གླིང་མུ་ཁ་གཏེར་ཕུག། Lingmukha Terphug
ངོ་སྤྲོད།
[ཞུན་དག]གླིང་མུ་ཁ་གཏེར་ཕུག་གནས་འདི་སྤྱི་ལོ་ (༡༣༤༦-༡༤༠༥) ནང་ལུ་གཏེར་ཆེན་རྡོ་རྗེ་གླིང་པ་གིས་སྤུང་ཐང་བདེ་བ་ཆེན་པོའི་ཕོ་བྲང་བཞེངས་ནིའི་དང་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ དར་ནིའི་ལུང་བསྟན་གནང་ཡོད་པའི་ས་གནས་ཅིག་ཨིན་མས། བྱིན་ཅན་གྱི་གཏེར་ཕུག་གནས་འདི་གཏེར་བཏོན་རདོ་རྗེ་གླིང་པ་མཆོག་བོད་ལས་བྱོནམ་ད་ངོས་འཛིན་གནང་ཡོདཔ་ཨིནམ་སྦེ་བཤདཔ་ཨིན་མས། དེ་བསྒང་གཏེར་བཏོན་རྡོ་རྗེ་གླིང་པ་གིས་ས་གནས་དེ་ཁ་ལས་གཏེར་ལེ་ཤ་བཞེས་ཡོད་པའི་ནང་ལས་ཡང་ བཛྲ་ཀི་ལི་ཡ་གི་ཕུརཔ་ཆ་གཅིགཔ་ད་ལྟོ་གླིང་མུ་ཁ་ལྷ་ཁང་གི་ནང་རྟེན་གཙོ་བོ་སྦེ་ཡོད་མི་འདི་ཨིན་མས། ཕུརཔ་གི་གཏེར་བཏོན་སའི་ས་གོ་འདི་བྱག་འདི་གི་རྩ་བར་དོང་ཅིག་ད་ལྟོ་ཡང་ཧུམ་ཆི་ཆི་སྦེ་མཐོང་ཚུགསཔ་ཨིན་མས། ས་གནས་འདི་ག་ནི་བ་ཡ་མཚན་ཆེ་ཏོག་ཏོ་སྦེ་ཡོད་དགོ་མི་འདི་ གུ་རུ་རིན་པོ་ཆེ་གི་ན་བཟའ་ཆོས་གོས་འདི་བལྟབ་ཞིན་ན་གཏེར་སྦེ་སྦ་བཞག་མི་འདི་གིས་ཨིན་པས། ཆོས་གོས་འདི་བྱག་ཕུག་ནང་ལུ་ལེགས་ཤོམ་སྦེ་བལྟབ་སྟེ་བཞག་ཡོདཔ་བཟུམ་སྦེ་ རྡོའི་རྣམ་པ་ནང་ལུ་ངོ་མ་སྦེ་ར་མཇལ་ཚུགས་དོ་ཡོད་མི་འདི་ནམ་ཅིག་གི་ཚེ་གུ་རུ་གི་ཆོས་གོས་ངོ་མ་སྦེ་གཏེར་བཞེས་འོང་ཟེར་བའི་ལུང་བསྟན་ཡོདཔ་ཨིན་ཟེར་ཤད་ནི་འདུག།
བྱུང་རབས།
[ཞུན་དག]གནས་དེ་ཁར་ཡོད་པའི་རྡོ་ཕུག་གི་གདོང་གུར་གསེར་གྱི་བྱ་པོད་དང་བྱམོ་གི་པར་ཚུ་ཡང་ ག་ནི་བ་གསལ་རི་རི་སྦེ་མཐོང་ཚུགས་དོ་ཡོདཔ་མ་ཚད་ རྡོ་ཕུག་དེ་གི་གཡས་ཁ་ཐུག་ལུ་གསལ་བྱེད་ཀྱི་ཡི་གུ་ལེ་ཤ་ཅིག་མཇལ་ནི་ཡོད་པའི་ཁར་ ཡི་གུ་ཨོཾ་ཨཱ་ཧཱུཾ་འདི་ལེགས་ཤོམ་སྦེ་མཇལ་ཚུགསཔ་མ་ཚད་གཞན་ཡང་ དུང་དཀར་དང་ཡི་གུ་གཞན་ཚུ་ཡང་ལེ་ཤ་ཅིག་ར་མཐོང་ཚུགསཔ་ཨིན་མས། རྡོ་ཕུག་དེ་གི་གཡོན་ཁ་ཐུག་ལུ་གུ་རུ་རིན་པོ་ཆེ་དང་གཏེར་བཏོན་རྡོ་རྗེ་གླིང་པ་གིས་ ཐུགས་དམ་གནང་བཞུགས་མི་སྒོམཕུག་ཅིག་ཡང་མཇལ་ཚུགསཔ་ཨིན་མས། དད་པའི་ས་བོན་ཟེར་མི་དཔེ་དེབ་ནང་ལུ་བཀོད་དོ་བཟུམ་ འ་ནཱི་ས་གོ་འདི་གཏེར་བཏོན་རྡོ་རྗེ་གླིང་པ་གིས་ ཆུ་ཕོ་ཆུ་དང་མོ་ཆུ་གཉིས་འཛོམས་སའི་སྦུག་ནང་ལུ་འབྲུག་པ་བཀའ་བརྒྱུད་པ་ཚུ་གི་དོན་ལུ་ སྤུ་ན་ཁ་རྫོང་འདི་གཞི་བཙུགས་འབད་འོང་ཟེར་ལུང་བསྟན་གནང་ས་ཡང་ཨིན་མས། གཏེར་བཏོན་རྡོ་རྗེ་གླིང་པ་གི་ལུང་བསྟན་འདི་ བླམ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་འབྲུག་རྒྱལ་ཁབ་ནང་ལུ་སྤུང་ཐང་བདེ་བ་ཆེན་པོའི་ཕོ་བྲང་འདི་བཞེངས་ཏེ་ འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་འདི་འཛིན་སྐྱོང་སྤེལ་གསུམ་གནང་མི་ལུ་བརྟེན་ཏེ་ གཏེར་ཕུག་གནས་འདི་རྒྱལ་ཁབ་ནང་ལུ་ཧ་ཅང་གིས་ཡ་མཚན་ཅན་གྱི་གནས་རྩ་ཅན་ཅིག་སྦེ་བརྩི་དགོཔ་ཨིན་མས།
འཛུལ་སྒོ།
[ཞུན་དག]གནས་འདི་ནང་ལུ་འཛུལ་སྒོ་ཆུང་ཀུ་ཅིག་ཡོད་མི་ནང་ལུ་གུ་རུ་རིན་པོ་ཆེ་གི་སྐུ་འདྲ་ཅིག་འདུག། གནས་དེ་གི་འོག་ལུ་ཚེ་ཆུ་ཅིག་ཡང་མཇལ་ནི་ཡོདཔ་མ་ཚད་ དེ་གི་སྦོ་ལོགས་ཁར་བྱག་གི་སྦུག་ལས་མར་གཏེར་ཆུ་ཅིག་ཡང་ཧ་ལས་སི་སི་སྦེ་འབབ་སར་མཇལ་ཚུགསཔ་ཨིན་མས། དད་པའི་ས་བོན་ལས་གསུངས་དོ་བཟུམ་སྦེ་ མི་ངོམ་རང་ར་སོ་སོའི་བསོད་ནམས་དང་ཁ་རྗེ་དབང་ཐང་དང་འཁྲིལ་ཏེ་ གནས་དེ་ལས་རྒྱུ་ནོར་གི་དངོས་གྲུབ་ཡང་དེ་དང་འཁྲིལ་ཏེ་ར་འཐོབ་ཚུགས་འོང་ཟེར་ཨིན་མས། རྒྱུ་ནོར་སྒྲུབ་འདོད་ཡོད་མི་མི་ངོམ་ཆ་ཁྱབ་ཀྱིས་གནས་འདི་མཇལ་ཏེ་གཏེར་ཆུ་འདི་སྨོན་ལམ་བཏབ་སྟེ་འཐུང་དགོཔ་ཨིན་མས། གཏེར་ཆུ་འདི་གླིང་མུ་ཁ་གི་སོ་ནམ་ཞིང་ས་ཚུ་ལུ་ ཞིང་ཆུ་སྦེ་ལག་ལེན་འཐབ་སྟེ་མི་སེར་ཚུ་ཕན་བརླབས་ཤིན་ཏུ་ཆེ་མི་ལུ་བརྟེན་ཏེ་ ཚེ་ཆུ་འདི་གླིང་མུ་ཁ་གི་གཏེར་ཆུ་ཟེར་སླབ་ཨིན་མས། འབྲུག་རྒྱལ་ཁབ་ལུ་ཡོངས་གྲགས་ཡོད་པའི་གླིང་མུ་ཁ་གི་གཡུས་ཆུམ་དམརཔོ་འདི་ཚུ་ཡང་ ཚེ་ཆུ་འདི་གིས་བྱིན་གྱིས་བརླབས་ཏེ་སྨན་གྱི་ནུས་མཐུ་ཡོདཔ་ཨིན་མས།
གུ་རུ་རིན་པོ་ཆེ་གི་རྡོའི་བཞུགས་ཁྲི་གི་ལྟག་ལུ་མི་སྐལ་བ་ཅན་གྱི་བྱིན་ཅན་གྱི་གནས་དེ་ལས་ ཆོས་ཀྱི་སྒྲ་སྐད་སྦོམ་སྦེ་གོ་ཚུགས་སའི་ས་ཁར་འགྱོ་ནིའི་སྒོ་རཔ་ཡོདཔ་ཨིན་མས། གནས་བཤདཔ་ཨཔ་ཚེ་རིང་རྡོ་རྗེ་གིས་སླབ་དོ་བཟུམ་སྦེ་ གཏེར་ཕུག་གནས་ནང་ལུ་ལོ་ལྟར་བཞིན་དུ་ཟླཝ་ ༤ པའི་ཚེས་ ༡༠ ལུ་ གླིང་མུ་ཁ་དང་སྡོམ་པོ་ལ་གི་མི་སེར་ཚུ་གིས་ལོ་བསྟར་གྱི་ཚེས་བཅུ་སོ་སོ་སྦེ་གཏང་སྲོལ་ཡོད་ཟེར་ཨིན་མས། དེ་ཡང་དེ་སྦེ་ཚེས་བཅུ་འདི་སོ་སོ་གཏང་དགོ་པའི་རྒྱུ་མཚན་འདི་ཡང་ གཡུས་ཚན་གཉིས་ཀྱི་བར་ན་ཆུའི་དཀའ་ངལ་ལུ་བརྟེན་ཏེ་ཨིན་ཟེར་བཤདཔ་ཨིན་མས། ཚེས་བཅུ་གི་སྐབས་ལུ་གླིང་མུ་ཁ་གི་མི་སེར་ཚུ་གིས་གུ་རུ་གི་བཞུགས་ཁྲི་ལུ་གསེར་སྐྱེམས་ཕུལ་ཏེ་ དར་ཤིང་འཕྱར་ཞིན་ན་གཏེར་ཕུག་གནས་ལུ་འགྱོཝ་ཨིན་མས། སྡོམ་པོ་ལ་གི་མི་སེར་ཚུ་གིས་གཏེར་སྒོ་འདི་ལུ་གསེར་སྐྱེམས་ཕུལ་དེ་ལས་དར་འཕྱར་ཞིན་ན་གནས་ཁ་ཐུག་ལུ་འགྱོཝ་ཨིན་མས།
གླིང་མུ་ཁ་འདི་གཏེར་བཏོན་རྡོ་རྗེ་གླིང་པ་གིས་གུ་རུ་གི་གནས་རྩ་ཅན་འདི་ཞབས་ཀྱིས་བཅགས་ཏེ་ གཏེར་ལེ་ཤ་བཏོན་མི་ལུ་བརྟེན་ཏེ་ཡོངས་གྲགས་སོང་ཡོདཔ་ཨིན་མས། ཤུལ་ལས་གཏེར་བཏོན་རྡོ་རྗེ་གླིང་པ་གི་གདུང་བརྒྱུད་ཚུ་གིས་ས་གནས་དེ་ཁར་གདན་ས་བཅགས་ཏེ་ གདནས་ས་གཙོ་ཅན་ཅིག་ལུ་འགྱུར་ཡོདཔ་ཨིན་མས། (ཕུརཔ་དབང་རྡོ་རྗེ། གནམ་ལོ་མེད། སྤྱི་ལོ་ ༢༠༢༢)
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་ཐོ།
[ཞུན་དག]༡. ཕུརཔ་དབང་རྡོ་རྗེ། གནམ་ལོ་མེད། སྤྱི་ལོ་ ༢༠༢༢། ཕེསི་བྷུག།