གྲུབ་ཐོབ་ཕ་དམ་པ་སངས་རྒྱས། Drubthob Phadampa

Wikipedia ལས།

༉ གྲུབ་ཐོབ་ཕ་དམ་པ་སངས་རྒྱས་འདི་དུས་རབས་ ༡༡ པའི་ནང་ལུ་ རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་ ཨཱན་དྷ་ར་པརདེཤ་ཟེར་ས་ལུ་སྐུ་འཁྲུངས་ནུག། བུལུ་ཨེ་ནཱལསི་དང་འཁྲིལ་བ་ཅིན་ ཝིར་ཡ་ཝར་མཱན་འདི་གསེར་གྱི་ཚོང་དཔོན་གྱི་བཟའ་ཚང་ནང་ལས་ཨིན་མས། ལ་ལུ་གིས་ཕ་དམ་སངས་རྒྱས་ཀྱི་ཨ་པ་འདི་རྒྱ་མཚོའི་དེད་དཔོན་ཅིག་ཨིན་ཟེར་སླབ་ཨིན་མས། ཁོ་གི་ཨའི་འདི་སྤོས་བཟོ་མི་གི་བརྒྱུད་པ་ལས་བཱ་ར་ས་ཧཱ་ཟེར་མི་འདི་ཨིན་མས། ཕ་དམ་པ་འདི་བྲམ་ཟེ་གི་སྐྱེས་བ་བདུན་པ་ཨིན་ཟེར་བཤདཔ་ཨིན་མས། ཕ་དམ་པ་དགུང་ལོ་བཅོ་སྔ་བཞེསཔ་ད་ལུ་ ཁོ་གི་ཡབ་ཡང་ཞིང་དུ་གཤེགས་པ་ལུ་བརྟེན་ཏེ་ ཁོ་ཡང་ལྷོ་ཕྱོགས་བཱི་ཧར་ལུ་ཡོངས་གྲགས་ཅན་གྱི་ ནང་པའི་གཙུག་ལག་ཁང་ཝི་ཀ་ར་མ་ཤི་ལའི་གཙུག་ལག་ཁང་ཆེན་པོ་ནང་ལུ་ ཤི་མ་བདེ་བ་ལས་སྡོམ་པ་ཞུ་སྟེ་མཚན་ཡང་ཀ་མ་ལ་ཤི་ལ་ཟེར་བཏགས་གནང་ནུག། ཡོངས་གྲགས་ཅན་གྱི་གྲུབ་ཐོབ་ཕོ་དང་མོ་བསྡོམས་ཏེ་ལྔ་བཅུ་ང་བཞི་དང་གཅིག་ཁར་ ཁོ་གིས་བརྡ་སྤྲོད་པའི་གཞུང་སུམ་རྟགས་ཚུ་ལས་འགོ་བཙུགས་ཏེ་ མདོ་སྔགས་དང་ ཕྱག་རྒྱ་ཆེན་པོ་གི་གདམས་ངག་ཚུ་ཡང་ གསན་ཚར་བའི་ཤུལ་ལས་ སྐུ་ཚེ་ཅིག་འགྲོ་འགྲུལ་འབད་དེ་རྡོ་རྗེ་གདན་དང་ཨེསི་ཝ་ཡམ་བུ་ནཱཐ་དང་ ལྷོ་ཕྱོགས་ཨེ་ཤེ་ཡ་གི་ནངས་ཁྲོད་དང་དུར་ཁྲོད་ཡོངས་རྫོགས་ནང་ལུ་བྱོན་ཏེ་ སྒོམ་སྒྲུབ་ཁོ་ན་མཛད་པ་གིས་མ་ཚད་པར་ནང་པའི་གྲུབ་ཐོབ་ག་ར་གིས་སྒོམ་སྒྲུབ་མཛད་མི་ དུར་ཁྲོད་བསིལ་བ་ཚལ་ནང་ལུ་བྱོན་ཏེ་སྒྲུབ་པ་མཛད་བཞུགས་ནུག། (མི་ཤི་ལི་སོ་རཱན་སཱན། གནམ་ལོ་མེད། སྤྱི་ལོ་ ༢༠༡༡)

ཨིན་རུང་ཡང་ (བླམ་ཚེ་རིང་དབང་གྲུབ། གནམ་ལོ་མེད། སྤྱི་ལོ་མེད) ལོ་རྒྱུས་ནང་ལུ་ ཕ་དམ་པ་སངས་རྒྱས་འདི་ཨ་པ་ཕྱི་ཁར་ཡོདཔ་ད་ཨའི་གི་མངལ་ལུ་ཆགས་ཏེ་ ཨའི་གིས་ཨ་པ་དང་གཅིག་ཁར་མ་སྡོད་པའི་ཨ་ལུ་ཆགས་མི་འདི་ ངོ་ཚ་བའི་གཞི་ཅིག་ཨིན་མནོ་སྟེ་ ཨ་ལུ་མངལ་ནང་ཡོད་མི་འདི་བཤལ་གཏང་ནི་དོན་ལུ་ བྲག་གཡབ་དང་ཆུ་ནང་མཆོངས་རུང་གནོདཔ་བཀལ་མ་ཚུགས་པར་ ཨའི་གིས་ཕོཝ་ནང་ལུ་ཟླཝ་བརྒྱད་འགྱོཝ་ད་ལུ་ མོ་རའི་མངལ་ནང་ལས་ངག་བཟླས་བརྗོད་འབད་བའི་སྒྲ་གོ་ཞིན་ན་ པཎ་ཌི་ཏ་ཚུ་ལུ་ཞུཝ་ད་ འཇམ་དཔལ་དབྱངས་ཀྱི་སྔགས་སྐྱོརཝ་ཨིནམ་ལས་ མོ་གིས་སངས་རྒྱས་ཅིག་འབག་སྟེ་ཡོད་ཟེར་སླབ་ནུག། ཨ་ལུ་འདི་སྐྱེས་ཚར་ཞིནམ་ལས་ཁོ་གིས་འགོ་དང་པ་ར་ ཁོ་རའི་ཨའི་ལུ་ཚིག་རྐང་བཞི་འབད་མི་ །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེ་མི་འགག་ནམ་ཁམའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད།། བསྟོད་པའི་ཚིག་གསུངས་ཞིན་ན་ ཨའི་ང་ཁྱོད་ཀྱི་ཕོཝ་ནང་འབག་པའི་སྐབས་ལུ་ ཁྱོད་ལུ་བྱག་དང་ཆུ་ནང་མཆོངས་ནི་ལ་སོགས་པའི་དཀའ་ངལ་ལེ་ཤ་བྱིན་ཡོདཔ་ལས་ ང་གིས་ཁྱོད་ཀྱི་བརྩེ་གདུང་འདི་བྱིན་བརླབས་སྦེ་ལོག་བྱིན་ནི་ཨིན་ཟེར་གསུངས་ནུག། ཨའི་ལུ་རྡོ་ལེབ་ཅིག་འབག་ཤོག་ཟེར་གསུངས་ཏེ་ ཨའི་གིས་རྡོ་སེར་སྐྱ་ཆུང་ཀུ་འབད་མི་རྡོ་ཀ་མ་རུ་པ་འདི་བྱིན་མི་འདི་ ཨ་ལུ་གིས་ཁོ་གི་ཞབས་རྗེས་བཞག་གནང་ཡོད་པའི་ལོ་རྒྱུས་བཤད་དེ་འདུག།

ཕ་དམ་པ་གིས་བོད་ལུ་ཡང་ཚར་བདུན་དེ་ཅིག་བྱོན་ཞིན་ན་ ཚར་རེ་བྱོན་པའི་སྐབས་ལུ་ ལོ་ལེ་ཤ་བཞུགས་ཡོད་པའི་ལོ་རྒྱུས་འདུག། དེ་ཡང་ཕ་དམ་པ་སངས་རྒྱས་བོད་ལུ་འགོ་དང་པ་བྱོན་ཏེ་ བོད་ཁམས་ཀྱི་ཕྱོགས་ལུ་ ཁོ་གི་ཆོས་ལུ་དད་པའི་སློབ་མ་ཕུད་རྡོག་གཅིག་ཡང་མ་ཐོབ་པའི་ལོ་རྒྱུས་ཡོད་རུང་ ཁོ་གིས་ཤུལ་ལས་ལོག་བྱོནམ་ད་ལུ་སློབ་མ་ལེ་ཤ་འཐོབ་པའི་ལུང་བསྟན་གནང་ནུག། དེ་ལས་བོད་ལུ་ཐེངས་གཉིས་བྱོན་པའི་སྐབས་ལུ་དེ་བསྒང་བོད་མངའ་རིས་ཀྱི་ཕྱོགས་ལུ་བྱོན་ཏེ་ སློབ་མ་དག་པ་ཅིག་ཆོས་ལུ་བཙུགས་ཚུགས་ནུག། དོ་རུང་ཤུལ་ལས་ཚར་གསུམ་འབདཝ་ད་ བོད་དབུས་གཙང་ལས་ རྨང་ར་སེར་པོ་གིས་གདན་འདྲེན་ཞུ་སྟེ་དེ་ཁར་ཕ་དམ་པ་གིས་ རྨང་ར་སེར་པོ་དང་ཀྱོ་བསོད་ནམས་བླ་མ་ལུ་གཅོད་སྟོན་གནང་ཡོདཔ་མ་ཚད་ དེ་གི་ཤུལ་ལས་ ལྡིང་རི་ལུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དགོངས་པ་རྫོགས་པའི་མཐའ་མར་ སྤྱི་ལོ་ ༡༠༡༢-༡༠༩༠ ལུ་ཕ་དམ་པ་གིས་ གྲྭ་པ་མངོན་ཤེས་དང་ ལྕེ་དབལ་སྒར་པ་ལུ་ ཞི་བྱེད་སྒྲོན་མ་སྐོར་དགུ་འདི་སྟོན་གནང་ནུག། ཐེངས་བཞི་པ་བྱོན་པའི་སྐབས་ལུ་གཉལ་ལུ་སྒོམ་སྒྲུབ་གནང་སྟེ་ དབུས་བརྒྱུད་དེ་བཞུགས་ནུག། ཐེངས་ལྔ་པའི་སྐབས་ལུ་རྒྱནག་ལས་ལྡིང་རི་ལུ་ལོག་བྱོན་ཏེ་ རི་བོ་རྩེ་ལྔ་ལུ་ཆོས་གསུངས་ཏེ་ཁོ་ར་དགོངས་པ་མ་རྫོགས་ཚུན་ཚོད་བཞུགས་ཡོདཔ་ཨིན་མས། (མི་ཤི་ལི་སོ་རཱན་སཱན། གནམ་ལོ་མེད། སྤྱི་ལོ་ ༢༠༡༡)

ཨིན་རུང་བླ་མ་ཚེ་རིང་དབང་གྲུབ་ཀྱིས་ ཕ་དམ་པ་སངས་རྒྱས་འདི་ཨྱོན་གུ་རུ་གིས་རྒྱ་ནག་ལུ་བཏང་ཞིན་ན་ ནང་པའི་བསྟན་པ་བཙུགས་ཏེ་ ཧ་ཤང་གི་ཆོས་ལོག་འདི་ཁ་བསྒྱུར་ཏེ་དགོ་པའི་བཀའ་འབག་སྟེ་འགྱོ་བའི་མཐའ་མར་ རྒྱ་ནག་ལུ་ལོ་བརྒྱད་བཞུགས་ཏེ་ནང་པ་ལུ་བསྒྱུར་ཞིན་ན་ལོག་བོད་ལུ་བྱོན་པའི་སྐབས་ལུ་ རྒྱ་ནག་གིས་ངོ་རྒོལ་འབད་དེ་རྒྱུག་བྱོན་པའི་སྐབས་ཁོ་གི་ཞབས་ལྷམ་ཡ་གཅིག་ལུས་ཡོདཔ་དང་ གཙང་ཆུའི་མཐའ་མར་ཕེབས་ད་གྲུ་དཔོན་གྱིས་གྲུ་མེད་ཟེར་སླབ་སྦེ་འབག་མ་བཏུབ་ད་ ཕ་དམ་པ་གིས་ཤིང་གི་ཤོམ་འདབ་ཅིག་འཐུ་ཞིན་ན་གཙང་ཆུའི་ཐོག་ཁར་བཀལ་ཏེ་དེ་གུར་བྱོན་ཏེ་བྱོན་པའི་སྐབས་ ཆོས་སྐྱོང་མཧཱ་ཀ་ལ་དང་ལྷ་མོ་སྟག་ཞོན་མ་གིས་རྟ་དམརཔོ་ཅིག་ལུ་སྤྲུལ་ཏེ་ ཁོ་གི་ལྷམ་ཡ་གཅིག་ལུས་མི་འདི་ཁ་ནང་བཙུགས་ཏེ་འབག་འོང་ཞིན་ན་ཕ་དམ་པ་ལུ་ཕུལ་ནུག། བོད་ལུ་ཕ་དམ་པའི་ཆོས་ཞི་བྱེད་དང་གཅོད་ཀྱིས་ཕན་ཐོགས་སྦོམ་བྱུང་ཡོད་རུང་ ཤུལ་ལས་ལྡིང་རིས་གླང་འཁོར་གྱི་སློབ་མ་ཚུ་ལུ་གསུངས་པའི་ ལྡིང་རིས་བརྒྱ་གཅིག་མ་འདི་གནམ་མེད་ས་མེད་ཕན་ཐོགས་ཅན་བྱུང་ནུག།

ཝི་ཀི་པི་ཌི་ཡ་གི་བཤད་སྲོལ་ལྟར་ན་ གྲུབ་ཐོབ་ཀཱ་མ་ལ་ཤི་ལ་འདི་ཚར་ཅིག་མོ་ཧེ་ཡན་དང་གཅིག་ཁར་གྲོས་བསྡུར་འབད་བའི་ཤུལ་ལུ་ ཡི་མ་ལ་ཡ་ལས་ཁ་མར་ལྟ་འབབ་བྱོན་པའི་ལམ་ཁར་ ནད་གཞི་གདུག་དྲགས་ཀྱིས་ཤི་བའི་རོ་དེ་ལུ་ཐུགས་རྗེ་ཆེ་བ་དང་དེ་གིས་མི་ཚུ་ལུ་འབུ་ནི་ཉེན་ཁ་གཟིགས་ཏེ་ ཁོ་རའི་སྐུ་ཕུང་འདི་ཚར་གཅིག་བཀོ་བཞག་སྟེ་རིག་པ་འདི་ཕུངམོ་རུལ་མི་ནང་ལུ་སྤོ་ཞིན་ན་ གནོད་པ་མེད་པར་མཛད་པའི་བར་ན་ཕ་དམ་པ་སངས་རྒྱས་ཡང་དེ་ཁར་ཕེབས་ཏེ་ སྐུ་ཕུང་གསརཔ་འཇའ་རིསམོ་ཅིག་གཟིགས་ཏེ་ཁོ་རའི་སྐུ་གཟུགས་མི་སྡུག་པ་འདི་ དེ་འཕྲོ་ལས་བཀོ་བཞག་སྟེ་ཁོ་རའི་རྣམ་ཤེས་འདི་སྐུ་ཕུང་གསརཔ་གུར་འཕོ་ཞིན་ན་ ཕ་དམ་པའི་རྣམ་ཤེས་འདི་ཀཱ་མ་ལ་ཤི་ལའི་སྐུ་གཟུགས་ལུ་འཕོ་ཞིན་ན་ སྐུ་གཟུགས་འཇའས་རིསམོ་གསརཔ་ཐོབ་སྟེ་སྐུ་ཚེ་གཅིག་བཞུགས་ཡོདཔ་ཨིན་རུང་ ཀཱ་མ་ལ་ཤི་ལ་ལོག་ཁོ་རའི་སྐུ་ཕུང་ཡོད་སར་བྱོན་པའི་སྐབས་ལུ་ ཁོ་རའི་ཕུངམོ་མེན་པར་དེའི་ཚབ་ལུ་ཕུངམོ་བཟོ་ཉེས་ཅིག་མཐོང་སྟེ་གཞན་ག་ནི་ཡང་འབད་ཐབས་མེད་པར་ འདི་ནང་ཁོ་རའི་རྣམ་ཤེས་འབོ་བར་མཛད་དེ་དེ་སྦེ་བཞུགས་དགོཔ་ཐོན་པའི་ལོ་རྒྱུས་ཨིན་མས། ཕ་དམ་པའི་སྐུ་གཟུགས་འདི་ཐུང་ཀུ་ཅིག་སྦེ་སྐུ་ཤ་ཡང་གནགཔོ་ཡོད་པའི་ལོ་རྒྱུས་ཨིན་པས།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

༡. མི་ཤི་ལི་སོ་རཱན་སཱན། མི་ཚེའི་མཛོད་ཁང་-ཕ་དམ་པ་སངས་རྒྱས། གནམ་ལོ་མེད། སྤྱི་ལོ་ ༢༠༡༡། ཡོངས་འབྲེལ་ཁ་བྱང་། https://treasuryoflives.org/biographies/view/Padampa-Sanggye-/2510

༢. བླམ་ཚེ་རིང་དབང་གྲུབ། སེངྒེ་དང་འདྲ་བའི་གྲུབ་ཐོབ་ཚུ། ཕ་དམ་པ་སངས་རྒྱསཀྱི་སྐུ་དང་ཆོས་བཤད། གནམ་ལོ་མེད། སྤྱི་ལོ་མེད། ཡོངས་འབྲེལ་ཁ་བྱང་། http://tibetanbuddhistencyclopedia.com/en/index.php?title=Lion_of_Siddhas_-_The_Life_and_Teachings_of_Padampa_Sangye