེབས་པའི་སྐབས་ ཨོ་རྒྱན་ཕུན་ཚོགས་ཀྱི་ སྲས་མོ་པདྨ་ཆོས་སྐྱིད་དང་ ཚེ་རབས་སྔ་མའི་ལས་སྨོན་ལས་བརྟེན་ གཉིས་ཆ་རའི་ཐུགས་ཁར་ འབྲལ་མི་ཕད་པའི་ཐུགས་བརྩེ་དང་ ཕར་ཚུར་དགའ་བའི་ཤུགས་ཀྱིས་ གཅིག་གིས་གཅིག་ལུ་དགའ་བའི་གཏམ་སླབ་ ཚོང་འབྲེལ་གྱི་ཕྱག་ལཱ་ཡང་ སྔར་བ་ལྷགཔ་སྦེ་ཚོང་ལཱ་གི་ སྙན་གྲགས་ཐོབ་སྟེ་ བོད་འབྲུག་གཉིས་ལས་ གཟེངས་བསྟོད་ཐོབ་ཡོདཔ་ཨིན་པས། ཁོ་ལུ་འབྲུག་མི་ཚུ་གིས་ སློབ་དཔོན་གངས་ཆེན་ཟེར་ཡང་ཞུ་ནི་ཡོད་ཟེར་ཨིན་པས། དེ་ཡང་གཞན་ཕན་ཨིནམ་ལས་ དེས་ཀྲོང་གསར་དཔོན་སློབ་ རིམ་བྱོན་གྱི་དྲུང་ཆེན་ བཟུམ་སྦེ་ཕྱག་ལཱ་ གནང་ནི་འདི་གིས་ཨིན་མས།
[ཞུན་དག]དེ་ལས་ཁོ་ ཀྲོང་གསར་གཟིམ་དཔོན་དང་ ཀྲོང་གསར་ཚོང་དཔོན་གྱི་ཕྱག་འགན་ གཉིས་ཆ་ར་ མཛད་པའི་ཤུལ་མ་ ཁོ་མགྲོན་གཉེར་སྦེ་ བསྐོས་གནང་ནུག། འདེའི་སྐབས་ཁོ་གིས་ སྤུ་ན་ཁ་རྫོང་མེ་བཞེས་ཡོད་མི་འདི་ གསར་སྒྲུབ་འབད་ས་ ཕྱག་འགན་སྦོམ་མཛད་གནང་ཡི། དཔོན་སློབ་གསུམ་གྱི་གྲས་ལས་ ཀྲོང་གསར་དཔོན་སློབ་ཀྱི་མངའ་འོག་ལུ་ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ ཚུདཔ་ལས་ ཁོང་ནུབ་ཕྱོགས་དཔོན་ཁག་ཚུ་གི་ མགོ་བསྐོར་ཐོག་ལས་དཔོན་སློབ་བཀྲོང་ནི་ཨིནམ་ གཟིམ་དཔོན་གྱིས་མཁྱེན་ཏེ་ དཔོན་སློབ་ཀྲོང་གསར་ལུ་ལོག་བྱོན་ནུག། འཇིགས་མེད་རྣམ་རྒྱལ་གྱི་ཁེ་ཀོ་དང་སྟོབས་ཤུགས་ཚུ་སླབ་པ་ཅིན་ མིག་ཐོལ་ཡང་ཁོ་གིས་ འདྲོག་འབད་འབདཝ་ ལོ་རྒྱུས་ཡང་འདུག། དེ་ལས་འཇིགས་མེད་རྣམ་རྒྱལ་ དགུང་ལོ་ ༢༩ རང་ལུགས་འདས་ལོ་ ༢༠༢ སྤྱི་ལོ་ ༡༨༥༣ ལུ་ ཀྲོང་གསར་དཔོན་སློབ་ཀྱི་ ཁྲི་ཐོག་ཁར་མངའ་གསོལ་ཞུ་ནུག།
དེ་ལས་སྔར་གྱི་དམ་བཅའ་ སེམས་ལས་མ་བརྗེད་པར་ པདྨ་ཆོས་སྐྱིད་གཉེན་གྲོགས་སྦེ་བསྟན་ནི་ཨིན་ ཟེར་ཡབ་དཔོན་སློབ་ཨོ་རྒྱན་ཕུན་ཚོགས་ལུ་ཞུ་སྟེ་ གཉེན་འདུན་མཛད་ནུག། དབང་འདུས་ཆོས་གླིང་ཕོ་བྲང་ལུ་སྦེ་ སྔར་ལུགས་དང་འཁྲིལ་ རྟེན་འབྲེལ་རིམ་གྱིས་བསྒྲིག་སྟེ་ ལྕམ་པདྨ་ཆོས་སྐྱིད་ ཁབ་ཏུ་བཞེས་ནུག། ཁོང་གཉིས་ལུ་སྲས་འཕྲིན་ལས་སྟོབས་རྒྱས་དང་ སྲས་ཨོ་རྒྱན་དབང་ཕྱུག་ དེ་ལས་སླསམོ་ ཨ་ཞེ་ཡེ་ཤེས་ཆོས་སྒྲོན་ གསུམ་སྐུ་འཁྲུངས་ནུག།
ཕྱི་གླིང་པ་གིས་ བེངྒལ་དང་ཨ་སམ་ཕྱོགས་ དབང་བསྒྱུར་བའི་སྐབས་ ས་མཚམས་ཀྱི་འབྲུག་གི་དཔོན་ཁག་ཚུ་གིས་ རྒྱ་གར་གྱི་མི་སེར་ཚུ་བཙོན་ཁྲིམས་མང་རབས་བཀོལ་ཡོད་མི་ལུ་ ཕྱི་གཞུང་གིས་ཞི་བའི་གསུང་གྲོས་གནང་ནིའི་དཔའ་བཅམ་རུང་ འབྲུག་ལུ་ནང་འཁྲུགས་ལས་བརྟེན་ འབྲེལ་བ་འཐབ་མ་ཚུགས་པས། ཨིན་རུང་ཕྱི་གཞུང་གི་སྐུ་ཚབ་ཨ་ཤེ་ལི་ཨི་ཌེན་ འབྲུག་ལུ་འབྱོན་རུང་འདེའི་སྐབས་ གཞུང་ལྷན་རྒྱས་ཚུ་ རང་དོན་གཙོ་བོར་བཏོནམ་ལས་ སྐུ་ཚབ་ལོག་རྒྱ་གར་ལུ་སོང་ནུག། སྤྱི་ལོ་ ༡༨༦༤ རྫོགས་ཁམས་ལས་ས་མཚམས་ཁར་དང་གཅིག་ཁར་དམག་རྐྱབ་དགོཔ་བྱུང་ནུག། དེ་སྐབས་ཀྲོང་གསར་དཔོན་སློབ་འཇིགས་མེད་རྣམ་རྒྱལ་དང་ བྱ་དཀར་དཔོན་སློབ་བརྩོན་འགྲུས་རྒྱལ་མཚན་བླ་གཟིམ་བསོད་ནམས་དོན་གྲུབ་གསུམ་དམག་དཔོན་སྦེ་བྱོན་ནུག། འཇིགས་མེད་རྣམ་རྒྱལ་གྱིས་ཕྱི་གླིང་པའི་དམག་དཔོན་བསད་དེ་ ལོག་ཀྲོང་གསར་ལུ་བྱོན་ནུག། དེའི་ཤུལ་ལས་ཕྱི་གླིང་པ་གིས་ བདེ་ཝ་ཐང་ལས་དམག་ལོག་རྐྱབ་ད་ ཞི་བའི་ཆིངས་ཡིག་བཟོ་ནིའི་ ཐུགས་མཐུན་བྱུང་བའི་མཐའ་མར་ སྤྱི་ལོ་ ༡༨༦༥ སྤྱི་ཟླ་ ༡༡ ཚེས་ ༡༡ ལུ་སིན་ཅུ་ལ་ལུ་སྦེ་ དོན་ཚན་ ༡༠ འབད་མི་གི་ཆིངས་ཡིག་བཟོ་ནུག།
ཕྱི་ནང་གི་དགྲ་བཏུལ་བའི་མཐའ་མར་ འཇིགས་མེད་རྣམ་རྒྱལ་གྱི་གཏམ་སྙན་གྲགས་དང་ མཛད་ཤུལ་གྱིས་ཁྱབ་སྟེ་ དེའི་སྐབས་སྡེ་སྲིད་ཁྲི་ཐོག་སྟོང་པ་ཡོདཔ་ལས་ ལྷན་རྒྱས་ཚུ་གིས་ སྤུ་ན་ཁ་ལུ་སྦེ་སྡེ་སྲིད་ཁྲི་རབས་ ༥༣ པའི་ཁྲི་ཐོག་ལུ་མངའ་གསོལ་ཞུ་ནུག། སྲིད་ཀྱི་ཐོག་ལུ་རྒྱལ་ཁབ་སྐྱོངམ་མ་ཚད་ ཆོས་ཀྱི་ཐོག་ བཀྲ་ཤིས་ཆོས་རྫོང་གསར་བཞེངས་ནང་ རང་བྱོན་ལྷ་ཁང་ནང་ དུས་གསུམ་སངས་རྒྱས་དང་ འཕགས་པ་རྣམ་པར་རྒྱལ་མ་ མཁན་པོའི་གཟིམ་ཅུང་ནང་ དུས་གསུམ་སངས་རྒྱས་དང་གནས་བརྟན་བཅུ་དྲུག མཚན་ཉིད་ལྷ་ཁང་ནང་འཇམ་དབྱངས་གསེར་སྐུ། གཟུངས་པའི་ནང་ཐུབ་པ་སྐུ་རྐྱང་། ལ་སོགས་པ་ཕུལ་གནང་ནུག། སྤྱི་ལོ་ ༡༨༧༣ ཆུ་སྦྲུལ་ཟླ ༣ པའི་ནང་ གོང་གཟིམ་རྡོ་རྗེ་རྣམ་རྒྱལ་ སྡེ་སྲིད་ཀྱི་ཁྲི་ཐོག་ཏུ་གསར་བསྐོས་འབད་དེ་ ཁོ་ར་དགོངསམ་ཞུ་ནུག།
དེ་ལས་ ཁོ་གིས་སྤྱི་ལོ་ ༡༨༧༨ ས་སྟག་ལུ་ སྲས་ཨོ་རྒྱན་དབང་ཕྱུག་དགུང་ལོ་ ༡༧ ལུ་སྤ་རོ་དཔོན་སློབ་དང་། སྲས་རྒན་ཤོས་ཕྲིན་ལས་སྟོབས་རྒྱས་དགུང་ལོ་ ༢༢ ལུ་དབང་འདུས་ཕོ་བྲང་རྫོང་དཔོན་ལུ་ བསྐོ་བཞག་གནངམ་མ་ཚད། གཞུང་མགྲོན་གཉེར་ཕུན་ཚོགས་རྡོ་རྗེ་ སྤུ་ན་ཁ་རྫོང་དཔོན་དང་ དར་དཀར་དཔོན་སློབ་བསམ་གཏན་རྡོ་རྗེ་ བསྐོ་བཞག་གནང་སྟེ་རྒྱལ་ཁབ་ བདེ་སྐྱིད་ཀྱི་ངང་ལུ་སྐྱོངས་ནུག།
སྤྱི་ལོ་ ༡༨༨༡ ལྕགས་སྦྲུལ་ལོ་ལུ་དགུང་ལོ་ ༥༧ བཞེས་པའི་སྐབས་ སྤུ་ན་ཁ་ལས་གསོལ་ཐབ་ ཐིམ་ཕུག་འབྱོནམ་ད་ རྡོ་ཅོག་ལ་ལས་ ཆིབས་གཡག་གུར་ཆིབས་ཏེ་ ལྷུང་ཚོ་ལུ་ཕེབས་ད་ ཆིབས་གཡག་འཆམ་རྐྱབ་སྟེ་རྒྱུག་འགྱོཝ་ད་ ཞབས་ཡབ་ནང་ལས་བཏོན་མ་ཚུགས་པར་ འདྲུད་བདའ་སྟེ་ དབུ་ལུ་རྨ་སྐྱོན་སྦོམ་ཞུགསཔ་ལས་ དཔྱ་ཤིང་གུར་སྦེ་སེམས་རྟོགས་ཁ་རྫོང་ནང་ཞུ་ནུག། མི་རྗེ་ཁོ་རའི་སྲས་གཉིས་དང་ ཕུན་ཚོགས་རྡོ་རྗེ་དང་ ཨ་ལུ་རྡོ་རྗེ་བཞི་ལུ་ ཁོང་ར་བཞི་གཅིག་གིས་གཅིག་ལུ་ ཆ་རོགས་འབད་དགོ་པའི་ཞལ་ཆེམས་དང་ སྲས་གཉིས་ལུ་མ་འོངས་པའི་ཞལ་གདམས་ཚུ་ གསུངས་ཏེ་དགུང་ཞག་ ༥ བཞུགས་པའི་མཐའ་མར་ དགོངས་པ་རྫོགས་སོ་ནུག།
ཁུངས་གཏུག།
[ཞུན་དག]- དཔལ་འབྲུག་ཞིབ་འཇུག་ལྟེ་བ། (༢༠༠༨) འབྲུག་རྒྱལ་དང་པའི་རྟོགས་བརྗོད། ཐིམ་ཕུག། དཔལ་འབྲུག་ཞིབ་འཇུག་ལྟེ་བ།