གྷེ་བྷོན


སའི་རྒྱ་ཚད་དང་ཆགས་ཡུལ།
གྷེ་བྷོན་འདི་ དབུས་ཨཕ་རི་ཀའི་ ནུབ་ཀྱི་མཚོའི་འགྲམ་ལུ་ཆགས་ཏེ་ཡོདཔ་དང་ ནུབ་བྱང་ཁ་ཐུག་ལུ་ ཨེ་ཀུ་ཊོ་རེལ་གི་ནི་ བྱང་ཁ་ཐུག་ལུ་ ཀེ་མ་རུན་ ཤར་དང་ནུབ་ཁ་ཐུག་ལུ་ རི་པབ་ལིཀ་ཨོཕ་ཀོང་གྷོ་ ནུབ་ཁ་ཐུག་ལུ་ ཨེཊ་ལཱན་ཊིག་རྒྱ་མཚོ་ཚུ་གིས་ མཐའ་བསྐོར་ཏེ་ཡོདཔ་ཨིན། རྒྱལ་ཁབ་འདི་གི་རྒྱ་ཚད་འདི་ ཨིས་ཀོ་ཡར་ཀི་ལོ་མི་ཊར་ ༢༦༧,༦༦༧ དེ་ཅིག་ཡོདཔ་ཨིན། གྷེ་བྷོན་ལུ་མངའ་སྡེ་དགུ་ཡོདཔ་ཨིན།
གྷེ་བྷོན་གྱི་སའི་ཆགས་ཚུལ་འདི་ མཚོའི་འགྲམ་བདའ་སྟེ་ ཐང་ཨ་ཙི་རེ་ཡོདཔ་དང་ རྒྱལ་ཁབ་ཀྱི་དབུས་ཕྱོགས་ལུ་ སྒང་ཏོ་ལེ་ཤ་ཡོདཔ་ཨིན། དེ་ལས་ རྒྱལ་ཁབ་ཀྱི་ཤར་དང་ལྷོ་ཁ་ཐུག་ལུ་ རྩྭ་ཐང་སྦེ་ཡོདཔ་ཨིན། དེ་ལས་གྷེ་བྷོན་གྱི་གནམ་གཤིས་འདི་ ཊོ་པི་ཀཱལ་གྱི་གནམ་གཤིས་ཟེར་མི་འདི་ཨིནམ་ལས་ ལོ་གཅིག་ར་ ཚ་དྲོད་ཆེ་བའི་ཁར་ རློན་གཤེར་ཅན་སྦེ་སྡོད་དོ་ཡོདཔ་ཨིན།
མི་རློབས།
སྤྱི་ལོ་༢༠༢༥ ལུ་ གྷེ་བྷོན་ལུ་ མི་རློབས་ས་ཡ་ ༢.༥༩ དེ་ཅིག་ཡོདཔ་ཨིན། མི་མང་ཤོས་ཅིག་ར་ སྐྱེས་ལོ་ ༡༥ འོག་རྒྱུ་འབད་མི་ཨིནམ་ལས་ རྒྱལ་ཁབ་འདི་གི་མི་རློབས་འདི་ གནམ་མེད་ས་མེད་གཞོནམ་སྦེ་བརྩི་དོ་ཡོདཔ་ཨིན། གྷེ་བྷོན་ལུ་ མི་རིགས་མ་འདྲཝ་ ༤༠ དེ་ཅིག་ཡོདཔ་དང་ འདི་ཚུ་གི་གྲལ་ལས་ རྒྱལ་ཁབ་ཀྱི་མི་རློབས་ཀྱི་བརྒྱ་ཆ་ ༣༢ དེ་ཅིག་ ཕེང་ཟེར་བའི་མི་རིགས་འདི་ཨིནམ་ལས་ མི་རིགས་འདི་ སྦོམ་ཤོས་ཅིག་ཨིན་པས། དེ་ལས་ ཁྱབ་ཆེ་བའི་མི་རིགས་གཞན་ཡང་ ཨེམ་པོང་ཝོ་ ཨོ་བཱམ་བ་ པུ་ནུ་ ལ་སོགས་པ་ཚུ་ཨིན་པས།
གཞུང་སྐྱོང་དང་སྲིད་དོན་ལམ་ལུགས།
གྷེ་བྷོན་གྱི་གཞུང་ལུགས་འདི་ སྲིད་འཛིན་གྱིས་དབང་བའི་མི་སེར་རྒྱལ་ཁབ་ཨིན། དེ་ཡང་ གྷེ་བྷོན་གྱི་སྲིད་འཛིན་འདི་ རྒྱལ་ཁམས་ཀྱི་དབུ་ཁྲིད་ཨིན་པའི་ཁར་ གཞུང་གི་དབུ་ཁྲིད་ཡང་ཨིན་པས། སྲིད་འཛིན་འདི་ ལོ་ངོ་བདུན་གྱི་གནས་ཡུན་ཁར་ མི་སེར་གྱིས་བཙག་འཐུ་འབད་དོ་ཡོདཔ་དང་ བློན་ཆེན་དང་གཞུང་གི་འཐུས་མི་གཞན་ཚུ་བསྐོ་བཞག་གནང་ནིའི་དབང་ཚད་ཡང་ སྲིད་འཛིན་ལུ་ཡོདཔ་ཨིན། ཁོང་གི་ཁྲིམས་བཟོ་ལྷན་སྡེ་འདི་ ཚོགས་ཁང་གཉིས་ལྡན་གྱི་སྤྱི་ཚོགས་ཨིན། འདི་ནང་ རྒྱལ་ཡོངས་ཚོགས་འདུ་དང་ སེ་ཎེཊ་ཟེར་ ཚོགས་ཁང་གཉིས་ཡོདཔ་ཨིན། ཁོང་གི་དྲང་ཁྲིམས་ལྷན་སྡེ་འདི་ རང་དབང་ཨིན་པའི་ཁར་ འདི་གི་གྲལ་ཁར་ མངོན་མཐོ་ཁྲིམས་འདུན་དང་ རྩ་ཁྲིམས་ཅན་གྱི་ཁྲིམས་འདུན་ཚུ་ཡང་ཚུདཔ་ཨིན།
ཆོས་དང་ལམ་སྲོལ།
གྷེ་བྷོན་ལུ་ མི་རིགས་མ་འདྲཝ་ལེ་ཤ་ཡོདཔ་ལས་ ལམ་སྲོལ་ཡང་འདྲ་མི་འདྲ་ལེ་ཤ་ཡོདཔ་ཨིན། དེ་འབདཝ་ལས་ གྷེ་བྷོན་འདི་ ལམ་སྲོལ་གྱིས་ཕྱུག་པོའི་རྒྱལ་ཁབ་ཅིག་ཨིན། ཁོང་གི་ལམ་སྲོལ་ནང་ སྔར་སྲོལ་གྱི་འབགཔ་འདི་གལ་ཅན་ཅིག་ཨིནམ་ལས་ འབགཔ་འདི་ གཉེན་སྟོན་དང་སྐྱེས་སྟོན་ དེ་ལས་ མེ་སྦྱང་དང་གཤིན་ཆོག་གི་སྐབས་ལུ་ལག་ལེན་འཐབ་ཨིན། གྷེ་བྷོན་གྱི་གཞུང་འབྲེལ་ཁ་སྐད་འདི་ ཕྲེནཆ་གི་ཁ་སྐད་ཨིནམ་དང་ མི་རློབས་བརྒྱ་ཆ་བརྒྱད་ཅུ་དེ་ཅིག་གིས་ ཕྲེནཆ་གི་ཁ་སྐད་འདི་སླབ་ཨིན། རྒྱལ་ཁབ་འདི་ནང་ ཆོས་དང་སྲིད་གཉིས་ཐ་དད་ཨིནམ་དང་ འདི་ནང་ ཆོས་ལུགས་ཡང་ མ་འདྲཝ་ལེ་ཤ་ཡོདཔ་ཨིན། ཁོང་གི་མི་རློབས་མང་ཆེ་ཤོས་ཅིག་ ཡེ་ཤུ་པའི་ཆོས་འབད་མི་ཨིནམ་ལས་ རྒྱལ་ཁབ་འདི་ནང་གི་མི་རློབས་བརྒྱ་ཆ་ ༨༠.༢ དེ་ཅིག་ ཡེ་ཤུ་པ་ ཨིན་པས། དེ་ལས་ རྒྱལ་ཁབ་ཀྱི་མི་རློབས་བརྒྱ་ཆ་ ༡༠.༨ དེ་ཅིག་ ཨིས་ལམ་ཟེར་ ཁ་ཆེའི་ཆོས་ལུགས་འབད་མི་ཡང་ཡོདཔ་ཨིན། དེ་མ་ཚད་ སྔར་སྲོལ་རང་ལུགས་ཡིད་མོས་ཀྱི་ཆོས་ལུགས་ཚུ་ཡང་ཡོདཔ་ཨིན།
དཔལ་འབྱོར་དང་ཚོང་འབྲེལ།
གྷེ་བྷོན་གྱི་དཔལ་འབྱོར་འདི་ གཞུང་སྒེར་མཉམ་འབྲེལ་གྱི་དཔལ་འབྱོར་ཨིནམ་དང་ ཤུགས་ཆེ་ཤོས་ཅིག་ རང་བཞིན་ཐོན་སྐྱེད་ལུ་གཞི་བརྟེན་དོ་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་ རྡོ་སྣུམ་དང་ལྕགས་ནག་ དེ་ལས་ ཤིང་ཆ་ཚུ་འབོལ་དྲགས་སྦེ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་ནང་འཁོད་ཐོན་སྐྱེད་ཡོངས་འབོར་གྱི་བརྒྱ་ཆ་ ༥༠ དེ་ཅིག་ ས་སྣུམ་དང་རྡོ་སྣུམ་ལས་སྡེ་གིས་ཕན་གྲོགས་འབད་དོ་ཡོདཔ་དང་ རྒྱལ་ཁབ་འདི་གི་ཕྱིར་ཚོང་བརྒྱ་ཆ་ ༨༠ དེ་ཅིག་ ས་སྣུམ་དང་རྡོ་སྣུམ་གྱི་རིགས་ཚུ་ཨིན་པས། རྒྱལ་ཁབ་འདི་ནང་ རང་བཞིན་ཐོན་སྐྱེད་ཚུ་འབོལ་དྲགས་སྦེ་ཡོད་དེ་འབད་རུང་ ཐོན་སྐྱེད་འདི་ཚུ་ ཡུན་བརྟན་དང་འདྲ་མཉམ་གོང་འཕེལ་གྱི་དོན་ལུ་ལག་ལེན་འཐབ་མ་ཚུགས་པའི་གདོང་ལེན་བྱུང་དོ་ཡོདཔ་ཨིན། སྤྱི་ལོ་ ༢༠༢༤ ལུ་ ཁོང་གི་ནང་འཁོད་ཐོན་སྐྱེད་ཡོངས་འབོར་འདི་ ཡུ་ཨེས་ཌོ་ལར་ཐེར་འབུམ་ ༢༡.༠༡༣ ཨིན་པའི་ཚོད་རྩིས་བཏོན་ཏེ་འདུག། ཁོང་གིས་ཕྱིར་ཚོང་མངམ་སྦེ་འབད་སའི་རྒྱལ་ཁབ་ཚུ་ཡང་ རྒྱ་ནག་དང་ སཱའུཐ་ཀོ་རི་ཡ་ ཨི་ཊ་ལི་གི་རྒྱལ་ཁབ་ཚུ་ཨིན་པས། ཁོང་གི་དཔལ་འབྱོར་འདི་གཞི་སྒྱུར་འབད་ནི་དང་ མི་མང་དངུལ་འབྲེལ་འཛིན་སྐྱོང་གི་ལམ་ལུགས་ཚུ་ཡར་དྲག་བཏང་ནིའི་དོན་ལུ་ ལཱ་ཚུ་འབད་བའི་བསྒང་ར་ཡོདཔ་ཨིན།
རྒྱལ་ས་ལྟེ་བ་ - ལི་བྷྲ་བིལ།
ལི་བྷྲ་བིལ་འདི་ གྷེ་བྷོན་གྱི་རྒྱལ་ས་ཨིན། ལི་བྷྲ་བིལ་འདི་གྷེ་བྷོན་གྱི་ཁྲོམ་ཚོགས་སྦོམ་ཤོས་ཨིནམ་དང་ ཁྲོམ་ཚོགས་འདི་ གྷེ་བྷོན་ཆུ་གི་བྱང་ཁ་ཐུག་ལུ་ཆགས་ཏེ་ཡོདཔ་ཨིན། ཁྲོམ་འདི་ རྒྱ་ཚད་ཨིས་ཀོ་ཡར་ཀི་ལོ་མི་ཊར་ ༦༥ དེ་ཅིག་ཡོདཔ་དང་ འདི་ནང་ མི་རློབས་འབུམ་ ༨ ལྷག་ཙམ་ཅིག་ཡོདཔ་ཨིན། ལི་བྷྲ་བིལ་གྱི་བྱུང་རབས་ཡ་མཚན་ཆེ་ཏོག་ཏོ་ཡོད་པའི་ཁར་ ལམ་སྲོལ་ཡང་འདྲ་མི་འདྲ་སྦེ་ཡོདཔ་ལས་ ཁྲོམ་འདི་ ཉམས་དགའ་བའི་ཁྲོམ་ཚོགས་གཅིག་སྦེ་ཆ་བཞགཔ་ཨིན། ལི་བྷྲ་བིལ་འདི་ སྤྱི་ལོ་ ༡༩༦༠ ལུ་ གྷེ་བྷོན་གྱི་རྒྱལ་ས་སྦེ་ངོས་འཛིན་འབད་ཡོདཔ་ཨིན། དེ་ཡང་ གྷེ་བྷོན་འདི་ ཕྲནས་ལས་ རང་དབང་ཐོབ་པའི་ལོ་འདི་ནང་ཨིན་པས།
གནམ་གཤིས་ཀྱི་ཐད་ཁར་ ཁྲོམ་ཚོགས་འདི་ནང་ སྤྱི་ཟླ་ ༡༠ པ་ལས་ ༥ པ་ཚུན་ ཆརཔ་རྐྱབ་དོ་ཡོདཔ་དང་ སྤྱི་ཟླ་ ༦ པ་ལས་ ༩ པ་ཚུན་ སྐམ་ཀྲོག་ཀྲོ་སྦེ་སྡོད་དོ་ཡོདཔ་ཨིན། དཔྱ་སྙོམས་ལུ་ ཁྲོམ་འདི་གི་བསིལ་དྲོད་ཀྱི་ཚད་འདི་ ཌིག་རི་སེལ་ཤེས་ ༢༦ ཨིན་པས། གྷེ་བྷོན་གྱི་མི་རློབས་ལས་ མི་རློབས་གསུམ་དཔྱ་གཅིག་དེ་ཅིག་ ཁྲོམ་ཚོགས་འདི་ནང་སྡོདཔ་ཨིན། འདི་གུ་ ལི་བྷྲ་བིལ་འདི་ གྷེ་བྷོན་གྱི་ སྲིད་དོན་དང་བདག་སྐྱོང་གི་ལྟེ་བ་ཡང་ཨིན་པས། ཁྲོམ་འདི་ རྒྱལ་ཁབ་འདི་གི་གཞུང་ལྟེ་བའི་གདན་ས་ཨིནམ་ལས་ འདི་ཁར་ སྲིད་འཛིན་གྱི་ཕོ་བྲང་དང་ རྒྱལ་ཡོངས་ཚོགས་འདུ་ དེ་ལས་ གཞུང་གི་ལྷན་ཁག་གཞན་ཚུ་ཡང་ཆགས་ཏེ་ཡོདཔ་ཨིན། ཁྲོམ་ཚོགས་འདི་ ཁྲོམ་སྡེ་ཚོགས་སྡེ་དང་ཁྲོམ་དཔོན་གྱིས་འཛིན་སྐྱོང་འབད་དོ་ཡོདཔ་དང་ ཁྲོམ་ཚོགས་ཀྱི་འཆར་གཞི་ མི་མང་ཞབས་ཏོག་ མི་སྡེ་གོང་འཕེལ་ ལ་སོགས་པའི་གནད་དོན་ཚུ་གུ་གྲོས་ཐག་གཅད་པའི་སྐབས་ ཁྲོམ་སྡེ་ཚོགས་སྡེ་གིས་ ཐག་གཅད་དོ་ཡོདཔ་ཨིན། ཚོགས་སྡེ་གི་འཐུས་མི་ཚུ་ ཁྲོམ་སྡེ་འདི་ནང་སྡོད་མི་ཚུ་གིས་ ས་གནས་ཀྱི་བཙག་འཐུའི་ཐོག་ལས་ བཙག་འཐུ་འབད་དོ་ཡོདཔ་ཨིན། བཙག་འཐུ་ལས་གྲུབ་པའི་ཁྲོམ་དཔོན་འདི་གིས་ ཚོགས་སྡེའི་གྲོས་ཆོད་ཚུ་བསྟར་སྤྱོད་འབདཝ་མ་ཚད་ ཁྲོམ་འདི་གི་ཉིན་ལྟར་གྱི་བྱ་སྒོ་ཚུ་ཡང་ ཁོ་གིས་འཐབ་ཨིན་པས།
ལི་བྷྲ་བིལ་འདི་ གྷེ་བྷོན་གྱི་དཔལ་འབྱོར་ལུ་ཕན་གྲོགས་སྦོམ་སྦེ་འབད་མི་ དཔལ་འབྱོར་གྱི་ལྟེ་བ་ཅིག་ཨིན། ཁྲོམ་ཚོགས་འདི་ནང་ རྒྱལ་སྤྱིའི་ཚོང་སྡེ་དང་ དངུལ་འབྲེལ་གཙུག་སྡེ་ དེ་ལས་ བཟོ་གྲྭ་འཕྲུལ་ཁང་སྦོམ་ཚུ་ཡང་ཆགས་ཏེ་ཡོདཔ་ཨིན། ལི་བྷྲ་བིལ་གྱི་གྲུ་ཆགས་སའི་ས་སྒོ་འདི་ ཁྲོམ་འདི་གི་བདོག་གཏད་གཙོ་བོ་ཅིག་སྦེ་བརྩི་དོ་ཡོད་མི་འདི་ཡང་ ས་སྒོ་འདི་ཁ་ལས་རྒྱལ་ཁབ་གཞན་ཁར་ ཅ་ཆས་ཚུ་ཕྱིར་ཚོང་འབད་ནི་ལུ་ལྷན་ཐབས་སྦོམ་སྦེ་འབད་དོ་ཡོདཔ་ཨིན། ཁྲོམ་ཚོགས་འདི་ནང་ ཤིང་དྲ་འཕྲུལ་ཁང་ སྦྱར་ལེབ་དང་གོ་ལ་བཟོ་ས་ ཆང་བཟོ་ཁང་དང་ གྲུ་ཆེན་བཟོ་ས་ ལ་སོགས་པའི་བཟོ་གྲྭ་འཕྲུལ་ཁང་ཚུ་ཡོདཔ་ཨིན་པས། ཤེས་རིག་གི་ཐད་ཁར་ ཁྲོམ་ཚོགས་འདི་ནང་ ཡོངས་གྲགས་ཅན་གྱི་ཤེས་རིག་དང་ཞིབ་འཚོལ་གྱི་གཙུག་སྡེ་ལེ་ཤ་ཡོདཔ་ཨིན་པས། དཔེར་ན་ སྤྱི་ལོ་ ༡༩༧༠ ལུ་གཞི་བཙུགས་འབད་ཡོད་མི་ ཨོ་མཱར་བོང་གོ་གཙུག་ལག་སློབ་སྡེ་འདི་ རྒྱལ་ཁབ་འདི་ནང་ གཙུག་ལག་སློབ་སྡེ་དྲག་ཤོས་གཅིག་ཨིན་པས། དེ་བཟུམ་སྦེ་ ཁྲོམ་ཚོགས་འདི་ནང་ སོ་ནམ་དང་སྒོ་ནོར་ ས་གཏེར་དང་ནགས་ཚལ་ ལ་སོགས་པའི་གནད་དོན་གུ་ ཞིབ་འཚོལ་འབད་སའི་གཙུག་སྡེ་ཚུ་ཡང་ཡོདཔ་ཨིན། གཙུག་སྡེ་འདི་ཚུ་གིས་ རྒྱལ་ཁབ་འདི་ནང་ རིག་པ་དང་གསར་བཏོད་གོང་འཕེལ་བཏང་ནི་ལུ་ལྷན་ཐབས་འབད་དོ་ཡོདཔ་ཨིན།
དེ་བཟུམ་སྦེ་ ཁྲོམ་འདི་ནང་ མཁའ་འགྲུལ་ སྣུམ་འཁོར་ལམ་ གྲུ་ཆགས་ས་ ལ་སོགས་པའི་ མི་མང་སྐྱེལ་འདྲེན་གྱི་ཞབས་ཏོག་ཚུ་ ཐདམ་ཐད་ཁ་ལས་ཕར་ མཐུད་སྦྲེལ་འབད་དེ་ཡོདཔ་ལས་ སྟབས་བདེ་ཏོག་ཏོ་ཡོདཔ་ཨིན་པས། དེ་དང་འདྲཝ་སྦེ་ ཁྲོམ་ཚོགས་འདི་ནང་ མཛེས་ཆ་ལྡན་པའི་མཚོ་མཐའ་དང་ ལམ་སྲོལ་ས་ཁོངས་ དེ་ལས་ དེང་སང་གི་མཐུན་རྐྱེན་ཚུ་ག་ཅི་ཡང་ཚངམ་སྦེ་ཡོདཔ་ལས་ ལྟ་བཤལ་པ་ཚུ་འབོར་ཆེ་དྲགས་སྦེ་འོང་དོ་ཡོདཔ་ཨིན།
ཨིན་རུང་ ཁྲོམ་ཚོགས་འདི་འགྱུར་བ་མགྱོགས་དྲགས་སྦེ་འགྱོ་ནི་ མི་སྡེ་གོང་འཕེལ་ཚུ་འདྲ་མཉམ་སྦེ་བཏང་མ་ཚུགསཔ་ ལ་སོགས་པའི་གདོང་ལེན་ཚུ་བྱུང་དོ་ཡོདཔ་ཨིན། དེ་ཡང་ ཁྲོམ་ཚོགས་ཀྱི་མི་རློབས་མགྱོགས་དྲགས་སྦེ་ཡར་སེང་འགྱོ་མི་ལས་བརྟེན་ སྡོད་ཁྱིམ་མ་ལང་པའི་དཀའ་ངལ་ཐོན་དོ་ཡོདཔ་དང་ སྐྱེལ་འདྲེན་དང་མི་མང་ཞབས་ཏོག་ལེགས་ཤོམ་སྦེ་བྱིན་ནི་ལུ་ཡང་ཐོ་ཕོག་དོ་ཡོདཔ་ཨིན། ཨིན་རུང་ དཀའ་ངལ་འདི་ཚུ་བསལ་ནིའི་དོན་ལུ་ གཞུང་དང་སྒེར་སྡེ་ དེ་ལས་ མི་སྡེ་ཞི་བའི་ལས་ཚོགས་ཚུ་མཉམ་འབྲེལ་གྱི་ཐོག་ལས་ ལཱ་ཚུ་འབད་བའི་བསྒང་ར་ཡོདཔ་ཨིན།
དེ་འབདཝ་ལས་ བཅུད་བསྡུ་བ་ཅིན་ ལི་བྷྲ་བིལ་གྱི་ཁྲོམ་ཚོགས་ནང་ དཀའ་ངལ་དང་གདོང་ལེན་དུམ་གྲ་རེ་ཡོདཔ་ཨིན་རུང་ སྤྱིར་བཏང་ལུ་ ག་ཅི་གི་ཐད་ལས་འབད་རུང་ སྟབས་བདེ་ཏོག་ཏོ་སྦེ་ཡོདཔ་ལས་ ཁྲོམ་ཚོགས་འདི་ ལུང་ཕྱོགས་འདི་ནང་གལ་གནད་ཆེ་བའི་ཁྲོམ་ཚོགས་གཅིག་ཨིན།
རྒྱབ་རྟེན་དཔེ་ཐོ།
- https://en.wikipedia.org/wiki/Economy_of_Gabon
- https://www.worldbank.org/en/country/gabon/overview
- https://discover-afrika.com/culture-languages-religions/
- https://en.wikipedia.org/wiki/Religion_in_Gabon
- https://en.wikipedia.org/wiki/Demographics_of_Gabon
- https://worldpopulationreview.com/countries/gabon
- https://www.worldatlas.com/articles/what-is-the-ethnic-composition-of-gabon.html
- https://en.wikipedia.org/wiki/Politics_of_Gabon
- https://en.wikipedia.org/wiki/Geography_of_Gabon
- https://en.wikipedia.org/wiki/Libreville
- https://www.britannica.com/place/Libreville
- https://www.macrotrends.net/global-metrics/cities/21006/libreville/population