ད་བུཊ་ནིསི།
གསར་ཤོག་དེ་གིས་ཡོངས་འབྲེལ་འཆར་སྒོ་དང་འཁྲིལ་བ་ཅིན་ ད་བུཊ་ནིསི (The Bhutanese) འདི་ འབྲུག་ལུ་ གཞི་བཙུགས་འབད་ཡོད་པའི་ཞིབ་དཔྱད་ཀྱི་གནས་ཚུལ་བསྡུ་ལེན་པ་ བསྟན་འཛིན་ལམ་བཟང་ཀྱིས་ འགོ་བཙུགས་ཡོད་པའི་སྒེར་གྱི་གསར་ཤོག་ཅིག་ཨིན། གསར་ཤོག་དེ་ཡང་ སྤྱི་ལོ་ ༢༠༡༢ སྤྱི་ཟླ་ ༢ པའི་ཚེས་ ༢༡ ལུ་ མི་དབང་འབྲུག་རྒྱལ་ལྔ་པ་ མི་སེར་གྱི་རྒྱལཔོ་མཆོག་གི་འཁྲུངས་སྐར་དུས་སྟོན་དང་འབྲེལ་ཏེ་ མི་དབང་མཆོག་ལུ་བཀའ་དྲིན་བསམ་ནི་དང་ ཧིང་གི་་གདིང་ལས་བཀྲི་ཤིས་ལེགས་སྨོན་ཕུལ་བའི་རྟེན་འབྲེལ་ལུ་ གཞི་བཙུགས་འབད་ཡོདཔ་ཨིན། གསར་ཤོག་འདི་གིས་ འགོ་བཙུགས་པའི་སྐབས་བདུན་རིམ་བཞིན་དུ་ རེས་གཟའ་ཕུརཔ་དང་ཉིམ་ལུ་ པར་སྐྲུན་འབད་དེ་བཀྲམ་སྤེལ་འབད་སྲོལ་ཡོད་རུང་ སྤྱི་ལོ་ ༢༠༡༣ ལས་འགོ་བཟུང་ བདུན་ཕྲག་གཅིག་ནང་ ཚར་གཅིག་པར་སྐྲུན་འབད་ནི་ལུ་དམིགས་པ་བསྐྱེད་དེ་ ཨ་རྟག་ར་རེས་གཟའ་ཉིམ་པར་སྐྲུན་འབད་ནི་འགོ་བཙུགས་ནུག།
གསར་ཤོག་འདི་གིས་ ཨིང་སྐད་རྐྱངམ་གཅིག་ལུ་གཙོ་བོར་མ་སྟོན་པར་ འབྲུག་གི་རྒྱལ་ཡོངས་ཀྱི་སྐད་ཡིག་རྫོང་ཁ་ཡང་ འདྲ་མཉམ་སྦེ་ གལ་ཅན་ཨིན་པའི་རྟགས་སྟོན་ཏེ་ གསར་ཤོག་དེ་རྫོང་ཁ་དང་ཨིང་སྐད་གཉིས་ཆ་རའི་ནང་བྲིས་ཏེ་ པར་སྐྲུན་འབད་ནི་འགོ་བཙུགས་ཡོདཔ་ཨིན། གསར་ཤོག་འདི་གིས་ སྤྱིར་བཏང་ཉིན་བསྟར་གྱི་གནས་ཚུལ་ དམངས་གཙོའི་གཞུང་དང་འབྲེལ་བའི་གནས་ཚུལ་ ཚོང་འབྲེལ་དང་འབྲེལ་བའི་གནས་ཚུལ་ ཁྲོམ་སྡེ་ཚུ་དང་འབྲེལ་བའི་གནས་ཚུལ་ འབྲུག་རྒྱལ་ཁབ་དང་འབྲེལ་བའི་གནས་ཚུལ་ ཞུན་དག་པའི་འཆར་རྩོམ་ མི་རང་སོའི་འཆར་སྣང་གི་རྩོམ་ རྒྱལ་ཡོངས་དང་རྒྱལ་སྤྱིའི་གནས་ཚུལ་ཚུ་དང་ ལྷག་པར་དུ་ཚོང་བསྒྲགས་དང་ཁྱབ་བསྒྲགས་ལ་སོགས་པ་ཚུ་ཡང་ ཤོག་ཀུ་དང་ ཡོངས་འབྲེལ་གཉིས་ཆ་རའི་་ཐོག་ལུ་པར་སྐྲུན་དང་དཔེ་སྐྲུན་འབད་དེ་ འབྲུག་མི་ཚུ་གི་དོན་ལུ་དང་ ལྷག་པར་དུ་ཕྱིའི་རྒྱལ་ཁབ་ཀྱི་མི་ཚུ་གི་དོན་ལུ་ ཞབས་ཏོག་མ་འདྲཝ་སྦེ་བྱིན་སྲོལ་ཡོདཔ་ཨིན།
གསར་ཤོག་འདི་གི་ཡིག་ཚང་གིས་ མི་སྡེ་ལུ་གནས་ཚུལ་ག་དེ་མགྱོགས་མགྱོགས་སྦེ་་བྱིན་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་མ་ཚད་ མི་སྡེ་གོང་འཕེལ་གྱི་དོན་ལུ་དམིགས་པ་བསྐྱེད་དེ་ལཱ་འབདཝ་ཨིན་མས། ཡིག་ཚང་འདི་གིས་ ཤོག་ཀུ་གི་ཐོག་ལུ་རྐྱངམ་གཅིག་མེན་པར་ ཡོངས་འབྲེལ་འཆར་སྒོ་དང་ མི་སྡེ་བརྡ་བརྒྱུད་ལ་སོགས་པ་ཚུ་ནང་ཡང་ རྒྱལ་ཡོངས་དང་རྒྱལ་སྤྱིའི་གནས་ཚུལ་ཚུ་ ཐོབ་ཚུགསཔ་བཟོ་སྟེ་ཡོདཔ་ཨིན། ལྷག་པར་དུ་ ད་རེས་ནང་པའི་དུས་སྐབས་ལུ་ མི་སྡེ་བརྡ་བརྒྱུད་ཀྱི་རིམ་ལུགས་མ་འདྲཝ་ཚུ་ནང་ གཞུང་གིས་དབང་བའི་གསར་ཤོག་ ཀུན་གསལ་གྱི་འོག་ལས་ར་ ད་བུཊ་ནིསི་འདི་ ཡོངས་གྲགས་ཐོན་ཏེ་ཡོདཔ་ཨིན། དེ་སྦེ་ཡོངས་གྲགས་འགྱོ་དགོ་མི་འདི་ཡང་ འབྲུག་ལུ་རྫོང་ཁག་ཉི་ཤུ་ ག་རའི་སྐོར་ལས་གནས་ཚུལ་ཚུ་དུས་ཚོད་ཁར་ བྱིན་ནི་དེ་གིས་དང་ འབྲུག་གི་རྒྱལ་ས་ལྟེ་བ་ཐིམ་ཕུག་ལུ་ག་ཅི་དཀའ་ངལ་འཐོནམ་ཅིག་ ཡུན་མ་རིང་པར་མི་སྡེ་བརྡ་བརྒྱུད་ ཕེསི་བྷུག་ ཊུའི་ཊར་ལ་སོགས་པ་ཚུ་ནང་གནས་ཚུལ་ཚུ་ དཔེ་སྐྲུན་འབདཝ་ལས་བརྟེན་ཏེ་ཨིན།
དུས་ཚོད་ད་རེས་བཟུམ་ཅིག་ནང་འབད་རུང་ གསར་ཤོག་ཉོ་བར་འགྱོ་མ་དགོ་པར་ འགྲུལ་འཕྲིན་དང་ཡོངས་འབྲེལ་རིམ་ལུགས་ཐོག་ལས་ ཞབས་ཏོག་སྤྱོད་ཚུགསཔ་བཟོ་སྟེ་ཡོདཔ་ཨིན། གསར་ཤོག་འདི་གིས་ གནས་ཚུལ་ཚུ་ཡང་ རྒྱལ་ཡོངས་དང་རྒྱལ་སྤྱི་གི་དབྱེ་ཁག་གཉིས་དང་ ལྷག་པར་དུ་ ཚོང་དང་ཁྲིམས་་འབྲེལ་གྱི་གནས་ཚུལ་ སྲིད་དོན་དང་འབྲེལ་བའི་གནས་ཚུལ་ གཟུགས་ཁམས་དང་སེམས་ཁམས་འབྲེལ་བའི་གནས་ཚུལ་ ཤེས་རིག་དང་རང་བཞིན་གནས་སྟངས་ ན་གཞོན་དང་ཨམ་སྲུ་ དེ་ལས་རྩེད་རིགས་དང་ རང་སོའི་བསམ་འཆར་བཀོད་ནི། ཞུན་དག་པའི་འཆར་རྩོམ་ལ་སོགས་པའི་དབྱེ་བ་ལེ་ཤ་ཅིག་བསྡུ་སྒྲིག་འབད་དེ་ གསར་ཤོག་ནང་པར་སྐྲུན་འབད་དེ་བཀྲམ་སྤེལ་འབདཝ་མ་ཚད་ ཡོངས་འབྲེལ་དང་མི་སྡེ་བརྡ་བརྒྱུད་ལ་སོགས་པ་ཚུ་གི་ཐོག་ལས་ཡང་ གནས་ཚུལ་ཚུ་བཀྲམ་སྤེལ་འབདཝ་ཨིན།
ཡིག་ཚང་འདི་ གནས་ཚུལ་བསྡུ་ལེན་པ་དང་ཞུན་དག་པ་ དེ་ལས་ ན་གཞོན་སྡེ་ཚན་གཅིག་གིས་འཛིན་སྐྱོང་འབད་དེ་ འབྲུག་ལུ་གནམ་མེད་ས་མེད་ཡོངས་གྲགས་ཅན་གྱི་གསར་ཤོག་ཅིག་ལུ་གྱུར་ཡོདཔ་ལས་ ད་རེས་ད་བུཊ་ནིསི་གི་ཞབས་ཏོག་ལེན་མི་ མི་སྡེ་བརྡ་བརྒྱུད་ཀྱི་རིམ་ལུགས་ ཕེསི་བྷུག་ནང་མི་ངོ་ཡོངས་བསྡོམས་ ༡༤༩,༡༨༥ དང་ ཊུའི་ཊར་ནང་ ༣༧,༠༠༠ དེ་ཅིག་ཡོདཔ་ལས་ འབྲུག་མི་ཚུ་དང་ ལྷག་པར་དུ་རྒྱལ་སྤྱའི་མི་སེར་ཚུ་ལུ་ གནས་ཚུལ་བརྡ་སྤྲོད་འབད་ནི་ལུ་ གནམ་མེད་ས་མེད་ཕན་ཐོག་སྟེ་ཏེ་ཡོདཔ་ཨིན།
སྒེར་གྱི་དབང་བའི་ཡིག་ཚང་འདི་བཟུམ་ཅིག་གཞི་བཙུགས་འབད་མི་ལུ་བརྟེན་ རྒྱལ་ཁབ་ནང་ ན་གཞོན་ལཱ་གཡོག་མེད་པའི་དཀའ་ངལ་བསལ་ནི་དང་ ན་གཞོན་ཚུ་ལུ་གོ་སྐབས་སྤྲོད་དེ་ཉམས་མྱོང་དང་ཡོན་ཏན་ཚུ་ གོང་ཕེལ་གཏང་ནི་དང་ ལྷག་པར་དུ་ འབྲུག་པའི་མི་ཚུ་ལུ་ རང་གི་མཐའ་འཁོར་ལུ་ག་ཅི་ར་འབད་དོ་ག་དང་ འཛམ་གླིང་ནང་ལུ་འགྱུར་བ་དང་དཀའ་ངལ་ག་ཅི་ར་བྱུང་ཡོདཔ་ཨིན་ན་ཚུ་ ཁ་གསལ་སྦེ་གོ་བ་བརྡ་སྤྲོད་འབད་མི་ བརྡ་བརྒྱུད་ཀྱི་ལས་ཁང་ཅིག་ཨིན། རྒྱལ་ཁབ་ཡར་ཀྱི་འགྱུར་བ་དང་བབསྟུན་ གསར་ཤོག་ཚུ་པར་སྐྲུན་དང་དཔེ་སྐྲུན་འབད་དེ་ བཀྲམ་སྤེལ་འབད་ཚུགས་ནི་ལུ་ ལཱ་ཁག་ཡོད་རུང་ད་རེས་ཀྱི་བར་ལུ་ཡང་ དཀའ་ངལ་ག་ནི་ཡང་མེད་པར་ གསར་ཤོག་ཚུ་བཀྲམ་སྤེལ་འབད་བའི་བསྒང་ར་ཡོདཔ་ཨིན། དེ་ལས་ཡང་ལྷག་སྟེ་ཞབས་ཏོག་ཚུ་ ཡོངས་འབྲེལ་གྱི་ཐོག་ལས་ རིམ་ལུགས་མ་འདྲཝ་ཚུ་བཟོ་སྟེ་ བཀྲམ་སྤེལ་འབད་དོ་ཡོདཔ་ལས་ གནས་ཚུལ་བརྡ་སྤྲོད་མི་ཚུགས་ནི་གི་ཉེན་ཁ་མེདཔ་ཨིན།
གསར་ཤོག་འདི་ ་སྒེར་གྱི་དབང་བའི་ཡིག་ཚང་ཅིག་ཨིན་རུང་ གནས་ཚུལ་ཚུ་དུས་ཚོད་ཁར་འཐོབ་ནི་འདི་གིས་ འབྲུག་པའི་མི་སེར་ཚུ་གི་ཁ་ཐུག་ལས་འབད་རུང་ རྒྱབ་སྐྱོར་ག་དེ་དྲག་དྲག་འབད་མི་ལུ་བརྟེན་ ག་ཅི་དེ་ལེགས་ཤོམ་འགྱོ་དོ་ཡོདཔ་ཨིན། ད་རེས་ནངས་པའི་དུས་ལུ་ སྒེར་གྱི་གསར་ཤོག་གཞན་ཚུ་ གཞི་བཙུགས་འབད་ཚུགས་རུང་ ཡུན་བརྟན་སྦེ་གནས་མ་ཚུགས་པར་ སྒོ་བསྡམ་དགོཔ་ཡང་ཐོན་ཡོད་རུང་ ད་བུཊ་ནིསི་འདི་ དུས་དང་བསྟུན་པའི་རིམ་ལུགས་རྣམ་པ་སྣ་ཚོགས་བཙུགས་ཏེ་ དེ་ཁར་ལཱ་འབད་མི་གནས་ཚུལ་བསྡུ་ལེན་པ་ཚུ་ཡང་ ག་ཅི་དེ་རིག་པ་ཅན་དང་ མི་སྡེ་ནང་དྲང་པོའི་སྒོ་ལས་ ཕྱག་ཞུ་མི་ཙང་ཙ་ཡོདཔ་ཨིན།
ཁུངས་གཏུག།
[ཞུན་དག]- Retrieved from: https://thebhutanese.bt/
- Retrieved from: https://en.m.wikipedia.org/wiki/The_Bhutanese