Jump to content

གླུ་གཞས་སྣ་ཚོགས།

Wikipedia ལས།

དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ནང་ རྒྱལ་བ་གོངམ་དང་ཕམ་བཟང་པོ་ཚུ་གི་སྐུ་དང་དྲི་མ་ལས་ ལམ་ལུགས་སྲོལ་ཁྱད་པར་ཅན་ལེ་ཤ་ཡོད་པའི་ནང་ལས་ གླུ་གཞས་ཀྱི་རིགས་ཚུ་ཡང་ཁྱད་ཆོས་ཅན་དང་ལམ་སྲོལ་བཟང་པོ་སྦེ་ རྒྱལ་ཁབ་ཀྱི་ངོ་རྟགས་ངོ་མ་ཅིག་སྦེ་་བརྩིས་ཏེ་ཡོད། རྒྱུ་མཚན་དེལས་བརྟེན་ ང་བཅས་ར་མི་དབང་འབྲུག་རྒྱལ་གསུམ་པ་ཞིང་གཤེགས་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ གླུ་གཞས་ཚུ་དུས་རྒྱུན་དུ་མ་ཉམས་པར་སྔར་ག་ཨིནམ་སྦེ་བཞག་ནིའི་དོན་ལུ་ རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བ་གཞི་བཙུགས་གནང་སྟེ་ ན་གཞོན་ཚུ་ལུ་སྦྱོང་བརྡར་སྤྲོད་དང་སྤྲོད་བཞིན་དུ་ཡོདཔ་ཨིན། ཞབས་ཁྲ་ཚུ་མང་ཤོས་ཅིག་ སྔོན་དང་ཕུ་ཕམ་དང་བློ་རིག་ཅན་ཚུ་གིས་ངག་ཐོག་ལས་བརྒྱུད་དེ་དར་ཁྱབ་འགྱོ་སྟེ་ཡོདཔ་ཨིན། དེ་ཡང་ གཞུང་སྒྲ་འབོད་སྒྲ་དང་རིག་གསར་ཟེར་ གླུ་གཞས་ཀྱི་དབྱངས་ཧན་པའི་ཁར་ཚིག་ཚུ་གིས་ ་མི་སྡེའི་ནང་ལུ་བསླབ་བྱ་བཟང་པོ་དང་ཕན་ཐོགས་ཚུགས་པའི་བརྡ་འཕྲོད་ཚུགསཔ་ཨིན།
དང་པགཞུང་སྒྲ་ཟེར་མི་འདི་ ཆོས་ལྡན་གྱི་རྒྱལ་ཁབ་འདི་ནང་ཆོས་དང་སྲིད་ཀྱི་ལུགས་གཉིས་འགོ་དང་པ་དབུ་བརྙེས་པའི་དགའ་སྟོན་བརྩི་སྲུང་མཛད་པའི་སྐབས་ གཞུང་ལྷན་རྒྱས་ཆ་མཉམ་འཛོམས་པའི་སྦུག་ལུ་ གླུ་གར་གྱི་མཆོད་པ་ཕུལ་ཏེ་ དར་ཁྱབ་སོང་ཡོད་པའི་གླུ་གཞས་འདི་ལུ་གཞུང་སྒྲ་ཟེར་སླབ་ཨིན་པས། དེ་ཡང་ འགོ་དང་པ་རྒྱལ་ཁབ་ཀྱི་རྒྱལ་ས་ལྟེ་བའི་གཞུང་ལས་ རིམ་པ་བཞིན་དུ་དར་ཁྱབ་སོང་སྟེ་ཡོདཔ་ལས་གཞུང་སྒྲ་ཟེར་སླབ་ཨིན་པས། གཞུང་སྒྲ་འདི་ ཕ་མ་རྒན་རྒས་ཚུ་གིས་བཤད་མི་དང་འཁྲིལ་བ་ཅིན་ དཔལ་ལྡན་འབྲུག་པའི་སྤྱི་གཟུགས་དམ་པ་དཔལ་ཞབས་དྲུང་རིན་པོ་ཆེ་མཆོག་ སྤྱི་ལོ་ ༡༦༡༦ ལུ་ ཆིབས་ཁ་ལྷོ་ལུ་བསྒྱུར་བའི་ཚེ་ལས་ རིམ་པ་བཞིན་དུ་ཐིམ་ཕུག་སྤང་རི་ཟམ་པ་ལུ་ཕེབས་ད་ ཝང་དང་ཅང་གི་མི་ཚུ་གིས་སྐུ་མདུན་ལུ་བཅར་ཏེ་ དགའ་སྟོན་རྩི་བའི་སྐབས་གླུ་གཞས་དང་པ་གཞུང་སྒྲ་མཚན་ལྡན་ཚོགས་པའི་ཚོགས་ལུགས་ཟེར་མི་འདི་ཕུལ་ཡོདཔ་ཨིན་པས། ཀུན་བཟང་འཕྲིན་ལས། (༢༠༡༦ ཤོག་གྲངས་༡༣)
གཞུང་སྒྲ་གི་ཚིག་དེ་ཚུ་ཡང་ རྒྱལ་བ་གོངམ་ཚུ་གིས་མཛད་གནང་ཡོདཔ་ལས་ ཚིག་དེ་ཚུ་ག་་ར་ ཆོས་དང་སྲིད། རྒྱལ་རབས།རྫོང་དང་ལྷ་ཁང་། གནས་བཤད་དང་ ཡུལ་གོང་མ་ཚུ་ལུ་བསྟོད་པའི་སྨོན་ཚིག་ཙང་ཙ་ར་ཨིན་པའི་ཁར་གདངས་ཡང་རིངམོ་སྦེ་ཉནམ་ད་རྣ་བར་ཧན་ཞིང་བསམ་ད་ཡིད་ཁར་ཚིམ་ཏོག་ཏོ་ཡོད་པའི་གླུ་གཞས་ཅིག་ཨིན། གླུ་གཞས་འཁྲབ་པའི་སྐབས་གྱལ་རིངམོ་སྦེ་གུས་ཞབས་དང་བཅས་པའི་སྒོ་ལས་ཕུལཝ་ཨིན། གཞུང་སྒྲ་དེ་ཡང་་གཅིག་བ་གཅིག་ཧན་ཏོང་ཏོ་སྦེ་་ད་རེས་ནངས་པ་ཡང་ཉམས་སྐྱོན་མེད་པར་ཆུ་གི་རྒྱུན་བཟུམ་སྦེ་མ་ཆད་པར་དར་ཏེ་ཡོདཔ་ཨིན།
གཉིས་པ་ བོད་སྒྲ་ཟེར་མི་འདི་ སྔོན་དང་ཕུ་ལས་ར་ ང་བཅས་རའི་རྒྱལ་ཁབ་འདི་བོད་རྒྱལ་ཁབ་དང་ཐག་ཉེ་བའི་ཁར་ ཚོང་འབྲེལ་ཚུ་ཡང་དུས་རྒྱུན་ར་འཐབ་སྟེ་སྡོད་ཡོདཔ་ལས་ བོད་ལུ་དར་ཁྱབ་འགྱོ་ཡོད་པའི་གླུ་གཞས་ཚུ་ ང་བཅས་རྒྱལ་ཁབ་ནང་དར་ཁྱབ་འགྱོཝ་ལས་ དེའི་རྟ་དྲངས་ཏེ་འཐེན་ནི་དང་རྐྱབ་སྲོལ་ཡོདཔ་ལས་ བོད་སྒྲ་ཟེར་སླབ་ཨིན་པས། ལ་ལུ་ཅིག་གིས་སླབ་མིའི་ནང་ སྔོན་རྫོང་གཞིས་ཁག་ནང་ དཔོན་སློབ་དང་རྫོང་དཔོན་ཚུ་གི་འོག་ལུ་ གཞུང་དང་མི་སེར་གྱི་བར་ན་ རྒྱུན་འབྲེལ་འཐབ་མི་འབོད་སྒརཔ་ཚུ་གིས་རྐྱབ་སྟེ་དར་ཁྱབ་བྱུང་ཡོདཔ་ལས་འབོད་སྒྲ་ཟེར་སླབ་ཨིན་ཟེར་བཤདཔ་ཨིན་པས།
གསུམ་པ་ རིག་གསར་ཟེར་མི་འདི་ དེང་སང་གི་དུས་འདི་ནང་ རང་ར་སོ་སོའི་རིག་པ་དང་ལྕོགས་གྲུབ་གཡོག་བཀོལ་བའི་ཐོག་ལས་ གནས་སྟངས་དང་འཁྲིལ་ཏེ་གསར་རྩོམ་འབད་ཞིནམ་ལས་ གདངས་དབྱངས་ཚུ་ཡང་སྟབས་བདེ་ཧིང་དང་བསྟུན་ཏེ་འཐེན་མི་ལུ་རིག་གསར་ཟེར་སླབ་ཨིན་པས། ད་རེ་ནངས་པར་ མི་སློབ་ཡར་སེང་དང་འཁྲིལ་ རིག་པ་ཚུ་ཡང་གཅིག་བ་གཅིག་མཁསཔ་སྦེ་འཐོནམལས་ གླུ་གཞས་དེ་ཚུ་ཡུདཔ་ཐེངས་ཅིག་ནང་གསར་རྩོམ་མཛད་གནང་ཚུགས་པས། དེ་མ་ཚད་གདངས་དབྱངས་ཚུ་ཡང་ ཧན་ཏོང་ཏོ་སྦེ་རྩམ་དོ་ཡོདཔ་ཨིན། རིག་གསར་ནང་ལུ་ གདངས་རིངམོ་སྦེ་འབད་མི་དང་ གདངས་སྟུམ་དྲགས་སྦེ་འབད་མི་ཅིག་དང་ཁག་གཉིས་སྦེ་ཡོདཔ་ཨིན་རུང་ དུས་ཀྱི་འགྱུར་བ་དང་འཁྲིལ་ཏེ་ སྟུམ་གླུ་ཟེར་གསརཔ་ཅིག་ཐོན་སྟེ་འདུག། འབྲུག་རྒྱལ་ཁབ་ནང་གླུ་གཞས་ག་ནི་བ་ཧན་ཏོང་ཏོ་སྦེ་ཡོད་མི་ལེ་ཤ་ར་ཡོདཔ་ཨིན་ནོ།།

ཁུངས་གཏུག།

[ཞུན་དག]
  1. ཀུན་བཟང་འཕྲིན་ལས། (༢༠༡༦) གླུ་དེབ་གཞོན་པའི་དགའ་སྟོན།
  2. ཡོངས་འབྲེལ། (༢༠༡༥) https://dzongkharadiobbs.wordpress.com
"https://dz.wikipedia.org/w/index.php?title=གླུ་གཞས་སྣ་ཚོགས།&oldid=31514" ལས་ སླར་འདྲེན་འབད་ཡོདཔ།