དགོན་གཞས།

Wikipedia ལས།

༉   འབྲུག་གི་རྒྱལ་ཁབ་འདི་ ཆུང་པའི་དབང་ལུ་བལྟ་བ་ཅིན་ འཛམ་གླིང་སབ་ཁྲ་ནང་ལུ་ མེ་སྟག་བཟུམ་ཅིག་ལས་མེད་རུང་ སྔོན་དང་ཕུ་ རི་དང་བྲག་ དེ་ལས་ནགས་ཚལ་ཚུ་གིས་གང་སྟེ་ རྒྱལ་ཁབ་གཞན་དང་འབྲེལ་བ་འཐབ་མ་ཚུགས་པར་ སྐོབས་ཚུད་དང་གཅིག་པུར་སྦེ་གནས་ཏེ་སྡོད་ནུག། དེའི་ཚེ་ རྒྱལ་ཁབ་ནང་ལུ་ཡོད་པའི་ལུང་ཕྱོགས་ཚུ་ཡང་ རི་བྲག་དང་ནགས་ཚལ་ཚུ་གི་གང་ཡོདཔ་ལས་ ལུང་ཕྱོགས་རེ་རེ་ནང་ལུ་ རང་ཡུལ་གྱི་ལམ་སྲོལ་མ་འདྲཝ་ཚུ་དར་ཏེ་ཡོདཔ་ཨིན། ལུང་ཕྱོགས་སོ་སོ་ཚུ་ནང་ ལམ་སྲོལ་མ་འདྲཝ་ལེ་ཤ་དར་ཡོད་པའི་ལོ་རྒྱུས་དང་འབྲེལ་ འབྲུག་རྒྱལ་ཁབ་ནང་ལུ་ གཞས་རིགས་མ་འདྲཝ་བཞི་དེམ་ཅིག་དར་ཏེ་འདུག་ཟེར་ཞུ་ནི། དེ་ཡང་ སྤ་རོ་འུ་ཆུ་པའི་གཞས། དགོན་གཞས། ཝང་གཞས་དང་ནུབ་གཞས་བཅས་བཞི་ཡོདཔ་ཨིན། འདི་ཚུ་གི་ནང་ལས་ དགོན་གཞས་འདི་ མགར་ས་རྫོང་ཁག་གི་ མི་ཚུ་གིས་རྐྱབ་མི་གཞས་འདི་ལུ་སླབ་ཨིན། དེ་ཡང་ སྤྱི་ལོ་ ༡༦༡༦ ལུ་ དཔལ་ལྡན་འབྲུག་པ་རིན་པོ་ཆེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ བོད་ར་ལུང་ལས་འབྲུག་ལུ་བྱོན་པའི་སྐབས་ དགོན་གྱི་ས་གནས་ འབངས་བདེ་ཁ་ཟེར་སར་ཕེབས་པའི་སྐབས་ལུ་ འོབས་མཚོ་བླམ་རྣམ་རྒྱལ་གྱི་འགོ་འདྲེན་ཐོག་ལས་ ཞབས་དྲུང་འབྲུག་ལུ་ཕེབས་པའི་ དགའ་ཚོར་དང་རྟེན་འབྲེལ་ལུ་ བསུ་བ་བསུ་ལེན་གྱི་ཆས་བསྒྲིགས་ཏེ་ ཤར་ཕི་ལས་ཁྲི་གདུགས་ནམ་ཡང་ཤར།། ད་རེས་ཤར་བའི་ཁྲི་གདུགས་ལུས་དྲོ་དོ།། ས་བོད་ལས་མཚན་ལྡན་ནམ་ཡང་བྱོན།། ད་རེས་བྱོན་པའི་མཚན་ལྡན་བྱིན་རླབས་ཆེ།། ཟེར་བའི་བསྟོད་གླུ་གི་ཚིག་ཕུལཝ་དང་གཅིག་ཁར་ དགོན་གཞས་འདི་བྱུང་ནུག་ཟེར་ཨིན་པས། དེེ་གི་ཤུལ་ལས་ འབྲུག་གི་སྡེ་སྲིད་དང་པ་ སྡེ་པ་དབུ་མཛད་ཀྱིས་ ཞབས་དྲུང་གི་བཀའ་བཞིན་ དགོན་གཞས་འདི་ཡིག་ཐོག་ལུ་བཀོད་དེ་ དེ་ལས་ཚུར་ཁྱུན་མ་ཉམས་པར་ ད་ལྟོའི་བར་ན་ཡང་ བཟང་ལམ་ལམ་སྦེ་རྐྱབ་སྲོལ་འདུག་ཟེར་ཞུ་ནི།

དགོན་གཞས་འདི་རྐྱབ་པའི་སྐབས་ གཞས་དཔོན་གཅིག་གིས་ཁྱིད་དེ་ གཞས་རོགསཔ་ ༢༠ གིས་རྐྱབ་སྲོལ་ཡོདཔ་དང་ གཞས་འདི་ལུ་ ཆེད་བརྩོན་དང་བསྟུན་ཏེ་ གཤམ་ལུ་བཀོད་དེ་ཡོད་དོ་བཟུམ་ གཞས་རིགས་ལེའུ་ ༡༣ དེ་ཅིག་རྐྱབ་སྲོལ་འདུག། དེ་ཡང་ ༡ ས་བཅགས། ༢ ཕྱག་འཚལ་ལུགས། ༣ ཤར་ཕི་ལས་ཁྲི་གདུགས་ཉི་མ། ༤ ཚོགས་པ་ནམ་ཡང་ཚོགས། ༥ ནོར་བུ་དུང་དཀར། ༦ རྩལ་གསུམ་པ། ༧ བཞུགས་གྲལ། ༨ སྤ་ཚར། ༩ འཆམ་ཤོག། ༡༠ བྱ་ཆེན་ངང་པ། ༡༡ མེ་ཏོག་ཀུ་མུད། ༡༢ ཁྲི་གདུགས་ཉི་མ་རྒྱུག་རྒྱུག། ༡༣ ཆ་ལུགས་དང་བཅས་ བཅུ་གསུམ་འདུག་ཟེར་ཞུ་ནི། དགོན་གཞས་འདི་རྐྱབ་པའི་སྐབས་ལུ་ གཞས་ཀྱི་ཆས་ཚུ་ཡང་ སྤྱིར་བཏང་གི་ གཟུགས་ཁ་ལུ་གོ་ཁྲབ་གྱོན་པའི་བརྡ་ལུ་ ཆ་རི་དམརཔོ་གྱོན་དགོཔ་ཨིན་མས། གཞས་དཔོན་གྱིས་ལྕགས་རྨོག་དང་ དར་སྨན་ཙེའི་བཀབ་ནེ་བཀབ་དགོཔ་དང་ གཞས་རོགསཔ་ཚུ་གིས་ཀོ་པག་ཟེར་ མགོ་དཀྲིས་རེ་བཙུགས་དོ་ཡོདཔ་མས། དེ་ལས་རྒྱབ་ཁ་ལུ་དགྲ་ལི་བཏགས་པའི་བརྡ་ལུ་ གཞས་དཔོན་གྱིས་གོས་ཆེན་སྣ་བསྒྲིགས་ཅན་གྱི་སེ་སྐོརམ་དང་ གཞས་གཡོག་ཚུ་གིས་ དར་དཀརཔོ་སེ་སྐོརམ་རྐྱབ་དོ་ཡོདཔ་མས། གཞས་འཆམ་མི་ག་ར་ ལས་མགོན་བྱ་རོག་གི་རྣམ་སྤྲུལ་ཨིན་པའི་བརྡ་ལུ་ སྟོད་གོ་གནགཔོ་གྱོན་དོ་ཡོདཔ་དང་ ཁོང་ག་ར་ཞབས་དྲུང་ཁོ་རའི་སྒརཔ་ཨིན་པའི་བརྡ་ལུ་ ལག་རྒྱན་དཀརཔོ་བཀལ་དོ་ཡོདཔ་མས། དོ་རུང་ གྱི་གཞས་ཀྱི་སྐབས་ལུ་ དགྲ་ནམ་འོང་རུང་ གདོང་ལེན་འབད་ནིའི་ གྲ་སྒྲིག་ཡོད་པའི་བརྡ་ལུ་ སྐེད་པར་དཔའ་རྟགས་རེ་བཙུགས་དོ་ཡོདཔ་མས།

དགོན་གཞས་འདི་ དཔལ་ལྡན་འབྲུག་པ་རིན་པོ་ཆེ་ བོད་ལས་འབྲུག་ལུ་ཕེབས་པའི་དགའ་ཚོར་ལུ་ མགར་ས་ དགོན་ལུ་གསོལ་སྟོད་མཛད་ཡོདཔ་ལས་ དགོན་གཞས་འདི་ མགར་ས་ཚེས་བཅུ་དང་མཛད་སྒོ་རྟེན་འབྲེལ་ཚུ་གི་སྐབས་ རྐྱབ་སྲོལ་འདུག་ཟེར་ཞུ་ནི། དགོན་གཞས་འདི་ དཔལ་ལྡན་འབྲུག་པའི་ ལུགས་སྲོལ་རྙིང་ཤོས་ཅིག་ཨིན་པའི་གུ་ལུ་ གཞས་འདི་གིས་ ཞབས་དྲུང་འབྲུག་ལུ་འགོ་ཐོག་ཕེབས་པའི་ རྗེས་ཤུལ་སྟོནམ་ལས་ ཞབས་དྲུང་རིན་པོ་ཆེ་འདི་ འབྲུག་རྒྱལ་ཁབ་ལུ་ག་དེམ་ཅིག་ཁག་ཆེཝ་ཨིན་ན་ སྟོན་ཚུགས་པས་ཟེར་ཞུ་ནི། དེ་མ་ཚད་ གཞས་དང་འབྲེལ་བའི་ལམ་སྲོལ་ཚུ་ སྡེ་ཚན་ནང་ལུ་རྐྱབ་དགོཔ་ལས་ མི་སྡེ་ནང་ལུ་འབྲེལ་བ་ལེགས་ཤོམ་བཟོ་ནིའི་ལྷན་ཐབས་དང་ ལྷག་པར་དུ་ མགར་ས་ དགོན་ཚུ་གིས་བྱུང་རབས་ལས་བྱུང་ནི་འདི་གིས་ ཁོང་གིས་དཔའ་ཉམས་ཡང་བཞག་ཚུགསཔ་ལས་ འདི་བཟུམ་མའི་ལམ་སྲོལ་ཁྱད་འཕགས་ཅན་ཚུ་ རྒྱུན་ཆད་མ་བཅུག་པར་ འཕྲོ་མཐུད་བཞག་ནིའི་འབད་བརྩོན་བསྐྱེད་དགོ་པས་ཟེར་ཞུ་ནི།

རྒྱབ་རྟེན།

འབྲུག་དང་ཧི་མ་ལ་ཡཱ།

"https://dz.wikipedia.org/w/index.php?title=དགོན་གཞས།&oldid=30919" ལས་ སླར་འདྲེན་འབད་ཡོདཔ།