གྲུབ་ཐོབ་རྒྱལ་མཚན། Drubthob Gyeltshen

Wikipedia ལས།

༉ གྲུབ་ཐོབ་རྒྱལ་མཚན་འདི་ཁོ་རའི་ཨའི་གི་རྣམ་ཤེས་བར་དོ་ལུ་འཁྱམས་ཡོད་མི་འདི་ མོངན་མཁྱེན་གྱིས་གཟིགས་ཏེ་དག་པའི་ཞིང་ལུ་རྣམ་ཤེས་འཕོ་བཏང་མི་གི་སྦས་པའི་བརྟུལ་ཞུགས་ཅན་གྱི་རྣལ་འབྱོར་པ་ཆེན་པོ་ཅིག་ཨིན། གྲུབ་ཐོབ་རྒྱལ་མཚན་གྱིས་མཚན་ལྡན་གྱི་བླ་མ་༼སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ། སྐྱབས་རྗེ་ སྤོ་ལོ་མཁན་རིན་པོ་ཆེ། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ། མེ་མེ་བླ་མ་བསོད་ནམས་བཟང་པོ་རིན་པོ་ཆེ། སྐྱབས་རྗེ་རྗེ་མཁན་ཁྲི་རབས་ ༦༥ པ་ འཇམ་དབྱངས་ཡེ་ཤེས་སེངྒེ། སྐྱབས་རྗེ་རྗེ་མཁན་ཁྲི་རབས་ ༦༨ པ་རྗེ་ཁྲི་ཟུར་བསྟན་འཛིན་དོན་གྲུབ། སྐྱབས་རྗེ་ཤངས་གྲྭ་སྐུ་ཕྲེང་ ༥ པ་ ངག་དབང་འགྱུར་མེད་ཆོས་སྐྱིད། སྐྱབས་རྗེ་མ་གཟིམ་དཀར་མདོག་རིན་པོ་ཆེ་དང་གཞན་བླ་མ་དམ་པ་༽ བཅུ་ཕྲག་ལྷག་ཙམ་གྱི་ཞབས་ཀྱི་པད་མོར་སྤྱི་བོར་བསྙེན་ཏེ་ དམ་པའི་ཆོས་ཀྱི་སྙིང་བཅུད་འཐུང་ཡོདཔ་ཨིན། བླ་མ་དེ་ཚུ་གི་གྱལ་ལས་སྐྱབས་རྗེ་བསྟན་འཛིན་དོན་གྲུབ་ནེ་པཱལ་ལུ་བཞུགསཔ་ད་ ལོ་ངོ་ ༡༠ གི་རིང་ཕྱག་གཡོགཔ་སྦེ་ཕྱག་ཞུ་་ནུག། དེ་བསྒང་ཁོ་གི་སྐྱབས་རྗེ་བྱ་བྲལ་ལས་རྙིང་མའི་དབང་ལུང་དང་རྫོགས་ཆེན་གྱི་གདམས་ངག་དང་ སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་ལས་ གཏེར་གསར་གྱི་བཀའ་དབང་དང་གདམས་ངག་ཚུ་ཞུ་ཡོདཔ་ཨིན།

དེ་ལས་གྲུབ་ཐོབ་རིན་པོ་ཆེ་གིས་རྟ་མགོ་ལུ་ ལོ་གསུམ་གྱི་སྒྲུབ་པ་གནང་བའི་མཐའ་མར་ ཐང་ཀ་ཕུ། སྟང་གྲོ་དུར་ཁྲོད། དགའ་ས་ཞྭ་སེལ་དང་མེ་ལོང་བྲག་ཚུ༼རྗེ་མཁན་ཁྲི་རབས་ ༩ པ་ ཤཱཀྱ་རིན་ཆེན་སྒོམ་གནང་ས༽ རྟེན་འབྲེལ་ལཱ། བྱ་རྒོད་མཚོ༼གྲུབ་ཐོབ་གཡུ་ཐོག་སངས་རྒྱས་ཀྱི་བྱག་ཕུག༽ དང་གཞན་གལ་ཅན་གྱི་ས་གནས་ཚུ་ནང་ལུ་ ལོ་ངོ་མང་རབས་ཅིག་བླ་མའི་གདམས་ངག་ཚུ་ལུ་མི་ཚེ་བཅོལ་ཏེ་ མི་ཚེ་བློས་བཏང་སྟེ་སྒོམ་པ་དང་སྒྲུབ་པ་གནང་སྟེ་བཞུགས་ཏེ་ ཕྱག་ཆེན་གྱི་དགོངས་པ་དངོས་སུ་བརྙེས་ནུག།

གྲུབ་ཐོབ་རིན་པོ་འདི་ཚེ་གཅིག་རི་ཁྲོད་ཁངས་ཁྲོད་འགྲིམས་བཞུགས་ནི་གིས་ཐུགས་ཐག་བཅད་ཡོད་རུང་ ཁོ་རའི་རྩ་བའི་བླམ་སྐྱབས་རྗེ་རྗེ་མཁན་ཁྲི་རབས་ ༦༨ པ་རྗེ་བསྟན་འཛིན་དོན་གྲུབ་ཀྱི་བཀའ་ཕེབས་མི་འདི་ སྤྱི་བོར་ལེན་ཏེ་དམ་པའི་ཆོས་ཀྱི་ཞབས་ཏོག་གི་གྲས་ལས་ བླ་མའི་བཀའ་བཞིན་སྒྲུབ་པ་ལས་མཆོག་ཏུ་གྱུར་པ་གཞན་ཅིག་མེདཔ་ཨིནམ་མཁྱེན་ཏེ་ ཆུ་ཁ་རྫོང་ཁག་གི་མཚམས་བྲག་དགོན་པའི་གྲུབ་དཔོན་སྦེ་བཀོ་བཞག་མཛད་མི་འདི་ དད་པ་འགྱུར་མེད་ཀྱི་ཐོག་ལས་ལྷུར་ལེན་མཛད་དེ་ལོ་ངོ་དག་པ་ཅིག་ཕྱག་ཞུ་ནུག། དེ་ལས་ཕྱག་འགན་ལས་གྲོལ་བའི་ཤུལ་ལས་ དོ་རུང་ལོག་སྟེ་མི་མེད་ལུང་སྟོང་དང་ནགས་ཚལ་མཐུག་པོ། གངས་རི་དང་གཡའ་རི་གི་ས་གནས་ངེས་མེད་ཚུ་ནང་བྱོན་ཏེ་ བོད་ཀྱི་རྣལ་འབྱོར་པ་ཆེན་པོ་རྗེ་བཙུན་མི་ལ་དང་ཅོག་འཐདཔ་སྦེ་ ཤིང་འོག་དང་བྱག་ཕུག་གི་ནང་ན་ཉལ་ཏེ་ བླ་མའི་གདམས་ངག་འདི་ཉིན་མཚན་མེད་པར་ཉམས་སུ་བླངས་ནུག།

དེ་འབད་ནི་དེ་གིས་གྲུབ་ཐོབ་རྒྱལ་མཚན་འདི་ སྒོམ་པ་མཐར་སོན་པའི་གསང་བའི་རྣལ་འབྱོར་པ་ཆེན་པོ་ཅིག་ཨིན། གྲུབ་ཐོབ་ཀྱི་ཁོ་རའི་ཨའི་གི་རྣམ་ཤེས་འདི་བར་དོ་ལུ་ཡོདཔ་མོངན་ཤེས་ཀྱིས་གཟིགས་ཏེ་ འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་མདོ་ཚར་འབུམ་གཅིག་འདོན་ཏེ་ ཐར་པའི་གོ་འཕང་ལུ་བཀོད་ཡོདཔ་ཨིན། དེ་བཟུམ་གྱི་གང་ཟག་འདི་སྐྱེས་བུ་དམ་པ་ཡང་དག་པའི་ལྟ་བ་མངོན་དུ་གྱུར་ཏེ་ ཐུགས་ཀྱི་དགོངས་པ་ཆོས་སྐུའི་ངང་ལས་སྐད་ཅིག་ཙམ་ཡང་མི་གཡོ་བར་གནས་པའི་ རྣལ་འབྱོར་པ་ཆེན་པོ་ཨིན། གྲུབ་ཐོབ་རིན་པོ་ཆེ་འདི་ད་ལྟོ་ཡང་ དགེ་སློང་བྲག་ལུ་སྒྲུབ་པ་གནང་བཞིན་པ་ཡོདཔ་ཨིན། ༼རྣལ་འབྱོར། གནམ་ལོ་མེད། སྤྱི་ལོ་ ༢༠༢༠༽

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

༡. ཡང་སྲིད་ཡང་ན་སྤྲུལ་སྐུ། གྲུབ་ཐོབ་རྒྱལ་མཚན། གནམ་ལོ་མེད། སྤྱི་ལོ་ ༢༠༢༠། ཕེསི་བྷུག། ཡོངས་འབྲེལ་ཁ་བྱང་། https://www.facebook.com/search/top?q=drubthob%20gyeltshen