ཆིབས་གྲལ་གྱི་རིམ་པ། Chibdrel, Procession Ceremony

Wikipedia ལས།
ཆིབས་གྲལ།

༉ ཆིབས་གྲལ་འདི་དཔལ་ལྡན་འབྲུག་པའི་ལམ་སྲོལ་གྱི་ནང་ལུ་གཙོ་བོ་ཅིག་ཨིན། དེ་ཡང་དཔལ་ལྡན་འབྲུག་པའི་ལམ་སྲོལ་ནང་ལུ་རྟེན་འབྲེལ་བརྩི་སྲུང་གི་སྐབས་ལུ་ གསེར་སྦྲེང་དང་ཆིབས་གྲལ་གྱི་བསུ་བ་འབད་དགོ་པའི་གནད་དོན་འདི་ཡང་ ང་བཅས་རའི་འབྲུག་གི་རྒྱལ་ཁབ་འདི་ནང་པའི་བསྟན་པ་ལུ་གཙོ་བོར་བཏོན་མི་ཅིག་འབད་ནི་དེ་གིས་ཨིན་མས། དེ་ཡང་བདག་ཅག་གི་སྟོན་པ་རྣམ་འདྲེན་རྒྱལ་བ་ཤཱཀྱ་ཐུབ་པ་མཆོག་ ལྷ་ཡུལ་སུམ་ཅུ་རྩ་གསུམ་དང་དགའ་ལྡན་ལུ་བྱོན་ཏེ་ ལྷ་དང་ལྷ་མོ་ཚུ་ལུ་ཆོས་གསུངས་ཏེ་ ལོག་འཛམ་བུའི་གླིང་གི་རྒྱ་གར་གྱི་གྲོང་ཁྱེར་སང་ཀ་ཤེའི་ཨ་པ་ར་ཛ་ཨུ་དུམ་ཝ་རའི་སྐྱེད་ཚལ་ནང་ལུ་ འབྱོན་ནི་ཨིན་པའི་ལོ་རྒྱུས་གོཝ་ཅིག་ ས་གནས་དེ་ཁའི་མི་སེར་ཚུ་གི་སེམས་ལུ་ དགའ་སྤྲོ་ཚད་མེད་བྱུང་སྟེ་ ས་ཕྱོགས་ཚུ་ཡང་ཕྱག་བརྡར་རྐྱབ་སྟེ་ ག་ནི་བ་ཧིང་སངས་སྦེ་གཙང་སྦྲ་དང་ལྡནམ་བཟོ་ཞིན་ན་ དེ་གུར་ཙན་དན་གྱི་དྲི་ཆུ་གིས་ཆག་ཆག་བཏབ་སྟེ་དྲི་ཞིམ་གྱི་བསང་རྣམ་པ་སྣ་ཚོགས་ཀྱི་སྤར་ཏེ་ མཆོད་པ་སྦེ་ཕུལ་ཞིན་ན་ གདུགས་དང་རྒྱལ་མཚན་ དེ་ལས་བདན་དང་འཕན་ཚུ་དཔྱངས་ཏེ་ ས་གནས་ཀྱི་ས་གོ་ཚུ་ག་ར་ལྷའི་གཡུས་བཟུམ་དགའ་ཏོག་ཏོ་སྦེ་བཟོ་ཐོག་ལས་ དྲི་ཞིམ་གྱི་མེ་ཏོག་གི་ཆར་ཕབ་མི་ནང་ལུ་ ལྷའི་དབང་པོ་བརྒྱ་བྱིན་དང་ཚངས་པ་གིས་གཙོས་པའི་ ལྷ་དང་ལྷ་མོ་ཚུ་གིས་ འཇིག་རྟེན་གྱི་ཁམས་ལུ་ནམ་ཡང་མཐོང་མ་མྱོང་མི་གི་མཆོད་པ་བསམ་གྱིས་མི་ཁྱབ་པ་ཕུལ་ཏེ་ བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་འདི་ ཆིབས་གྲལ་བཙར་ཏེ་བསུ་བའི་ཐོག་ལས་གདན་འདྲེན་ཞུ་མི་འདི་གསེར་སྦྲེང་འགོ་དང་པ་ཨིནམ་དང་ དེ་གི་ཤུལ་ལས་རྒྱ་གར་ལུ་དུས་རབས་ ༩ པའི་ནང་ལུ་ མཁས་པའི་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པ་དང་ སློབ་དཔོན་ཙནྜ་གོ་མི་གཉིས་ཡང་དེ་སྦེ་ ཆིབས་གླ་བཙར་ཏེ་བསུ་བ་འབད་ཡོད་པའི་ལོ་རྒྱུས་ཨིན་མས།

ང་བཅས་ར་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ལུ་སྐུ་མགྲོན་དང་བླ་ཆེན་ཚུ་ ཕུན་སུམ་ཚོགས་པའི་རྟེན་འབྲེལ་མཛད་སྒོའི་ནང་ལུ་ དེ་སྦེ་ཆིབས་གྲལ་བཙར་ཏེ་གདན་འདྲེན་ཞུ་མི་འདི་ཡང་ ལྷ་སྡེ་མི་སྡེ་གཉིས་ཀྱིས་ལུས་ངག་ཡིད་གསུམ་མགྲིན་གཅིག་གིས་ཐོག་ལས་ གུས་ཞབས་འབད་དེ་གདན་འདྲེན་ཞུ་བའི་བརྡ་མཚོན་སྟོནམ་ཨིན་མས། དེ་ལས་ཆིབས་གྲལ་བཙར་བའི་བསྒང་རླུང་རྟ་ཡོད་དགོ་མི་འདི་ རྟེན་འབྲེལ་དང་མངའ་ཐང་དར་ཤིང་རྒྱས་ཞིན་ན་ ཕྱག་ལཱ་ག་ཅི་མཛད་རུང་ལམ་འགྲོ་ལེགས་ཤོམ་འབྱུང་ནིའི་རྟེན་འབྲེལ་ལུ་ རྟ་དཀརཔོ་དང་དམརཔོ་གིས་ལམ་སྣ་ཁྲིད་འབད་དགོཔ་ཨིན་མས། སྐུ་མགྲོན་ཚུ་གཞུང་འབྲེལ་གྱི་ཐོག་ལས་ གདན་འདྲེན་ཞུ་བའི་བརྡ་མཚན་ གསལ་སྟོན་འབད་ནིའི་དོན་ལུ་འབངས་རྔ་དང་ཀྲིང་ཀྲི་བརྡུང་མི། སྙན་པའི་སྒྲ་དབྱངས་ཀྱི་ཐོག་ལས་གདན་འདྲེན་ཞུ་བའི་རྟགས་མཚན་ལུ་རྒྱ་གླིང་འཕུ་མི་ཆ་གཅིག། ས་ཕྱོགས་ག་ཏེ་བྱོན་རུང་མི་དང་མི་མ་ཡིན་པའི་འདྲེ་གདོན་ཚུ་གིས་གནོད་པ་ལས་ བཟློག་ཐབས་ཀྱི་རྟེན་འབྲེལ་ལུ་ཕྱོགས་དར་འབག་མི། རང་གི་དཀར་ཕྱོགས་ལྷ་ཆོས་སྐྱོང་སྲུང་མ་ཚུ་ཆགས་པའི་རྟེན་ལུ་བཙན་དར་འབག་མི། དམ་ཅན་ཆོས་སྐྱོང་སྲུང་མ་ཆགས་པའི་རྟེན་ལུ་རུ་དར་འབག་མི་དང་ དེ་ལས་དར་ཤིང་སྣ་བཅུ་གཅིག་འབག་དགོ་པའི་རྒྱུ་མཚན་དེ་ཡང་ ཞི་རྒྱས་དབང་དྲག་གི་ཐོག་ལུ་ རྟེན་འབྲེལ་བཟང་པོ་བདུན་གྱིས་བསུ་བ་འབད་བའི་བརྡ་མཚོན་ལུ་ཨིན་མས། དེ་ལས་རྒྱལ་ཁབ་ནང་ལུ་ལོག་པར་སྤྱོད་པའི་རིགས་ཚུ་ཚར་གཅད་དེ་ བདེ་སྐྱིད་ཀྱི་ལམ་ལུ་ཞུགས་བཅུག་ནི་དོན་ལུ་ཉེན་སྲུང་དྲག་པོའི་གཞུང་དར། རྒྱལ་ཁབ་ནང་ལུ་གནོད་པའི་དྲ་བགེགས་ཚུ་ ཐལ་བར་བརླགས་པའི་བརྡ་མཚོན་ལུ་བསྟན་སྲུང་དྲག་པོའི་གཞུང་དར། མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་གཟུགས་བར་ཆད་ཚུ་ལས་བསྲུང་བའི་དོན་ལུ་དམག་དར། རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་ཆེ་བ་སྟོན་ནིའི་དོན་ལུ་རྒྱལ་དར་འབག་མི། དཔའ་བོ་དང་དཔའ་མོའི་བསུབ། སྒྲ་གཞས་ཀྱི་བསུ་བ། ཆབ་ཤུབས་འབག་མི། ཉེར་མཁོའི་སྐུ་ཆས་བཙུགས་སའི་ཕད་ཅུང་འབག་མི་ཚུ་དང་ དེ་ལས་རྒྱལ་ཁབ་ཀྱི་གཡུས་སྒོ་སོ་སོ་ནང་ལུ་ དེ་བསྒང་ལས་དར་ཁྱབ་སོང་སྟེ་ཡོད་པའི་ ཀྲོང་གསར་གྱི་ནུབ་གཞས། སྤ་རོ་འུ་ཆུ་པའི་གཞས་དང་ཐིམ་ཕུག་གི་ཝང་གཞས་ཚུ་འཐེན་མི་ཚུ་དང་ དེ་ལས་འབྲུག་པ་བཀའ་བརྒྱུད་ཀྱི་བླ་ཆེན་ འགྲོ་མགོན་གཙང་པ་རྒྱ་རས་ཀྱིས་བོད་རྩྭ་རི་གི་གནས་སྒོ་ཕྱེ་བའི་བསྒང་ལུ་ མ་རུང་པའི་འདྲེ་ཚུ་དམ་ལ་བཏགས་ཏེ་བྲོ་འཁྲབ་པའི་སྐབས་གཞི་བཙུགས་འབད་མི་ཆོས་གཞས། རིག་འཛིན་ཆེན་པོ་པདྨ་གླིང་པའི་དག་སྣང་ལུ་ཟངས་མདོག་དཔལ་རིའི་ དཔའ་བོ་དང་དཔའ་མོའི་གར་འཆམ་ལུ་དཔེ་གཟིགས་ཏེ་ དར་ཁྱབ་བྱུང་མི་དཔའ་འཆམ་གྱི་བསུ་བ། རྒྱལ་རྔ་བརྡུང་མི། བསིལ་གཡབ་ཀྱི་ཚུལ་དང་སྐུ་ལུས་ལུ་མཛེས་ཆས་ཕུལ་བའི་བརྡ་མཚོན་ལུ་ འཕན་ཕྱེ་ཕུར་འབག་མི། སྙན་ལུ་མཆོད་པའི་བསུ་བ་ཏིང་ཤག་བརྡུང་མི། གནོད་པའི་དགྲ་བགེགས་ཀྱི་མི་མཐུན་ཕྱོགས་ལས་རྒྱལ་བའི་བརྡ་མཚོན་ལུ་ རྒྱལ་མཚན་འབག་མི། བཞུགས་གདན་ཕུལ་བའི་བརྡ་མཚོན་ལུ་ སྟེང་ཁེབས་འབག་མི། འཇིག་རྟེན་དཀྱིལ་འཁོར་གྱི་བཀོད་པ་འདི་ ཞིང་ཁམས་ཀྱི་བཀོད་པའི་རྒྱན་གྱིས་བརྒྱན་ཏེ་ཕུལ་བའི་ཚུལ་ལུ་ མཎ་ཌལ་གྱི་ཚོམ་བུ་བཀོད་དེ་འབག་མི། ཚེ་རིང་བའི་རྟེན་འབྲེལ་ལུ་སྐུ་དང་བརྗོད་པ། ག་ར་ལུ་ཐོགས་པ་མེད་པའི་བརྡ་མཚོན་ལུ་ གསུང་རབ་ཀྱི་པོ་ཏི། ཐུགས་རླིང་ཞིང་ཟབ་པའི་རྟེན་འབྲེལ་གྱི་བརྡ་མཚོན་ལུ་མཆོད་རྟེན།

བཀྲིས་རྟགས་བརྒྱད་དེ་ཡང་ གདུགས། གསེར་ཉ། དུང་དཀར། པདྨ། བུམ་པ། རྒྱལ་མཚན། འཁོར་ལོ། དཔལ་བེའུ་ཚུ་ཨིན། དེ་ལས་བཀྲིས་རྫས་བརྒྱད། མེ་ལོང་། ཞོ། ལི་ཁྲི། དུར་བ། བིལཝ་ཏ་ཀུ། ཡུངས་ཀར། གི་ཝང་། དུང་དཀར་ཚུ་ཨིན། རྒྱལ་སྲིད་སྣ་བདུན། འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། གླང་པོ་རིན་པེ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ་ཚུ་ཨིན། དཀར་དུང་འཕུ་མི། ཆོས་ཀྱི་རྒྱལ་སྲིད་ལུ་རང་དབང་བསྒྱུར་བའི་བརྡ་མཚོན་ལུ་ ཆོས་ཀྱི་སྒྲ་དུང་དཀར་འཕུ་སྟེ་བསུ་བ་ཞུ་བ། སྙན་པའི་མཆོད་པའི་བརྡ་མཚོན་ལུ་རྒྱ་གླིང་འཕུ་མི། ཆོས་ལུགས་ཀྱི་དྲག་པོའི་སྒྲ་གི་མཆོད་པ་ཕུལ་བའི་ཚུལ་ལུ་ ཚོགས་དུང་འཕུ་མི། གསང་སྔགས་སྒྲའི་མཆོད་པ་ཕུལ་བའི་ཚུལ་ལུ་ཚོགས་རྔ་བརྡུང་མི། སྙན་པའི་མཆོད་པ་ཞི་བའི་རོལ་སིལ་གྱི་བསུ་བའི་ཚུལ་ལུ་ སིལ་སྙན་དཀྲོགས་མི་དང་རོལམོ་བརྡུང་མི། རིག་མ་བཅུ་དྲུག། ལྷན་རྒྱས་དཔོན་ཁག་ཚུ་གོ་གནས་དང་འཁྲིལ་ཏེ་རུ་སྒྲིག། སྤོས་ཕོར་གཡུག་མི། ཁྲི་ཁེབས་འབག་མི། ཇ་དོང་འབག་མི། སྦ་ཁྲ་འབག་མི། དབུ་ཞྭ་བགྲད་མི། སྐུ་དྲུང་། གཟིམ་དཔོན། མི་དབང་མངའ་བདག་རིན་པོ་ཆེ། ཕྱག་ཞུ་མི་དང་སྐུ་སྲུང་དམག་མི་ཚུ་ཨིན་མས། འ་ནཱི་ཆིབས་གྲལ་འདི་གྱལ་བཙར་ཏེ་གདན་འདྲེན་ཞུཝ་ཨིན། (རྩོམ་པ་པོ་མེད། གནམ་ལོ་མེད། སྤྱི་ལོ་མེད།)

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

༡. རྩོམ་པ་པོ་མེད། དང་ཕུའི་ལུགས་སྲོལ། ད་རེས་ཀྱི་ལོ་རྒྱུས། གནམ་ལོ་མེད། སྤྱི་ལོ་མེད། ཡོངས་འབྲེལ་ཁ་བྱང་། https://w.wiki/9Whn