ངན་པ་དགུ་འཛོམས། Meeting of Nine Evils

Wikipedia ལས།

༉ ངན་པ་དགུ་འཛོམས་འདི་འབྲུག་ཟླ་བཅུ་གཅིག་པའི་ཚེས་བདུན་ལུ་ཕོགཔ་ཨིན། འབྲུག་གི་ཟླ་ཐོ་ནང་ལུ་ འ་ནཱི་ཉིནམ་འདི་གནམ་མེད་ས་མེད་རྟེན་འབྲེལ་ངན་པ་ཅིག་སྦེ་བརྩི་དགོ་མི་འདི་ཡང་ ཉིནམ་དེ་ཁར་ངན་པ་དགུ་འཛོམས་ཨིན་ཟེར་བཤད་སྲོལ་ཡོད་ནི་དེ་གིས་ཨིན། ཉིནམ་འདི་ཁར་ཧེ་མ་འབྲུག་གཞུང་གིས་ཡིག་ཚང་ཚུ་ངལ་གསོ་སྦེ་བཞག་གནང་ཡོད་རུང་ སྤྱི་ལོ་ ༢༠༠༧ ལས་ འཕྲོ་བཅད་བཞག་ཡོདཔ་ཨིན། ཨིན་རུང་ཡང་ཉིནམ་དེ་ཁར་སྤྱིར་བཏང་གི་ལཱ་ཚུ་དང་ ཕམ་སྤུན་དང་གཉེན་ཉེ་འཁོར་ དེ་ལས་ལྟ་ལྟོ་ཚང་དང་འཁམ་མཐུནམ་ཚུ་གཅིག་ཁར་འཛོམས་ཞིན་ན་ ཇ་ཆང་དང་ཤའི་རིགས་ཀྱི་ཚོདམོ་ལྷམ་པ་མ་འདྲཝ་ཚུ་ཆོག་སྒྲིག་བཀལ་ཏེ་ ལ་ལུ་གཅིག་མདའ་རྩེད་དང་ ལ་ལུ་གཅིག་རྡོས་སྒོར་དེ་ལས་ཁུ་རུ་ཚུ་གི་རྩེདམོ་རྩེད་དེ་དགའ་སྤྲོ་སྟོན་སྡོདཔ་མ་གཏོགས་དགེ་བའི་ལཱ་ཚུ་ཡང་གནམ་མེད་ས་མེད་ཅིག་འབད་ནི་མེདཔ་ཨིན། ཉིནམ་དེ་ཁར་དགེ་བའི་ལཱ་མ་འབད་མི་འདི་ མི་དགེ་བའི་ནུས་པ་འདི་ཤུགས་ཆེ་ནི་དེ་གིས་ཨིན་མས།

ལོ་རྒྱུས་གཅིག་ལས་འབད་བ་ཅིན་ ངན་པ་དགུ་འཛོམས་ཀྱི་ཉིནམ་འདི་ ཞག་རིང་ཤོས་ཨིན་མི་གི་ཉིནམ་ནང་ལུ་ཕོགཔ་ཨིན་མི་དེ་ཡང་ ཟླ་ཐོ་གི་གནམ་རིག་གི་རྩིས་ཀྱི་ལམ་ལུགས་ལྟར་དུ་ཨིན། ངན་པ་དགུ་འཛོམས་ཀྱི་ཉིནམ་འདི་ འཛམ་གླིང་གི་གནོད་སེམས་ཅན་གྱི་ས་བདག་ཉི་མ་གནག་ཆེན་དང་གཞན་གནོད་སེམས་ཅན་གྱི་ས་བདག་བརྒྱད་ཀྱི་དུས་ཚོད་ཨིན་ཟེར་སླབ་ཨིན་མས། འ་ནཱི་གནོད་སེམས་ཅན་གྱི་ས་བདག་ཚུ་ཡང་ དང་ཕུའི་དུས་ལུ་རྒྱ་ནག་ལས་བྱུང་ཡོད་པའི་ལོ་རྒྱས་ཚུ་བཤད་ནི་འདུག། ཨིན་རུང་གཏམ་རྒྱུད་གཞན་མི་གཅིག་གིས་ ངན་པ་དགུ་འཛོམས་འདི་ཧེ་མ་མི་དང་སེམས་ཅན་ཚུ་འཛམ་གླིང་འདི་ནང་འགོ་དང་པ་ཆགསཔ་ད་ར་ བྱུང་ཡོད་པའི་ལོ་རྒྱུས་འདུག། དེ་ཡང་འཛམ་གླིང་གི་ས་བདག་ཡ་བདུད་རྡོ་རྗེ་དང་ཁོ་རའི་ཨམ་སྲུ་ས་སྲིན་བཱར་མ་གཉིས་ལུ་ བུ་རཱ་ཧུ་ལའམ་ ཉི་མ་ནག་ཆེན་དང་ བུམོ་འབྲོག་སྲིན་ཆུ་སྲིན་གདོང་ཅན་ སྟག་སྲིན་ཟོར་བའི་གདོང་ཅན་ ཀོང་སྲིན་བ་གླང་གདོང་ཅན་ བམ་སྲིན་འདྲེའི་གདོང་ཅན་ཟེར་ ཨ་ལུ་ ༥ སྡོད་ནུག།

ཨ་ལུ་ཆ་ཁྱབ་ཆུང་ཀུ་བསྒང་ལས་ར་སོ་སོ་ཁ་བྱལ་འགྱོ་དགོཔ་ཐོནམ་ལས་ བུཚ་རཱ་ཧུ་ལ་གིས་ རི་རབ་གཡས་བསྐོར་དང་ བུམོ་བམ་སྲིན་འདྲེའི་གདོང་ཅན་གྱིས་ གཡོན་བསྐོར་རྐྱབ་སྟེ་འགྱོ་ཡོདཔ་ད་ ལོ་ལེ་ཤ་ཅིག་གི་ཤུལ་ལས་ རང་ཟླ་ ༡༡ པའི་ཚེས་ ༧ ལུ་ ཕྱད་པའི་སྐབས་ལུ་ ཁོང་གཉིས་ཆུང་ཀུ་བསྒང་ལས་ར་ཁ་བྱལ་འགྱོ་བའི་རྐྱེན་གྱིས་ གཅིག་གིས་གཅིག་ངོ་མ་ཤེས་པར་ནང་ཚན་འདོད་སྦྱོར་གྱི་འབྲེལ་བ་འདི་ འ་ནཱི་ཟླཝ་བཅུ་གཅིག་པའི་ཚེས་བདུན་གྱི་ཉིནམ་ལུ་ཕོག་ནི་དེ་གིས་ ཉིནམ་དེ་ཁར་ཁོང་གཉིས་ཀྱི་ནང་ཚན་འདོད་སྦྱོར་བ་གི་འབྲེལ་མཐུན་གྱིས་ འཛམ་གླིང་གི་ཁམས་འདི་ལུ་བཙོག་གྲིབ་ཞུགས་ཏེ་འཛམ་གླིང་འདི་འཁྲུགས་ཏེ་རྐྱེན་ངན་སྦོམ་ལེ་ཤ་བྱུང་ནུག། ཉིནམ་དེ་ཁར་ངན་པ་འདི་གྱངས་ཁ་དགུ་འཛོམས་ཨིན་ཟེརཝ་ད་ལུ་ དེགི་སྐབས་ལུ་གྱངས་ཁ་དགུ་འདི་ངན་པ་གནམ་མེད་ས་མེད་སྦོམ་བྱུང་ནི་དེ་གིས་ དོན་གྱི་དབང་ལུ་བཏང་སྟེ་གོ་བ་ལེན་དགོཔ་ཨིནམ་སྦེ་བཤདཔ་ཨིན་མས། དེ་ཡང་ཧེ་མའི་བོད་ཀྱི་བཤད་ལུགས་ནང་ལུ་ གྱངས་ཁ་དགུ་འདི་གྱངས་ལེ་ཤ་གི་དོན་ལུ་ལག་ལེན་འཐབ་དོ་ཡོདཔ་ཨིན་པའི་རྒྱུ་མཚན་ཡང་བཀོདཔ་ཨིན་མས།

སྤྱི་ལོ་ ༢༠༡༧ ལུ་ཕུརཔ་རྡོ་རྗེ་དབང་གིས་ཕེསི་བྷུག་ནང་ལུ་བཀོད་མི་ནང་ བདུད་བཟའ་གྲོགས་གཉིས་ཕ་རྡོ་རྗེ་ལོག་ཕྲེང་དང་མ་ སཱ་སིན་བཱར་མ་གཉིས་ལུ་བུ་གཅིག་དང་བུམོ་བཞི་ཡོདཔ་ཨིན་མས། ཚར་གཅིག་ཁོང་སྤྱུན་ཆ་ཆ་ཁྱབ་རིའི་རྒྱལ་པོ་རི་རབས་སྐོར་ར་རྐྱབ་པར་སོང་སྟེ་ རི་འདི་སྐོར་ར་རྐྱབ་སྟེ་ཧ་ལམ་བར་ན་ལྷོདཔ་ད་ ཁོང་ཆ་ཁྱབ་ཀྱིས་ལམ་སོ་སོ་གདམ་ཁ་རྐྱབ་སྟེ་སོ་སོ་ཁ་བྱལ་ཡར་སོ་ནུག། ལོ་ངོ་མང་རབས་ཅིག་ཤུལ་ལས་ རཱ་ཧུ་ལ་གི་ཁོ་རའི་ཨ་ཞེམོ་སྦོམ་ཤོས་བྲོག་སེང་དང་གཅིག་ཁར་ ཟླ་བཅུ་གཅིག་པའི་ཚེས་བདུན་ངན་པའི་ཉིནམ་ལུ་འགོ་དང་པ་དང་ཕྱདཔ་ད་ངོ་མ་ཤེས་པར་ ནང་ཚན་འདོད་སྦྱོར་འབད་ནི་དེ་གིས་ ངན་པ་དགུ་འཛོམས་ཀྱི་ཉིནམ་ལུ་འགྱུར་ཡོདཔ་ཨིན་མས། (ཕུརཔ་རྡོ་རྗེ་དབང་། གནམ་ལོ་མེད། སྤྱི་ལོ་ ༢༠༡༧)

ངན་པ་དགུ་འཛོམས་ཀྱི་ཉིནམ་བརྩི་སྲུང་།

ངན་པ་དགུ་འཛོམས་ཀྱི་ཉིནམ་འདི་ལུ་དགེ་བ་ལས་སྡིག་པ་འདི་ཤུགས་ཆེ་བའི་རྐྱེན་གྱིས་ མི་ཚུ་གིས་དགེ་བ་དང་སྡིག་པ་ག་ཅི་ཡང་འབད་ནི་གི་གདམ་ཁ་མ་རྐྱབ་པར་ ཁྱིམ་ནང་ངལ་འཚོ་སྟེ་སྡོདཔ་ཨིན། ཨིན་རུང་ཡང་ངན་པ་དགུ་འཛོམས་ཀྱི་ཉིནམ་དེ་ཁར་འབད་མ་བཏུབ་འདི་ཡང་ རྟེན་གསུང་གསརཔ་བཞེངས་ནི། རབ་གནས་འབད་ནི། གཡུས་ཁའི་ལྷ་སྲུང་མཆོད་ནི། སངས་རྒྱས་ཀྱི་གསུང་རབ་ལྷག་ནི། དཔེ་ཆ་ལྷབ་ནི། ཅ་ལ་རྩིས་སྤྲོད་ལེན་འབད་ནི། དཔེ་ཆ་སྟོན་ནི། གོ་གནས་གསརཔ་བསྐོ་བཞག་འབད་ནི། ཁྱིམ་སྤོ་ནི། ཁྱིམ་གསརཔ་ནང་འཛུལ་ནི། ལཱ་གསརཔ་འགོ་བཙུགས་ནི། གཉེན་རྐྱབ་ནི། རྟེན་འབྲེལ་བརྩི་ནི། ཐག་རིང་སར་འགྲོ་འགྲུལ་འབད་ནི་དང་ས་བཙོང་ནི་ཚུ་ལས་འཛེམ་དགོཔ་ཨིན་མས། ཉིནམ་དེ་ཁར་འབྲུག་མི་ཚུ་གིས་ག་ར་གཅིག་ཁར་འཛོམས་ཏེ་ བུཚ་ཚུ་གིས་རྩེདམོ་རྩེ་ཨམ་སྲུ་ཚུ་གིས་ཞབས་ཁྲ་དང་བཞེས་སྒོ་ཚུ་འབད་དེ་སྤྲོ་བ་སྟོནམ་ཨིན། ངན་པ་དགུ་འཛོམས་ཀྱི་ཉིནམ་འདི་གནག་ཆེན་བརྩི་རུང་ ཧེ་མ་གི་དཔེ་གཏམ་ “ངན་པ་ག་ཏེ་ཡོད་ས་ལུ་བཟང་པོ་འཁོར།” ཟེར་སླབ་སྲོལ་ཡོད་དོ་བཟུམ་སྦེ་ ཉིནམ་འདི་གི་ངན་པ་ཤུགས་ཅན་འདི་ནུས་མེད་བཟོ་ནི་དོན་ལུ་ བཟང་པོ་བཅུ་འཛོམས་ཀྱི་ཉིནམ་ཡང་འདི་གི་ཤུལ་ལས་ར་འཁོརཝ་ཨིན་མས། (ཡེ་ཤེས་སྟོབས་རྒྱལ། གནམ་ལོ་མེད། སྤྱི་ལོ་ ༢༠༢༡)

ཤར་ཕྱོགས་ཁ་ཐུག་ལུ་ངན་པ་དགུ་འཛོམས་འདི་དུས་སྟོན་སྦོམ་གཅིག་བཟུམ་ར་བརྩི་སྲུང་ཞུཝ་ཨིན། ཉིནམ་དེ་ཁར་ལུ་ཇ་ཆང་དང་ལྟོ་དང་སྤགས་ཀྱི་ཆོག་སྒྲིག་བཀལ་ཏེ་ ཕོ་སྐྱེས་ཚུ་མདའ་དང་རྡོས་སྒོར་དེ་ལས་ཁུ་རུ་ཚུ་གི་རྩེདམོ་ཉིནམ་གཅིག་རྩེ་ཞིན་ན་ ཕྱི་རུ་ཁྱིམ་གཅིག་ལས་གཅིག་ཁར་ཞབས་ཁྲ་འཐེན་ཏེ་ ལྟོ་ཟ་ཆང་འཐུང་སྟེ་དགའ་སྤྲོ་སྦོམ་སྦེ་འགྱུརཝ་ཨིན་རུང་ སྤྱི་ལོ་ ༢༠༠༧ ལས་ གཞུང་གིས་ངན་པ་དགུ་འཛོམས་འདི་གཞུང་གི་ངལ་གསོའི་ཐོ་ནང་ལས་བཏོན་བཏང་ཞིནམ་ལས་ ང་བཅས་རའི་རྒྱལ་ཁབ་ཀྱི་མི་སེར་ཚུའི་སྤྲོ་བ་དེ་ཅིག་ར་མ་མཐོང་ཟེར་བཤད་དོ་ཡོདཔ་ཨིན། (འབྲུང་རྒྱང་བསྒྲགས། ༢༠༡༤)

ཨིན་རུང་ང་བཅས་རའི་རྒྱལ་ཁབ་ནང་ལུ་དེ་བཟུམ་བརྩི་སྲུང་ཡོད་པའི་ལམ་སྲོལ་ཚུ་ཡང་ མགྱོགས་དྲགས་སྦེ་ཉམས་འགྱོ་དོ་ཡོདཔ་ཨིན། དེ་ཡང་ངན་པ་དགུ་འཛོམས་ཀྱི་བརྩི་སྲུང་བཟུམ་སྦེ་ ཧེ་མ་ངབཅས་རའི་གཞུང་གི་ཁ་ཐུག་ལས་ངན་པ་དགུ་འཛོམས་འདི་ དུས་སྟོན་ཅིག་ངོས་འཛིན་འབད་དེ་ ཡིག་ཚང་ག་ར་ལུ་ངལ་གསོ་གནང་སྟེ་དགའ་སྤྲོ་སྟོན་བཅུག་དོ་ཡོདཔ་ཨིན། ཨིན་རུང་ཉིནམ་དེ་གིས་ ཕམ་སྤུན་དང་འཆམ་མཐུནམ་ཚུ་དང་ཕྱད་དེ་དགའ་སྤྲོ་སྟོན་ནི་གི་གོ་སྐབས་བྱིན་དོ་ཡོདཔ་ཨིན། ཨིན་རུང་ཡང་ཉིནམ་དེ་ཁར་ངན་པ་ཨིན་ཟེར་མནོ་བསམ་བཏང་སྟེ་ ང་བཅས་རའི་ནང་པའི་ལྟ་བ་ལས་བརྒལ་བའི་སྡིག་པའི་ལཱ་ཚུ་འབད་ནི་གི་གོ་སྐབས་བཟུམ་ཅིག་མནོ་བསམ་བཏང་སྟེ་ གོ་བ་ཕྱི་འགྱུར་མི་ལེན་ནི་འདི་ཡང་ཤིན་ཏུ་ནས་གལ་ཆེ་ནི་མས། (མཎ་ཌ་ལ། གནམ་ལོ་མེད། སྤྱི་ལོ་མེད།)

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

༡. ཡེ་ཤེས་མཚོ་རྒྱལ། འབྲུག་གི་ཟླ་ཐོ་ནང་ལུ་ངན་པ་དགུ་འཛོམས་འདི་གནམ་མེད་ས་མེད་ཉིནམ་གནག་ཆེན་ཨིན། གནམ་ལོ་མེད། སྤྱི་ལོ་ ༢༠༢༡། ཡོངས་འབྲེལ་ཁ་བྱང་། https://www.dailybhutan.com/article/ngenpa-gudzom-is-the-most-inauspicious-day-on-the-bhutanese-calendar

༢. མཎ་ཌ་ལ། ངན་པ་དགུ་འཛོམས་འདི་ངན་པ་དགུ་འཛོམས་པའི་ཉིནམ་ཨིན། གནམ་ལོ་མེད། སྤྱི་ལོ་ ༢༠༢༡། ཡོངས་འབྲེལ་ཁ་བྱང་། https://texts.mandala.library.virginia.edu/text/ngenpa-gudzom-day-nine-evils

༣. འབྲུག་རྒྱང་བསྒྲགས། འབྲུག་མི་མང་ཤོས་ཀྱི་ངན་པ་དགུ་འཛོམས་བརྩི་སྲོལ་ཡོདཔ། གནམ་ལོ་མེད། སྤྱི་ལོ་ ༢༠༡༤། ཡོངས་འབྲེལ་ཁ་བྱང་།  http://www.bbs.bt/news/?p=47598

༤. ཕུརཔ་རྡོ་རྗེ་དབང་། ནངས་པ་ངན་པ་དགུ་འཛོམས་ཀྱི་ཉིནམ་ཨིན། གནམ་ལོ་མེད། སྤྱི་ལོ་ ༢༠༡༧། ཕེསི་བྷུག། ཡོངས་འབྲེལ་ཁ་བྱང་། https://www.facebook.com/search/top/?q=Meeting%20of%20Nine%20Evils%20day