Jump to content

ཐིམ་ཕུག་ཁྲོམ་སྡེ། Ι Thimphu Municipality

Wikipedia ལས།

ངོ་སྤྲོད།

[ཞུན་དག]
ཐིམ་ཕུག་ཁྲོམ་སྡེ།

འབྲུག་གི་རྒྱལ་ས་ལྟེ་བ་འདི་ ཐིམ་ཕུག་ཨིན། རྒྱལ་ཁབ་འདི་ནང་ ཁྲོམ་སྡེ་བཞིའི་ཡོད་པའི་སླ་ལས་ ཐིམ་ཕུག་ཁྲོམ་སྡེ་འདི་ ཐིམ་ཕུག་རྫོང་ཁག་གི་འོག་ལུ་ཚུདཔ་ཨིན། ཁྲོམ་སྡེ་འདི་ ཡར་རྒྱས་དང་འགྱུར་བ་སྦོམ་སྦེ་འབྱུང་བའི་ ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིནམ་དང་ ཁྲོམ་འདི་ཁར་ རྫོང་ཁག་ཉི་ཤུ་གི་མི་སེར་ག་ར་ ལཱ་དང་ཚོང་གི་དོན་ལུ་འཛོམས་སའི་ཁྲོམ་གཞུང་ལྟེ་བ་ཅིག་ལུ་འགྱུར་ཡོདཔ་ཨིན། མི་རློབས་འབོལ་བའི་ཁྲོམ་སྡེ་འདི་ བདག་འཛིན་དང་འཛིན་སྐྱོང་འཐབ་མི་ ཁྲོམ་སྡེའི་མི་འབོར་གྱི་སྒྲིག་བཀོད་དང་ཁྲོམ་དཔོན་རིམ་འབྱོན། ཕྱག་ལཱ་མཛད་རིམ་གྱི་དམིགས་དོན་དང་ཕུགས་འཆར་ དེ་ལས་ རྒྱབ་ཁུངས་ལོ་རྒྱུས་ཚུ་བཀོད་དེ་ཡོད།

ཁྲོམ་སྡེའི་མི་འབོར་གྱི་སྒྲིག་བཀོད།

[ཞུན་དག]

ཐིམ་ཕུག་ཁྲོམ་སྡེ་འདི་ ཡར་རྒྱས་དང་གོང་འཕེལ་གྱི་ལས་སྣ་འཕེལ་བའི་ ས་ཁོངས་ཅིག་ཨིན། ཡར་རྒྱས་དང་འགྱུར་བ་སྦོམ་སྦེ་འགྱོ་ཚུགས་མི་འདི་ དཀའཝ་ཁྱད་དུ་སྲིད། ངལ་བ་དང་དུ་བླངས་སྟེ་ ཁྲོམ་སྡེ་ནང་ལུ་ཕྱག་ལཱ་གནང་མི་འགོ་དཔོན་དང་མི་སྟོབས་ལུ་ ར་ལསཔ་ཨིན་པས། དེ་ཡང་ ཁྲོམ་སྡེའི་ཁྲི་འཛིན་ ཁྲོམ་དཔོན་གྱིས་གཙོས་པའི་བཀོད་ཁྱབ་དྲུང་ཆེན། ཁྲོམ་ཚོགས་འཆར་གཞི་ལས་སྡེ། གོང་འཕེལ་འཛིན་སྐྱོང་ལས་སྡེ། གཞི་རྟེན་མཁོ་ཆས་སྡེ་ཚན། ས་ཆའི་ཐོ་བཀོད་དང་ས་འཇལ་སྡེ་ཚན། ཤེས་རིག་སྡེ་ཚན། དངུལ་འབྲེལ་ལས་སྡེ། ཁྲིམས་འབྲེལ་སྡེ་ཚན། རང་བཞིན་གནས་སྟངས་སྡེ་ཚན། གསོ་བའི་སྡེ་ཚན། མི་རྩིས་དང་ཞི་གཡོགཔ་ཐོ་བཀོད་སྡེ་ཚན་དང་ ཚོང་མགྲོན་ཞབས་ཏོག་སྡེ་ཚན་ཚུ་གིས་ འཐུས་ཤོར་འགན་ཤོར་མེད་པར་ ཅི་ལྕོགས་གང་ལྕོགས་ཀྱི་སྒོ་ལས་འགན་འཁྲི་འབགཔ་ལས་ རྫོང་ཁག་གཞན་གྱིས་མི་དཔེ་ལུ་འགྱུར་ཏེ་ཡོདཔ་ཨིན། མི་འབོར་སྒྲིག་བཀོད་ཁ་གསལ་ འོག་ལུ་བཀོད་དེ་ཡོད།

ཁྲོམ་སྡེའི་མི་འབོར་གྱི་སྒྲིག་བཀོད།

ཁྲོམ་དཔོན་རིམ་འབྱོན།

[ཞུན་དག]

ཁྲོམ་སྡེའི་ལཱ་དང་འགན་ཁུར་ཚུ་ ཁྲོམ་དཔོན་སྐུ་ཉག་གཅིག་གི་འཛིན་སྐྱོང་དང་དབུ་ཁྲིད་ཀྱི་འོག་ལུ་ འབདཝ་ཨིན། དེ་འབདཝ་ལས་ ཁྲོམ་སྡེའི་ཁྲི་འཛིན་རིམ་འབྱོན་གྱི་སྐོར་ལས་འཁོད་ཡོད། དེ་ཡང་ ཐིམ་ཕུག་ཁྲོམ་སྡེའི་ ཁྲོམ་དཔོན་དང་པ་འདི་ བྱང་ཐིམ་ཕུག་ལས་ཨིན་མི་ ཀུན་ལེགས་རྡོ་རྗེ་འདི་ཨིན (༢༠༡༡-༢༠༢༢)། འདེམས་ཁོངས་སོ་སོར་ལས་ འཐུས་མི་འཐོན་མི་མེདཔ་ལས་ དགོ་དང་མེད་དགོ་ ཟེར་བའི་བཙག་འཐུའི་ལམ་ལུགས་དང་འཁྲིལ་ཏེ་ གདམ་འཐུ་འགྲུབ་སྟེ་ ལོ་༡༠ མམ་ གནས་ཡུན་གཉིས་ཀྱི་རིང་ལུ་ ཐིམ་ཕུག་ཁྲོམ་དཔོན་འབད་ཕྱག་ཞུ་ཅི། ཨིན་རུང་ ཁྲོམ་དཔོན་བཙག་འཐུ་གསུམ་པའི་སྐབས་ལུ་ འབྱུང་བཞི་ན་ཀ་ཝང་བྱང་སའི་འདེམས་ཁོངས་ལས་ མི་ངོམ་ཨོ་རྒྱན་རྡོ་རྗེ་གིས་བཅའ་མར་གཏོགས་ཏེ་ ཁྲོམ་དཔོན་གཉིས་པའི་གོ་གནས་བཞེས་ཏེ་ཕྱག་ལཱ་གནང་བཞིན་པ་ཡོད།

ཁྲོམ་སྡེའི་དམིགས་གཏད་གྱི་ལཱ་འགན།

[ཞུན་དག]

ཁྲོམ་སྡེ་འདི་ནང་གི་ས་སྒོ་ཚུ་ ཉེན་སྲུང་དང་ལྡན་པ། དངོས་ཅན་དང་དངོས་མེད་ཀྱི་ལམ་སྲོལ་གྱི་ཁྱུན་ཚུ་ བལྟ་ན་མིག་ཁར་མཛེས་ཏོག་ཏོ་དང་ སྡོད་པའི་ས་སྒོ་ཚུ་སྡོད་ན་བག་ཕེབས་ཏོག་ཏོ་བཟོ་ནི་དང་གཞན་གྱིས་ མིག་དཔེ་འབད་བལྟ་དུ་རུང་བའི་ཁྲོམ་སྡེ་ཅིག་ལུ་འགྱུར་ཚུགས་ནིའི་དོན་ལུ་ ཐིམ་ཕུག་ཁྲོམ་སྡེ་འདི་ སྔོ་ལྗང་གཙང་སྦྲ་དང་ལྡནམ་སྦེ་བཞག་གེ་ ཟེར་བའི་བརྗོད་དོན་སྒྲུབ་ཐབས་ལུ་གཙོ་བོར་བཏོན་ཏེ་ལཱ་འབདཝ་ཨིན། དེ་མ་ཚད་པར་ ཁྲོམ་སྡེའི་ཞབས་ཏོག་དང་མཐུན་རྐྱེན་ཚུ་ འདྲ་མཉམ་འབད་སྤྱོད་ཚུགས་ནི། མི་སྡེ་གིས་ ཟད་འགྲོ་གཏང་ཚུགས་པའི་མཐུན་རྐྱེན་བྱིན་ནི་དང་ མི་སྡེ་ལུ་ཕན་པའི་ཞབས་ཏོག་ཕུལ་ནི་ལུ་གཙོ་བོར་བཏོནམ་ཨིན། དེ་དང་འདྲཝ་འབད་ ཁྲོམ་སྡེའི་ཤེས་རིག་གི་སྤུས་ཚད་ཡར་རྒྱས་གཏང་ནི། ཁེ་ཕན་ཅན་གྱི་ལཱ་གཡོག་གི་གོ་སྐབས་བཟོ་ནི། མི་སྡེ་དཔལ་འབྱོར་ཡར་དྲག་བཟོ་ནི། ཕོ་མོ་འདྲ་མཉམ་གྱི་སེམས་ཤུགས་བསྐྱེད་བཅུག་ནི་དང་ དམངས་གཙོའི་རིང་ལུགས་སྒྲིང་སྒྲིང་བཟོ་ནི་ལུ་འབད་རྩོལ་བསྐྱེད་དེ་ ཕྱག་ལཱ་གནངམ་ཨིན། དམིགས་བསལ་ ཁྲོམ་སྡེ་གིས་ བཟོ་སྐྲུན་འབད་ཆོག་པའི་གནང་བ་བྱིན་ནི། བདག་རིང་ལག་འཁྱེར་བྱིན་ནི། བཙོག་དུང་དང་འབྲེལ་བའི་ཞབས་ཏོག། འཐུང་ཆུའི་ལཱ་དང་ཕྱག་དར་གྱི་ཞབས་ཏོག་ཚུ་ཕུལཝ་ཨིན།

ཁྲོམ་སྡེའི་འབྱུང་རིམ་ལོ་རྒྱུས།

[ཞུན་དག]

ཐིམ་ཕུག་ཁྲོམ་འདི་ འབྲུག་ནུབ་ཕྱོགས་ཀྱི་དབུས་སུ་ མཐོ་ཚད་ཕིཊ་ ༨༦༨༨ ཀྱི་ས་ཁར་ཆགས་ཏེ་ཡོད། ཁྲོམ་ཚོགས་ཀྱི་སྦུག་ལས་ར་ དལ་གྱིས་འབབ་པའི་ཝང་ཆུ་གིས་ ཁྲོམ་ཚོགས་འདི་ལུ་ ཉིན་མཚན་མེད་པར་ཡོན་ཆབ་ཕུལ་བའི་ཚུལ་ཚུ་ མཛེས་ཆ་དང་ལྡནམ་སྦེ་མཐོང་ནི་ཡོད་མི་ ཐིམ་ཕུག་ཁྲོམ་སྡེ་འདི་ ཐིམ་ཕུག་རྫོང་ཁག་འོག་ལུ་ཚུདཔ་ཨིན། ཁྲོམ་སྡེ་གི་ས་ཁོངས་འདི་ཡང་ བྱང་བདེ་ཆེན་ཆོས་གླིང་ལས་ ལྷོ་བར་པའི་ས་ཚུན་ཚོད་ ཁྱབ་ཚད་ཨིས་ཀོ་ཡར་ཀི་ལོ་མི་ཊར་ ༢༦% ཡོདཔ་ཨིན། དེ་ནང་ལུ་ སྔོན་ཐིམ་ཕུག་རྫོང་ཁག་གི་གྲོང་གསེབ་ ལྕང་དང་ཀ་ཝང་རྒེད་འོག། དེའི་ནང་ལུ་ ལྕང་ཟམ་ཏོག་ ལྕང་གི་ད་ཕུག་ ལྕང་འཁོར་ལོ་ ལྕང་སྒང་ཁ་ ཀ་ཝང་གུམ་སྦྱི་ ཀ་ཝང་བཙན་ཇོ་ འདམ་ཇོ་དང་ ལྷོད་ཇོ་ཚུ་ཚུདཔ་ཨིན། ལོག་ཤུལ་མར་ སྤྱི་ལོ་ ༡༩༨༠ གི་ལོ་གྲངས་ནང་རྐྱངམ་ཅིག་ མུ་ཏིག་ཐང་སྟོད་དང་ལྕང་གི་ད་ཕུག་གཉིས་ཡང་ ཁྲོམ་སྡེ་གི་ས་ཁོངས་ཨིནམ་སྦེ་ངོས་འཛིན་འབད་ནུག། དེ་བཟུམ་སྦེ་ སྤྱི་ལོ་༡༩༠༠ གི་ལོར་གྲངས་ནང་ ལྷོ་ཕྱོགས་ཀྱི་ས་ཁོངས་ བར་པའི་ས་ ཝང་ཆུ་རྟ་འབབ་ གསར་སྦི་ཐང་དང་ བྱང་ཁ་ཐུག་གི་ འབྱུང་བཞི་ན་ རྟ་འབབ་དང་བདེ་ཆེན་ཆོས་གླིང་ཚུ་ ཁྲོམ་ས་འབད་ཆ་འཇོག་འབད་ནུག།  དེ་བཟུམ་གྱི་ཁྲོམ་སྡེ་གོང་འཕེལ་གྱི་ལས་སྣ་ཚུ་ འབྲུག་རྒྱལ་བཞི་པ་དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་ མངོན་པར་མཐོ་བའི་གསེར་ཁྲི་གུར་ཕེབས་ཞིནམ་ལས་ཚུར་བྱུང་ནུག། དེ་ཡང་ སྤྱི་ལོ་ ༡༩༧༡ དབྱིན་ཟླ་དགུ་པའི་ དབྱིན་ཚེས་༢༡ ལུ་རྒྱལ་སྤྱི་འཛམ་གླིང་སྤྱི་ཚོགས་ནང་ལུ་འཛུལ་བཞུགས་འབད། རྒྱ་གཞུང་གི་སྐུ་ཚབ་ཡིག་ཚང་དང་ སུའི་ཛར་ལེནྜ་གོང་འཕེལ་དང་མཐུན་འབྲེལ་ལས་སྡེ་ཡིག་ཚང་ཚུ་ གཞི་བཙུགས་མཛད་དེ་ ཡར་རྒྱས་ཀྱི་གོམ་པ་མདུན་དུ་སྤོ་ནུག།

ཁྲོམ་སྡེའི་འགྱུར་བ་དང་གོང་འཕེལ་གྱི་ལས་འཆར་ག་ར་ ཐིམ་ཕུག་བཟོ་བཀོད་འཆར་གཞི་ ༢༠༠༢-༢༠༢༧ ཅན་མ་དང་འཁྲིལ་ཏེ་འབདཝ་ཨིན། དེ་ཡང་ ཁྲོམ་ཚོགས་ཀྱི་གོང་འཕེལ་དང་འགྱུར་བ་ཚུ་ འཆར་གཞི་བརྩམ་མི་ལྟར་དུ་འགྱོ་ཚུགས་ནི་ལུ་ དམིགས་གཏད་བསྐྱེད་དེ་ ལཱ་དང་འགན་ཁུར་ཚུ་འབག་སྟེ་ འབད་དང་འབད་བཞིན་པ་ཡོདཔ་ཨིན། གོང་འཕེལ་གྱི་ལས་སྣ་ཆ་མཉམ་ འཛམ་གླིང་དངུལ་ཁང་དང་ ཨེ་ཤི་ཡཱན་གོངས་འཕེལ་དངུལ་ཁང་གིས་གྲོགས་རམ་དང་ རྒྱབ་སྐྱོར་ལུ་བརྟེན་ཏེ་འབདཝ་ཨིན།

དྲན་གསོ།

[ཞུན་དག]

གོང་གི་གནད་ཚུལ་ཚུ་ རྫོང་ཁ་ནང་མེདཔ་ལས་ ཐད་ཀར་རྐུ་བཤུས་འབད་མི་སྲིད་པས། ཨིན་རུང་ གནད་ཚུལ་ཟུར་ཙམ་རེ་ ཨིང་ལིཤ་ནང་ཡོད་མི་ཚུ་ལུ་གཞི་རྟེན་འབད་དེ་ བསྡུ་སྒྲིག་འབད་དེ་འབྲི་ཡི་ལགས།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

[ཞུན་དག]

༡༽   ཡོངས་འབྲེལ་འཆར་སྒོ། https://www.thimphucity.bt

༢༽   ཡོངས་འབྲེལ་འཆར་སྒོ། https://unsdg.un.org