དཀྱི་ར།
༉ ང་བཅས་རའི་འབྲུག་རྒྱལ་ཁབ་ཀྱི་གྱོན་ཆས་འདི་ རྒྱལ་ཁབ་གཞན་གྱི་གྱོན་ཆས་དང་མ་འདྲཝ་སྦེ་ མཛེས་ཆ་དང་ལྡན་པའི་ཁར་ཐུན་མོང་མ་ཡིན་པའི་གྱོན་ཆས་ཅིག་ཨིན། འབྲུག་པའི་ཕོ་སྐྱེས་ཚུ་གིས་གྱོན་མི་འདི་ལུ་གོ་དང་ ཨམ་སྲུ་ཚུ་གིས་གྱོན་མི་འདི་ལུ་དཀྱི་ར་ཟེར་སླབ་ཨིན། འབྲུག་གི་དངོས་མེད་ལམ་སྲོལ། (ཤིང་མོ་ལུག་ལོ་ ༢༠༡༥ ཤོག་གྲངས་ ༡༤༨) ལས་འབད་བ་ཅིན་ “ཨམ་སྲུའི་དཀྱི་ར་འདི་ གྲུ་བཞི་ནར་ནར་སྦེ་འོངམ་ཨིནམ་དང་། གྱོན་ཐངས་ཡང་མཐའམ་གཅིག་ཕྱག་ལྟག་ལུ་བཀལ་ཞིན་ན་ རྒྱབ་ལས་སྦེ་དཀྱིས་ཏེ་ ལགཔ་གཡས་པའི་འོག་ལས་སྦེ་ ཕྱག་ལྟག་གཡོནམ་གྱི་མཐའམ་ད་སྦྲགས་ཏེ་ ཀོ་མ་གིས་བཏབ་དགོ། དེ་ལས་སྐོར་ར་རྐྱབ་སྟེ་ གཡས་པའི་ཟུར་ལུ་བཞག། དོ་རུང་ལགཔ་གཡོན་པའི་འོག་ལས་དཀྱིས་ཏེ་ ཕྱག་ལྟག་གཡས་པའི་གུར་བཀལ་ཏེ་་ཀོ་མ་བཏབ་ཨིན། དེ་ལས་སྐེད་པར་སྐེ་རགས་ཀྱིས་བཅིངམ་ཨིན། གཡས་དང་གཡོན་ལུ་བཏབ་པའི་ཀོ་མ་ཡང་ དངུལ་གྱི་སྤྲོས་གུར་གསེར་སྒྲོན་ཏེ་ དངུལ་གྱི་རྒྱབ་ཐག་གི་མཐུདཔ་ནི་ཡོད། ཧེ་མའི་ཨམ་སྲུ་ཚུ་གིས་སྐེ་རགས་རྒྱ་སྦོམ་སྦེ་བཅིངས་ནི་ཡོདཔ་མ་ཚད་ ཀོ་མ་ཡང་མ་འདྲཝ་སྦེ་བཏབ་ནི་ཡོདཔ་ཨིན།”
འབྲུག་པའི་གྱོན་ཆས་དཀྱི་རའི་གོ་དོན་བརྡ་བཤད།
སྒྲིག་ལམ་རྣམ་གཞག་གི་དེབ་ཐེར་ནོར་བུའི་འཕྲེང་བ་ (ས་མོ་ཡོས་ལོ་ ༡༩༩༩) ལྟར་དུ་འབད་བ་ཅིན་ དཀྱི་ར་ལུ་རལཔ་ཡོད་མི་འདི་ བུམོ་ཚུ་ཤེས་རབ་ལྷག་པའི་བརྡ་སྟོནམ་ཨིན། ཀོ་མ་གཉིས་དང་རྒྱབ་ཐག་ཡོད་མི་འདི ནང་ཁྱིམ་འཛིན་སྐྱོང་གི་བྱ་བ་ག་ཅི་ར་འབད་རུང་ ཉེ་རིང་མེད་པར་སྐྱོང་བའི་དོན་དང་ ལེགས་ཕྱོགས་མ་ལུསཔའི་གཞི་བཟུང་བའི་བརྡ་ལུ་ཨིན། ཕྱི་ཁ་ལས་སྟོད་གོ་གཡོག་མི་འདི་ ཁྲེལ་དང་ངོ་ཚ་བག་ཡོད་གསུམ་གྱིས་གཡོག་པའི་བརྡ་ཨིན། དཀྱི་ར་གི་མཐའམ་རྐང་ཚིགས་མི་མཐོང་ཙམ་དུ་དམའ་བར་གྱོན་མི་འདི་ མཛེས་ཆོས་དང་འབྲེལ་བའི་གུས་བཀུར་ཡོད་པའི་བརྡ་ཨིན། འོན་འཇུའི་གོང་ཕྱི་ཁར་སློག་མི་འདི་ བྱམས་སེམས་ཀྱིས་གཞན་རྣམས་སྐྱོང་བའི་བརྡ་ཨིན། ཁ་འཇའ་གཉིས་ཡོད་མི་འདི་ ཐབས་ཤེས་ཟུང་འབྲེལ་གྱི་ཁྱད་ཆོས་ཚང་བའི་བརྡ་ཨིན། སྐེ་རགས་བཅིངས་མི་འདི རྒྱལ་ཁབ་ཀྱི་མི་རིགས་ཚུ་དམ་ཚིག་གཅིག་གི་སྒོ་ལས་ དམ་པོར་གནས་པའི་བརྡ་ཨིན། མདུན་ཕྱོགས་གཉིས་བརྩེགས་ཡོད་མི་འདི་ གཟུགས་ཀྱི་རྒྱབ་ཕྱོགས་ལས་མདུན་ཕྱོགས་འདི་ དུམ་དྲག་ཅིག་ ཉེན་ཁ་ཆེ་སུ་འབད་ཡོདཔ་ལས་ཨིན།
དཀྱི་ར་གི་དབྱེ་བ།
༡ མོན་མེན་ཐགསམ་ ཟེར་མི་འདི་ མཁན་པོ་ཕུན་ཚོགས་བཀྲ་ཤིས་ (ཆུ་མོ་ལུག་ལོ་ ༢༠༠༣ ཤོག་གྲངས་ ༢༢༨) ཀྱིས་འབད་བ་ཅིན་ “མོན་ཐགས་ཀྱི་མ་སྐུད་ཧོར་ཚུ་དམར་པོ་དང་ནགཔོ་གཉིས་གཅིག་ཁར་སྦྲགས་ཏེ་ཕྱེད་ཀ་ཕྱེད་ཀ་བཏང་སྟེ་ འཇའ་སྤང་ཚུ་ དཀརཔོ་རྐྱངམ་གཅིག་བཏང་སྟེ་ཐགས་མི་ལུ་མོན་ཐགས་ཟེར་སླབ་ཨིན།”
2 སྔོ་གཤམ་ཟེར་མི་འདི་ སྔོ་གཤམ་ལུ་མ་སྐུད་ཧོནམ་དང་དམར་པོ། ཡང་ཅིན་སྐུདཔ་སྣ་ཁ་བཅུ་གཅིག་ཆ་ཚང་བཏང་སྟེ་ཐགས་མི་ལུ་སྔོ་གཤམ་ཟེར་སླབ་ཨིན།
༣ སྐུད་ཤུད་ཐགས་རས་ཟེར་མི་འདི་ མ་སྐུད་དཀརཔོ་དང་། སེརཔོ། དམརཔོ། ལྗང་ཁུ། ཧོནམོ་སོགས་ སྐུདཔ་སྣ་ཁ་བཅུ་གཅིག་སོ་སོར་སྦེ་འཐག་ནི་འདུག། ནང་གསེས་ཀྱི་དབྱེ་བ་ལུ་སྐུད་ཤུད་ཐགས་རས་འདི་མ་དཀརཔོ་གིས་འཐག་མི་ལུ་སླབ་ཨིན།
༤ དཔེ་གསར་ཟེར་མི་འདི་ འཐག་ཐགས་མི་ཚུ་གིས་ རང་སྟོབས་ཀྱི་རིག་རྩལ་དང་འཁྲིལ་ དཔེ་གསརཔ་བཟོ་སྟེ་ཐགས་མི་འདི་ལུ་ དཔེ་གསར་ཟེར་སླབ་ཨིན། ད་རུང་འདི་བཟུམ་སྦེ་ར་དཀྱི་ར་གི་མིང་གཞན་ཡང་ དམར་ཁྲ། དམར་གཤམ། ལུང་སེརམ། སེར་ཁྲ། སྤང་རྩེ། འཇའ་འགྲིགསམ། སྨན་རྩི་དམར་ཁྲ། སྒྲོམ་ཅུང་ཅནམ་ཟེར་ ང་བཅས་རའི་རྒྱལ་ཁབ་འདི་ནང་ དེ་་བཟུམ་མའི་དཀྱི་ར་གི་དབྱེ་བ་ལེ་ཤ་ཡོདཔ་ཨིན།
རྒྱབ་རྟེན།
༡ དྲག་ཤོས་སངས་རྒྱས་རྡོ་རྗེ། ཡེ་ཤེས་ལྷུན་གྲུབ། ཡོན་ཏན་དར་རྒྱས། (ཤིང་མོ་ལུག་ལོ་ ༢༠༡༥) འབྲུག་གི་དངོས་མེད་ལམ་སྲོལ། འབྲུག། ཐིམ་ཕུག། yoez Graphics
༢ རྒྱལ་གཟིམ་དྲགོས་རྡོ་རྗེ་རྒྱལ་མཚན། (ས་མོ་ཡོས་ལོ་ ༡༩༩༩) སྒྲིག་ལམ་རྣམ་གཞག་གི་དེབ་ཐེར་ནོར་བུའི་འཕྲེང་བ། འབྲུག། ཐིམ་ཕུག། ཀུན་གསལ་རང་སྐྱོང་ལས་འཛིན།
༣ མཁན་པོ་ཕུན་ཚོགས་བཀྲ་ཤིས། (ཆུ་མོ་ལུག་ལོ་ ༢༠༠༣) འབྲུག་གི་བཟོ་རིགས་བཅུ་གསུམ་གྱི་བཤད་པ་མཁས་པའི་འགའ་སྟོན། འབྲུག། ཐིམ་ཕུག། སྐལ་བཟང་གཞན་ཕན།
༤ kesang Anayat Yagenegi (2014) The Bhutanese art of weaving, Thimphu, Bhutan