Jump to content

གྲུབ་ཐོབ་ཀརྨ་འགྱུར་མེད། Drubthop Karma Gyurmey

Wikipedia ལས།

༉ གྲུབ་ཐོབ་ཀརྨ་འགྱུར་མེད་ ཡང་ན་ སློབ་དཔོན་ཀརྨ་འགྱུར་མེད་ ཡང་ན་ དཀར་པོ་སྒྲུབ་གྲྭ་བླ་མ་ཟེར་ཡོངས་གྲགས་ཡོད་མི་འདི་ སྤྱི་ལོ་ ༡༩༥༤ ལུ་ ཀྲོང་གསར་ཆ་འོག་གི་གཡུས་ཇི་ཀི་ཟེར་ས་ལུ་ རབ་བྱུང་ ༡༦ པའི་གནམ་ལོ་ཤིང་མོ་ཡོས་ལོ་ལུ་ ཡབ་ཆོས་ལྡན་དྲང་ཆུང་དང་ཡུམ་ ཆོས་ཟ་པདྨ་བུདྷ་ལུ་སྐུ་འཁྲུངས་ནུག། བུཚ་ཆུང་ཀུ་སྦེ་སྡོད་པའི་བསྒང་ལས་ དམ་པའི་ཆོས་དང་འབྲེལ་བའི་ལས་སྣ་ཚུ་ལུ་ སྤྲོ་བ་མང་སུ་ཡོདཔ་ལས་ དགུང་ལོ་དྲུག་བཞེསཔ་ད་ལུ་ ཆུའི་གཡུས་ཚན་གྱི་འོག་ལུ་ ཆོས་འཁོར་རབ་བརྟན་རྩེའི་གྲྭ་ཚང་ནང་ འཛུལ་ཞུགས་མཛད་དེ་ ཡི་གུ་འབྲི་ཀློག་ལས་འགོ་བཙུགས་ འབྲི་ནི་དང་ལྷག་ནི་གིས་མ་ཚད་པར་ རྩིས་རིགས་དང་ཁ་ཐུན་གཏང་སྟེ་ གསོལཝ་བཏབ་ནི་དང་ མཎྜལ་དང་གཏོརམ་བཞེངས་ནི་རིག་པ་ཚུ་ལུ་ཡང་ སྦྱངས་བ་མཛད་གནང་ནུག། སྤ་རོ་སྟག་ཚང་ལུ་ སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་གིས་ རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་ཡོངས་རྫོགས་གནང་ནུག། དེ་ལས་ཐིམ་ཕུ་རྟ་མགོ་དགོན་པ་ལུ་ལོ་གཅིག་གི་རིང་ སྐྱབས་རྗེ་བསྟན་འཛིན་དོན་གྲུབ་དང་ རྗེ་དགེ་འདུན་རིན་ཆེན་ལས་ དབང་ལུང་དང་གདམས་ངག་ལུ་གསན་ཏེ་བཞུགས་ནུག། དེ་གི་ཤུལ་བདའ་ སྐྱབས་རྗེ་བསྟན་འཛིན་དོན་གྲུབ་ཀྱི་ཕྱག་ཞུ་སྟེ་ནེ་པཱལ་ལུ་སོང་སྟེ་ ཆོས་ལྷག་ལུས་ཚུ་གསན་གནང་ནུག།

དེ་ལས་སློབ་དཔོན་ཀརྨ་འགྱུར་མེད་མཆོག་ འབྲུག་པ་བཀའ་བརྒྱུད་ཀྱི་མཁས་གྲུབ་གཉིས་ལྡན་གྱི་བླ་མ་བསོད་ནམས་བཟང་པོ་༼༡༨༨༨-༡༩༨༢༽ མཆོག་གི་ཞབས་སར་བཅར་ཏེ་ དབང་དང་གདམས་ངག་ཚུ་ བུམ་པ་གང་བྱོའི་ཚུལ་དུ་གསན་བསམ་མཛད་དེ་ བླམ་རིན་པོ་ཆེ་གི་སྐྱབས་འོག་ལུ་ ས་ཕྱོགས་ལྷུང་མཚོ་དགོན་པ་དང་རྡོ་རང་འཐག་གི་དགོན་པ་ དེ་ལས་བདེ་བ་ཐང་བདེ་ཡུལ་ངེས་མེད་ཚུ་ནང་ལུ་བྱོན་ཏེ་ ལོ་ངོ་བཅུ་ཐམ་གྱི་རིང་སྒོམ་སྒྲུབ་གནང་བཞུགས་ནུག། ལོ་ངོ་བཅུ་ཕྲག་ལྷག་ཙམ་ བླ་མ་གྲུབ་དབང་བསོད་ནམས་བཟང་པོའི་ཕྱག་ཞུ་བའི་སྐབས་ལུ་ བླ་མ་མཆོག་ལས་ སྤྱིར་བཏང་སྔོན་འགྲོ་བསགས་སྦྱངས་ཚུ་ལས་འགོ་བཙུགས་ཏེ་ དབང་ལུང་དང་གདམས་ངག་ཡོངས་རྫོགས་གསན་བསམ་མཛད་དེ་ གསང་བ་རྫོགས་པ་ཆེན་པོ་དང་ ཕྱག་རྒྱ་ཆེན་པོའི་གདམས་ངག་ཚུ་ཡང་ དད་པ་ཆེན་པོའི་སྒོ་ལས་གསན་གནང་བ་གིས་མ་དོ་བར་ བླ་མའི་ཐུགས་རྗེ་བྱིན་བརླབས་དང་ ཁོ་རའི་མི་ལྡོག་པའི་དད་པ་གིས་ཐོག་ལས་ ཆོས་ཐམས་ཅད་རིག་སྟོང་དབྱེར་མེད་དུ་རྟོགས་ཏེ་ཉམས་སུ་བླངས་ནུག། དེ་ལས་ཁོ་རའི་རྩ་བའི་བླ་མ་བསོད་ནམས་བཟང་པོ་གིས་བཀའ་བཞིན་ བླམ་གྱི་གདན་ས་ སེ་ལ་རྡོ་རྗེ་གདན་ཝེན་ས་ཟེར་ས་ལུ་ ཁོ་རའི་རྩ་བའི་བླམ་དགོངས་པ་མ་རྫོགས་ཚུན་མཚམས་དམ་དྲགས་གནང་སྟེ་བཞུགས་ནུག།

དེ་ལས་ ལོག་སྐྱབས་རྗེ་བསྟན་འཛིན་དོན་གྲུབ་ཀྱི་ཞབས་སར་བཅར་ཏེ་ གདམས་ངག་སྙིང་པོ་ཅན་ཚུ་ཐོབ་མི་དེ་གིས་ ཁོ་གི་ཉམས་ལེན་དང་འབྲེལ་བའི་ཐེ་ཚོམ་དེ་གིས་ ཐར་པ་འཐོབ་པའི་བགེགས་སྦེ་ལུས་མི་དེ་ཚུ་ཡང་ག་ར་སེལ་བཏང་ནུག། སློབ་དཔོན་མཆོག་དོ་རུང་ ལོག་མཚམས་དམ་དྲགས་ནང་བཞུགས་ཏེ་ འབྲོག་སྨན་རྩེ་ཕུག། གླིང་གཞི་སྟག་རྫོང་། ཐང་དཀར་ཕུག་དང་ ས་གནས་ངེས་མེད་ནང་བྱོན་ཏེ་ སྒོམ་སྒྲུབ་གནང་ཡོདཔ་ཨིན། དེ་ལས་གྲུབ་ཐོབ་ཀརྨ་འགྱུར་མེད་མཆོག་གིས་ གཞན་གྱིས་བཀོ་བཞག་མི་མཚམས་ཁང་དང་རི་ཁྲོད་ཚུ་ནང་བཞུགས་ཏེ་ ཞེ་བཅད་དྲག་པོའི་ཐོག་ལས་ ཁོ་གིས་རྩྭགདན་འདི་གི་ཐོག་ལུ་སྡོད་དེ་ དྲོད་སྐད་ཅིག་ཙམ་ཡང་ཡལ་མ་བཅུག་པར་ ཉིན་མཚན་མེད་པར་རྫོགས་ཆེན་དང་ཕྱག་ཆེན་ཟུང་འབྲེལ་སྦེ་ཉམས་བཞེས་མཛད་གནང་ནུག། མཐའ་མཇུག་ལུ་ སྤྱི་ལོ་ ༡༩༩༣ གྱི་ལོ་ལུ་ དགུང་ལོ་བཞི་བཅུ་བཞེསཔ་ད་ མ་འོངས་པའི་གདུལ་བྱ་ཚུ་གི་ཕན་ཐབས་ལུ་གཟིགས་ཏེ་ དབེན་གནས་བསྟེན་ནི་འདི་ཕྱིར་བཤོལ་མཛད་དེ་ སྤུ༌ན༌ཁ༌རྟ༌ལོག༌སྤང༌དཀར༌པོ༌ ཞབས་དྲུང༌ཐུགས༌སྤྲུལ༌གྱི༌གདན༌ས༌ལུ༌གཞིས་བཅག༌སྟེ༌ མཚམས་ཁང་དང་དབེན་གནས་ལྟེ་བ་གཞི་བཙུགས་མཛད་ནུག། ད་ལྟོ་ས་གནས་དེ་ཁར་ སེམས་ཅན་ཚུ་གི་མཐའ་དོན་ལུ་ཐུགས་སྙིང་རྗེ་ཆེན་པོའི་ངང་ལས་ སྒྲུབ་དཔོན་གྱི་ཕྱག་འགན་བཞེས་ཏེ་ སྒོམ་ཉམས་ལེན་པ་ཚུ་ལུ་ དབང་ལུང་དང་གདམས་ངག་ཚུ་གནང་སྟེ་ ཉིན་མཚན་མེད་པར་དོགས་སེལ་དང་ལམ་སྟོན་གནང་སྟེ་ སྐལ་ལྡན་གྱི་སློབ་མ་གྱངས་ཁ་མེདཔ་ཅིག་ ཐར་པ་འཐོབ་པའི་ས་ལུ་སྐྱེལ་དོ་ཡོདཔ་ཨིན། ས་གནས་འདི་ དར་དཀར་ན་གི་གྲུབ་ཐོབ་ཡེ་ཤེས་ཕུན་ཚོགས་ ཡང་ན་ གྲུབ་ཐོབ་མཚམས་གྲུབ་པ་གིས་ སྤྱི་ལོ་ ༡༩༣༩ གི་ལོ་ལུ་ ལོ་གསུམ་གྱི་སྐུ་མཚམས་འགོ་དང་པ་བཅད་གནང་ས་ཡང་ཨིན།

སྤྱི་ལོ་ ༡༩༩༣ ལས་འགོ་བཙུགས་ཏེ་ད་ལྟོ་ཚུན་ཚོད་ཀྱི་རིང་ལུ་ སྐལ་སྡན་གྱི་སློབ་མ་གྱངས་ཁ་མ་ཆོདཔ་ཅིག་གིས་ གྲུབ་ཐོབ་ཀརྨ་འགྱུར་མེད་རིན་པོ་མཆོག་ལས་ ཐོབ་པར་ཤིན་ཏུ་་དཀའ་བའི་དབང་དང་ལུང་ དེ་གི་ནང་ལས་ཡང་ཧ་ཅང་གིས་ཐོབ་པར་དཀའ་བའི་ རྫོགས་ཆེན་དང་ཕྱག་ཆེན་གྱི་གདམས་ངག་ཟབ་མོ་ཚུ་ཞུ་ནི་གི་གོ་སྐབས་བཟང་པོ་ཐོབ་སྟེ་ཡོདཔ་ཨིན། གདམས་ངག་རིན་པོ་ཆེ་ཐོབ་མི་སྐལ་ལྡན་གྱི་སློབ་མ་ཆ་ཁྱབ་ཡང་ ལ་ལུ་གཅིག་ལོ་གསུམ་གྱི་རིང་སྒོམ་སྒྲུབ་གནང་ ལ་ལུ་གཅིག་ལོ་དྲུག་གི་དམ་བཅའ་ལེན་ཏེ་སྒོམ་སྒྲུབ་གནང་མི་ལེ་ཤ་ཡོདཔ་ལས་ སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་བྱེ་བྲག་ཏུ་ གསང་སྔགས་ཟབ་མོའི་བསྟན་པ་འདི ་གོང་ནས་གོང་དུ་འཕེལ་ཏེ་མཛད་དོ་ཡོདཔ་ཨིན། གྲུབ་ཐོབ་རིན་པོ་ཆེ་འདི་ད་ལྟོ་གདུལ་བྱ་ཚུ་གིས་ བླ་མའི་བཀའ་བཞིན་དུ་ཆོས་བསྒྲུབས་ནི་དེ་གིས་ སྐུ་གསུང་ཐུགས་ཆོས་སྐུའི་ངོ་བོར་འཚོ་ཞིང་གཞེས་ཏེ་ཡོདཔ་ཨིན། (རྣལ་འབྱོར། གནམ་ལོ་མེད། སྤྱི་ལོ་ ༢༠༡༨)

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

༡. རྣལ་འབྱོར། འབྲུག་གི་དམ་པ་ཚུ། གྲུབ་ཐོབ་ཀརྨ་འགྱུར་མེད། གནམ་ལོ་མེད། སྤྱི་ལོ་ ༢༠༡༨། ཕེསི་བྷུག། ཡོངས་འབྲེལ་ཁ་བྱང་།      https://www.facebook.com/groups/555014755379373/posts/598383744375807/