Jump to content

གྲུབ་ཐོབ་མཚམས་གྲུབ་པ། གྲུབ་ཐོབ་ཕུན་ཚོགས། Drubthob Phuntsho

Wikipedia ལས།

༉ གྲུབ་ཐོབ་ཕུན་ཚོགས་ཟེར་ཡོངས་གྲགས་ཅན་གྱི་གྲུབ་ཐོབ་འདི་ སྤྱི་ལོ་ ༡༩༡༦ ལུ་ཡབ་འགྱུར་མེད་ཚེ་དབང་དང་ཡུམ་ནག་ཆུང་མོ་གཉིས་ཀྱི་སྲས་སྦེ་སྐུ་འཁྲུངས་ནུག། ཁོ་རའི་ཡབ་དང་ཡུམ་གྱི་མཚན་ཡང་ཡེ་ཤེས་ཕུན་ཚོགས་ཟེར་བཏགས་གནང་ནུག། དགུང་ལོ་བརྒྱད་བཞེསཔ་ད་ལུ་ སྤུ་ན་ཁ་གྲྭ་ཚང་ནང་འཛུལ་ཞུགས་མཛད་ཞིན་ན་ དམ་ཆོས་འབྲི་ཀློག་ལས་འགོ་བཙུགས་གསན་གནངམ་མ་ཚད་ དེ་ལས་ཐིམ་ཕུ་གྲྭ་ཚང་ཚུ་ནང་སྐུ་ཡོན་བཞེས་གནང་སྟེ་ མཐར་དུས་རབས་ ༡༩-༢༠ པའི་ནང་བྱོན་མི་ བླམ་གྲུབ་དབང་ངག་དབང་བསྟན་འཛིན་མཆོག་གི་འོག་ལུ་ སྐུ་ཡོན་དང་གདམས་ངག་ཚུ་ལེ་ཤ་གསན་གནང་སྟེ་ དགུང་ལོ་ཉི་ཤུ་བཞེསཔ་ད་ སྤུ་ན་ཁ་སྤང་དཀར་པོ་ལུ་ ད་ལྟོ་གྲུབ་ཐོབ་ཀརྨ་འགྱུར་མེད་ཀྱི་སྒྲུབ་ཁང་ཡོད་ས་ལུ་ སྒྲུབ་པ་འགོ་དང་པ་ལོ་གསུམ་གནང་ནུག། དེ་ལས་ལོ་གསུམ་གྱི་སྒྲུབ་པ་འདི་མཇུག་བསྡུ་སྟེ་ བོད་ཙཱ་རི་རོང་སྐོར་ཆེན་མོ་ལུ་གནས་སྐོར་བྱོན་ནུག། ཙཱ་རི་རོང་སྐོར་གནས་ཆེན་འདི་ གནམ་མེད་སམེད་ལཱ་ཁག་ཅིག་ཨིན་མི་དེ་ཡང་ ཙཱ་རི་གནས་ཆེན་འདི་གི་ཚལ་མ་དང་རི་གྱེན་གཟར་དྲགས་ཚུ་ཡོངས་རྫོགས་སྦེ་བསྐོར་ར་རྐྱབ་དགོ་ནི་དེ་གིས་ཨིན།

དེ་ལས་གྲུབ་ཐོབ་རིན་པོ་གིས་ ལྷོ་ཕྱོགས་བོད་ལྟ་མི་ལ་མཁར་ཆུང་མར་པ་ལོ་ཙཱ་བ་ ༼༡༠༡༢-༡༠༩༧༽ གི་གདན་ས་ངོ་མ་གྲོ་བོ་ལུང་བརྒྱུད་དེ་ ལྷ་ས་བོད་གཞུང་ལྟེ་བ་ལུ་བྱོན་ནུག། དེ་གི་ཤུལ་ལས་བོད་ལྟེ་བ་ལུ་བྱོན་ཏེ་ བཀའ་གདམས་པའི་དགེ་སློང་ཁ་རག་སྒོམ་ཆུང་གི་གདན་སར་ རྟོགས་ལྡན་ཤཱཀྱ་ཤྲི་གི་སློབ་མ་ངོ་མ་ འབྲུག་པའི་ཡོངས་འཛིན་བརྒྱད་པ་རྟོགས་ལྡན་ཡོངས་འཛིན་ངག་གི་དབང་ཕྱུག་ཡང་ན་ རྟོགས་ལྡན་དཔག་བསམ་རྒྱ་མཚོ་ཟེར་མི་འདི་ གྲུབ་ཐོབ་རིན་པོ་ཆེ་ཁོ་རའི་རྩ་བའི་བླམ་༼༡༨༥༣-༡༩༡༩༽ དང་མཇལ་ནུག། རྟོགས་ལྡན་ཡོངས་འཛིན་ངག་གི་དབང་ཕྱུག་གིས་ གྲུབ་ཐོབ་ཀྱི་དད་པ་དང་བརྩོན་འགྲུས་མངོན་མཁྱེན་གྱིས་གཟིགས་ཏེ་ གཞན་དང་མ་འདྲ་བའི་ཐུགས་ཀྱི་བརྩེ་བའི་ཐོག་ལས་རྗེས་སུ་བཟུང་སྟེ་ ཆོས་ཀྱི་བཀའ་ཁྲིད་དང་ལུང་དེ་ལས་གདམས་ངག་ཚུ་ཁག་ལེ་ཤ་ར་གནང་ནུག། དེ་བསྒང་ཡོངས་འཛིན་ངག་གི་དབང་ཕྱུག་ལུ་ བོད་དང་ཁམས། ལ་དྭགས་ལས་སློབ་མ་ལེཤ་ཡོདཔ་མ་ཚད་ འབྲུག་གི་རྒྱལ་ཁབ་ལས་ཡང་སློབ་མ་གཅིག་ཡོད་རུང་ ཁོང་ཚུ་ལས་གྲུབ་ཐོབ་ཡེ་ཤེས་ཕུན་ཚོགས་ལུ་ དམགིས་བསལ་གྱི་ཆོས་དང་གདམས་ངག་འཐེབ་ཚུ་གནང་ནུག།

དེ་ལས་ལོ་དག་པ་ཅིག་གི་ཤུལ་ལས་གྲུབ་ཐོབ་རིན་པོ་ཆེ་ ལོ་བདུན་གྱི་རིང་མཚམས་དམ་དྲགས་སྦེ་བཞུགས་ཏེ་ དེ་བསྒང་ནཱ་རོ་ཆོས་དྲུག་དང་ཕྱག་རྒྱ་ཆེན་པོའི་སྒོམ་ཉམས་ལེན་ལུ་གཙོ་བོར་བཏོན་ནུག། ནཱ༌རོ༌ཆོས༌དྲུག༌གི༌ནང༌ལས༌གཙོ༌བོ༌འདི༌གཏུམ༌མོ༌འདི༌ཨིནམ༌ལས་ ནང་ན་གི་དྲོད་འབར་དང་དགའ་སྤྲོའི་ཚོར་བའི་སྦྱང་བ་འདི་ བོད་གཞུང་ལྟེ་བ་ལས་འགོ་དཔོན་དག་པ་ཅིག་དང་ས་གནས་ཀྱི་མི་ཚུ་དང་གཅིག་ཁར་ ཡོངས་འཛིན་ངག་གི་དབང་ཕྱུག་གིས་ལོ་བསྟར་བཞིན་དུ་བརྟག་དཔྱད་འབདཝ་ཨིན། དེ་ཡང་དེ་སྦེ་སྒོམ་རྐྱབ་མི་ཚུ་གི་གོང་འཕེལ་དང་མཐར་ཕྱིན་གྱི་བརྟག་དཔྱད་ དེ་ཡང་གོ་ལ་ཚུ་གནམ་དགུན་ཁཝ་རྐྱབ་སྟེ་ཧ་ཅང་གྱང་མི་ ནུབ་ཕྱེད་ཀྱི་ཁྱེགས་ཆུ་ནང་སྦང་བཞག་སྟེ་ ལོ་བསྟར་བཞིན་དུ་ཟླཝ་ ༡༢ པའི་ཚེས་བཅོ་སྔ་གི་དྲོ་པ་གཏུམ་མོ་སྒོམ་མི་ཚུ་གི་གཟུགས་སྒྱེན་མོའི་གུར་བཀབ་སྟེ་ གོ་ལ་རློནམ་འདི་སྒོམ་པའི་དྲོད་ཀྱིས་སྐམ་དགོཔ་ཨིན། གྲུབ་ཐོབ་ཀྱིས་བརྟག་དཔྱད་དང་པ་འདི་མཐར་མ་འཁྱོལ་རུང་ ཤུལ་མ་གིས་ནང་གོ་ལ་གཅིག་མེན་པར་ལེ་ཤ་ར་ལོ་བསྟར་བཞིན་དུ་ སྐམ་ཚུགས་པའི་སྙན་གྲགས་བྱུང་ནུག། དེ་ལས་བོད་གཞུང་གིས་ གྲུབ་ཐོབ་ཀྱིས་གཞན་དང་མ་འདྲ་བའི་གྲུབ་འབྲས་ལུ་གནམ་མེད་ས་མེད་ངལ་རངས་ཏེ་ བོད་པའི་དངུལ་གྱི་ཏི་རུ་ ༥ སྤྲོད་དེ་ དེ་ལས་ཚུར་གྲུབ་ཐོབ་དང་མཚམས་གྲུབ་ཟེར་བའི་མཚན་གསོལ་ནུག།

དེའི་བསྒང་མཚམས་གྲུབ་འདི་ དུས་རྟག་བུ་ར་ཐུགས་དམ་གནང་སྟེ་ ཐུགས་ཆོས་སྐུའི་ངང་ལུ་གཡེལ་བ་མེད་པར་བཞུགས་པའི་སྐབས་ འབྲུག་དགའ་སེང་ལོགས་ལས་ཚོང་པ་གཅིག་ཟླཝ་ ༦ གི་ཤུལ་ལས་ཚར་རེ་ཚོང་བཏོན་པར་འགྱོ་མི་དེ་གིས་ མཚམས་གྲུབ་དང་མཇལ་ཏེ་གཞན་དང་མ་འདྲ་བའི་དད་པ་བསྐྱེད་དེ་ ཁོ་གིས་རྒྱགས་སྐལ་དང་གཞན་འཐུང་ནི་གི་རིགས་ཚུ་ཕུལ་དོ་ཡོདཔ་ཨིན་མས། ཚར་གཅིག་འབདཝ་ད་འབྲུག་གི་ཚོང་པ་དེ་གིས་མཚམས་གྲུབ་ལུ་ རྒྱ་ནག་གིས་ཤར་ཕྱོགས་བོད་འདི་བཙན་འཛུལ་འབད་ནི་འགོ་བཙུགས་ཡོདཔ་ལས་ འབྲུག་ལུ་འབྱོན་དགོ་པའི་ཞུ་བ་ཕུལཝ་བཞིན་དུ་ སྤྱི་ལོ་ ༡༥༤༩ ལུ་ཁོ་རའི་བླམ་ལས་གནང་བ་ཞུ་སྦེ་ གནམ་དགུན་ཧ་ཅང་གྱང་པའི་དུས་ཚོད་ཁར་ལོག་འབྲུག་གི་རྒྱལ་ཁབ་ནང་བྱོན་ནུག། འབྲུག་ལུ་ཕེབས་པའི་ཤུལ་ལས་ སྤ་རོ་གསང་སྔགས་ཆོས་འཁོར་གྱི་འོག་ལུ་ཡོད་པའི་ ཀུན་དགའ་ཆོས་གླིང་གི་མཚམས་ཁང་ ཧེ་མ་རྗེ་དགེ་འདུན་རིན་ཆེན་ཐུགས་དམ་གནང་སའི་སྒྲུབ་ཁང་ནང་ལུ་ ལོ་ལྔའི་རིང་ལུ་ཐུགས་དམ་གནང་བཞུགས་ནུག། དེ་གི་ཤུལ་ལས་དོ་རུང་འཕྲོ་མཐུད་དེ་ར་ སྤ་རོ་རྡོ་མཆོད་རྟེན་ལུ་ལོ་ལྔའི་སྒྲུབ་པ་གནང་སྟེ་ དེ་ཁར་ལོ་དྲུག་བཞུགས་ཏེ་ སྤྱི་ལོ་ ༡༥༩༦ ལས་འགོ་བཙུགས་སྒྲུབ་པ་དམ་དྲགས་གནང་བཞུགསཔ་ད་ལུ་ བོད་ལས་ཉམས་ལེན་པ་རྒན་ཤོས་ཅིག་ཡང་ཁོ་དང་གཅིག་ཁར་སྡོད་དེ་སྒོམ་གནངམ་ད་ མཚམས་ཞུགསཔ་རྒན་ཤོས་དེ་གིས་ གྲུབ་ཐོབ་ལུ་ཐུགས་དམ་ཞི་ལྷོད་འབད་དེ་དུས་ཚོད་ཁར་གཟིམ་དགོ་པའི་བསླབ་བྱ་བྱིན་རུང་ གྲུབ་ཐོབ་ཀྱིས་མ་གསན་པར་ཆུ་ཚོད་ ༢༤ གི་རིང་ཉིན་ནུབ་མེད་པར་ཞབས་རྡོ་རྗེ་སྐྱིལ་ཀྲུང་སྦེ་བཞུགས་ཏེ་ཐུགས་དམ་ནང་ར་བཞུགས་ནུག།

དེ་གི་ཤུལ་ལས་གྲུབ་ཐོབ་ཀྱིས་དར་དཀར་ན་འབྲུག་རྗེས་སྒང་པ་ཏ་ལ་ལུ་ རྣམ་གྲོལ་ཆོས་གླིང་དགོན་པ་གཞི་བཙུགས་འབད་དེ་ མཚན་ཡང་བོད་ལུ་ཡོད་པའི་ཁོ་རའི་རྩ་བའི་བླམ་གི་ལྷ་ཁང་ལུ་གཞི་བཞག་སྟེ་བཏགས་གནང་ནུག། དེ་གི་ཤུལ་ལས་གྲུབ་ཐོབ་ལུ་ སྐྱབ་ས་རྗེ་ཁྲི་ཟུར་བསྟན་འཛིན་དོན་གྲུབ་དང་ རྗེ་ཉི་ཟེར་སྤྲུལ་མཆོག་དང་གཞན་མི་དག་པ་ཅིག་གིས་ར་ ནཱ་རོ་ཆོས་དྲུག་གི་དབང་དང་གདམས་ངག་ཚུ་ གནང་དགོ་པའི་བཀའ་གནང་རུང་ གྲུབ་ཐོབ་ཀྱིས་འདི་ཚུ་གི་དབང་དང་པ་ཁོ་གི་རྩ་བའི་བླ་མ་ གྲུབ་དབང་བསྟན་འཛིན་རྒྱ་མཚོ་ལས་ཞུ་དགོཔ་སྦེ་གསུངསམ་བཞིན་དུ་ གྲུབ་ཐོབ་ཁོ་ར་གིས་སྣ་འཁྲིད་འབད་དེ་ བླམ་གྲུབ་དབང་འདི་ དེའི་བསྒང་ཤར་བདེ་ཆེན་ཆོས་གླིང་དགོན་པ་ནང་བཞུགས་ཡོད་སར་བཅར་ཏེ་ དབང་ཚུ་ཞུ་ནི་གི་རྒྱབ་སྐྱོར་མཛད་གནང་ནུག། དེ་ལས་འབྲུག་རྗེས་སྒང་ལུ་ དད་ལྡན་གྱི་སློབ་མ་གྱངས་ཁ་མེདཔ་ཅིག་ཐུགས་བརྩེ་བའི་སྒོ་ལས་རྗེས་སུ་བཟུང་སྟེ་ ནཱ་རོ་ཆོས་དྲུག་གི་དབང་དང་གདམས་ངག་ཚུ་གནང་སྟེ་སྒོམ་ལུ་བརྩོན་པའི་སྤྲུལ་སྐུ་དང་ བསྟན་འཛིན་གྱི་སློབ་མ་སྦས་པའི་རྣལ་འབྱོར་གྱི་ཚུལ་དུ་བཞུགས་མི་ལེ་ཤ་ཡོད་མི་གིས་ བསྟན་པ་ལུ་ཕན་ཐོགས་ཏེ་ཡོདཔ་ཨིན། གྲུབ་ཐོབ་ཀྱི་སློབ་མ་ཆུང་ཤོས་ར་མཚམས་པ་དཔལ་འབྱོར་ཨིནམ་ལས་ གྲུབ་ཐོབ་ཀྱིས་ཁོ་ལུ་ ཚེ་ད་རེས་ཀྱི་མི་ཚེ་འདི་འཛམ་གླིང་གི་འཁོར་བ་ནང་ གཡེང་སྡོད་དེ་སྙིང་པོ་མེདཔ་བཟོ་ནི་མེན་པར་ རི་ཁྲོད་གངས་ཁྲོད་དང་བྱག་ཕུག་ཚུ་ནང་དམ་པའི་ཆོས་ལུ་ཉམས་ལེན་འབད་དེ་ མི་ཚེ་སྙིང་པོ་ཅན་བཟོ་དགོ་པའི་བཀའ་སློབ་གནང་ཡོདཔ་ཨིན། གྲུབ་ཐོབ་འདི་དགོངས་པ་ཀུན་ཏུ་བཟང་པོ་དང་མཉམ་རུང་ མི་ཉམ་ཆུང་གཅིག་གི་ཚུལ་དུ་བཞུགས་ཏེ་ མི་ཚེ་གཅིག་སྦས་པའི་རྣལ་འབྱོར་པ་སྦེ་བཞུགས་པའི་མཐའ་མར་ གདུལ་བྱའི་མཐའ་རྫོགས་ཏེ་དགུང་ལོ་ ༡༠༠ བཞེསཔ་ད་ སྤྱི་ལོ་ ༢༠༡༦ རང་ཟླ་ ༡༢ པའི་ཚེས་ ༡༠ ལུ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་རུང་ ལོ་གཅིག་གི་རིང་སྐུ་ཕུང་འདི་དྲང་པོར་བསྲངས་ཏེ་བཞུགས་ཡོདཔ་ཨིན་མས། དེ་ལས་སྤྱི་ལོ་ ༢༠༡༧ སྤྱི་ཟླ་ ༢ པ་སྤྱི་ཚེས་ ༡༠ ལུ་སྤུར་མཆོད་ཕུལ་ཏེ་དེ་ལས་དད་ལྡན་གྱི་སློབ་མ་དང་གདུལ་བྱ་ཡིད་ཆེས་ནིའི་དོན་ལུ་ རིང་བསྲེལ་ལེ་ཤ་འཁྲུངས་པའི་ལོ་རྒྱུས་འདུག། (ཨྱོན་ལྷུན་གྲུབ། གནམ་ལོ་མེད། སྤྱི་ལོ་ ༢༠༡༧)

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

༡. རྣལ་འབྱོར། གྲུབ་ཐོབ་ཆེན་པོ་ཡེ་ཤེས་ཕུན་ཚོགས། གནམ་ལོ་མེད། སྤྱི་ལོ་མེད། ཕེསི་བྷུག།

. ཨྱོན་ལྷུན་གྲུབ། དར་དཀར་ན་གི་གྲུབ་ཐོབ་ཀྱི་མཇུག་གི་དགེ་བ། གནམ་ལོ་མེད། སྤྱི་ལོ་ ༢༠༡༧། རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ། ཐིམ་ཕུ། ཡོངས་འབྲེལ་ཁ་བྱང་།

https://www.linkedin.com/pulse/final-rites-mahasiddhadrunthobyogi-duba-dagana-bhutan-ugyen-lhendup