Jump to content

གྲུབ་ཆེན་ཐང་སྟོང་རྒྱལ་པོ།

Wikipedia ལས།

དེ་ཡང་ གཙང་ལ་སྟོད་གཡས་རུ་བྱང་མའི་ཆབ་འོག་ འོལ་བ་ལྷ་རྩེ་རིན་ཆེན་སྡིངས་ཟེར་སར་ ཞིང་པའི་བཟའ་ཚང་ཅིག་ནང་ ཡབ་རྡོ་རྗེ་རྒྱལ་མཚན་དང༌ ཡུམ་རྒྱ་གར་ལྷ་མོ་གཉིས་ཀྱི་སྲས་ལུ་ རབ་བྱུང་དྲུག་པའི་ལྕགས་གླང་སྤྱི་ལོ་ ༡༣༦༡ ལུ་སྐུ་འཁྲུངས་ནུག། ཐོག་མའི་མཚན་ལུ་ ཁྲོ་བོ་དཔལ་ལྡན་ཟེར་གསོལ་ཡོད་པའི་ཁར་ དགུང་ལོ་ལྔ་ལས་ར་ ར་དང་ལུག་འཚོ་བར་བྱོན་ནུག། སྐུ་ན་ཆུང་ཀུའི་བསྒང་ལས་ སྤྱང་གྲུང་འཛོམས་པའི་ཁར་ ཐུགས་རིག་གནམ་མེད་ས་མེད་རྣོ་དྲགས་སྦེ་ཡོདཔ་ལས་ ཡབ་ཡུམ་གཉིས་ཀྱིས་དགོན་པ་བྱང་སྡིངས་ཟེར་ས་ལུ་ བླ་མ་ཆོས་སྐྱོང་དཔལ་བའི་དྲུང་དུ་འབྲི་ལྷག་གི་གཞི་མ་སྦྱང་པར་བཏང་ནུག།
དེ་ལས་ བོད་ཡིག་དང་ལཉྩ། ཝརྟུ་ལ་སོགས་པའི་བརྡ་སྤྲོད་རིག་པའི་གནས་ཚུ་ལུ་ མཁས་པར་གྱུར་བའི་ཁར་ སློབ་དཔོན་ཉི་མ་སེང་གེའི་དྲུང་ལས་རབ་ཏུ་བྱུང་སྟེ་ མཚན་བརྩོན་འགྲུས་བཟང་པོ་ཟེར་གསོལ་ནུག། མཁན་ཆེན་དེའི་ཞབས་ས་ལས་ དོན་ཡོད་ཞགས་པའི་སྒྲུབ་ཐབས་དང༌ རྒྱུད་ལུང་ལ་སོགས་པ་དང༌ ངམ་རིང་ཆོས་སྡེའི་མཁས་པ་བློ་གྲོས་རྡོ་རྗེ་དང༌དཀོན་མཆོག་དར་ལས་ རྣམ་འགྲེལ་དང་མངོན་རྟོགས་རྒྱན་ལ་སོགས་པ་གསན་ནུག། རྗེ་གྲུབ་ཐོབ་རིན་པོ་ཆེ་མཆོག་ གཏམ་སྙན་པའི་གྲགས་པ་ལུ་ཆགས་ཞེན་དང་ དོན་གཉེར་མ་མཛད་པར་ ངལ་བ་འཁུར་དུ་བཞེས་ཏེ་སྦྱང་བརྩོན་གནངམ་ལས་ བརྩོན་འགྲུས་སྨྱོན་པ་ཟེར་བའི་མཚན་འདི་ དེའི་དུས་ལུ་བཏགས་བཏགསཔ་ཨིན་མས། དེ་མ་ཚད་ མདོ་སྟོད་སྐྱ་རའི་དགོན་པ་ལུ་བཞུགས་མི་ བཀའ་ལྔ་བ་དཔལ་འབྱོར་ཤེས་རབ་ཀྱིས་མཁན་པོ་མཛད་དེ་ ལས་སློབ་དད་པའི་དགེ་འདུན་གྲངས་ཚང་གི་དབུས་ལུ་བསྙེན་པར་རྫོགས་ནུག། དེ་བཟུམ་སྦེ་ མཁས་དབང་དར་མ་དཔལ་བ་དང་ ལྷ་གདོང་པ་བསོད་ནམས་མཆོག་ ཀུན་སྤངས་རིན་ཆེན་རྒྱལ་མཚན་ རེད་མདའ་བ་གཞོན་ནུ་བློ་གྲོས་ཚུ་ལས་ གསང་སྔགས་གསར་རྙིང་དང༌ ཆུའི་དཀའ་ཐུབ་ཀྱི་གདམས་པ་ མེ་དང་རླུང་གི་སྒོམ་ཐབས་སོགས་ཀྱི་མན་ངག་ལེ་ཤ་ཅིག་གསན་ཏེ་ ལོ་ངོ་མང་རབས་ཅིག་གི་རིང་ལུ་ གནས་མ་ངེས་པའི་དབེན་གནས་ཚུ་ནང་སྒོམ་སྒྲུབ་གནང་ནུག།
དེ་ལས་ བལ་ཡུལ་ལུ་ཕེབས་ཏེ་འཕགས་པ་ཤིང་ཀུན་དང་ བྱ་རུང་ཁ་ཤོར་གྱི་མཆོད་རྟེན་ཚུ་ཉམས་གསོ་མཛད་པའི་ཁར་ རྒྱ་གར་ཕྱོགས་ལུ་བྱོན་ཞིན་ན་ རྡོ་རྗེ་གདན་དང༌ཟངས་གླིང་ཚུ་ནང་ཕེབས་ཏེ་ གྲུབ་ཐོབ་ལེ་ཤ་ཅིག་ལས་བཀའ་ཆོས་གསན་ནུག། དེ་བཟུམ་སྦེ་ རྡོ་རྗེ་གདན་དང་ཐག་ཉེ་བའི་གསང་བ་རྡོ་རྗེ་ཕུག་ལུ་ སྔགས་རྙིང་མའི་གྲུབ་ཐོབ་སྐལ་ལྡན་རྡོ་རྗེ་གྲགས་པ་ཟེར་ཞུ་མི་དེ་ལས་ རྙིང་མའི་ཆོས་སྐོར་ཡོངས་རྫོགས་གསན་ཏེ་ ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལུ་འཁྲུངསམ་ལས་ ལོག་སྟེ་བོད་ལུ་ཕེབས་ཞིནམ་ལས་ ཟབ་ཆོས་དེ་ཚུ་གཏེར་ལུ་སྦས་གནང་ནུག། གྲུབ་ཐོབ་མཆོག་གིས་ རྗེ་བཙུན་རེ་མདའ་བ་དང༌ སླེ་ཁ་བ་ཤེས་རབ་བཟང་པོའི་ཞབས་ས་ལས་ གཤིན་རྗེ་གཤེད་དམར་ནག་འཇིགས་གསུམ་གྱི་དབང་དང་ དུས་འཁོར་གྱི་དབང་ གཞན་ཡང་སྐྱེས་བུ་དམ་པ་ལེ་ཤ་ཅིག་གི་ཞབས་ས་ལས་ ཟབ་ཆོས་མཐའ་ཡས་པ་གསན་ཏེ་ དབེན་པའི་གནས་ཚུ་ནང་དཀའ་ཐུབ་མཛད་གནང་བའི་ཁར་ དུར་ཁྲོད་ལ་སོགས་པའི་གཉན་པའི་རི་ཁྲོད་ལེ་ཤ་ཅིག་ནང་ གསང་བའི་སྤྱོད་པ་གིས་འགྲོ་དོན་མཐའ་ཡས་པ་མཛད་ནུག། ཐང་སྟོང་རྒྱལ་པོ་ཟེར་མཚན་བཏགས་ཚུལ་ནི། ཁྱབ་གདལ་ཆེན་པོའི་ཐང་ཆེན་ན། །སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ། །འཇིག་རྟེན་རྒྱལ་པོ་ལྟ་བུར་བཞུགས། །དེ་ཕྱིར་ཐང་སྟོང་རྒྱལ་པོ་ཐོབ།། ཟེར་གཙང་རྒྱལ་སྡེའི་ཐང་ཁ་ལུ་བཞུགས་པའི་དུས་ དེ་ལས་ཡོངས་གྲགས་སྦེ་འགྱོ་ནུག།

ཁུངས་གཏུག།

[ཞུན་དག]
  1. Wikipedia contributors. (2021). Thang Tong Gyalpo. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Thang_Tong_Gyalpo&oldid=1049570182


ཐང་སྟོང་རྒྱལ་པོ