Jump to content

དགོན་ཚེ་ཕུག་གི་གནས། Goentshephug Nye

Wikipedia ལས།
དགོན་ཚེ་ཕུག་གི་གནས།

དགོན་ཚེ་ཕུག་གནས་འདི་སྤུ་ན་ཁ་རྫོང་ཁག་འོག་གི་དགོན་ཤར་རི་རྒེད་འོག་ལུ་ རྒྱ་མཚོ་ལས་མཐོ་ཚད་མི་ཊར་ ༢༤༢༢ ལུ་ཆགས་ཏེ་ཡོདཔ་ཨིན། ག་ནི་བ་བྱིན་ཅན་གྱི་ཚེ་རིང་བྱག་ཕུག་འདི་བྲག་ཕུག་མཱ་ར་ཏི་ཀ་གསུམ་པ་སྦེ་ངོས་འཛིན་འབདཝ་ཨིནམ་ད་ དེ་མཇལ་བ་ཅིན་བལ་ཡུལ་ལུ་ཡོད་པའི་གུ་རུའི་བྱག་ཕུག་བྱིན་ཅན་མ་ར་ཏི་ཀ་མཇལ་བའི་ཁྱད་ཆོདཔ་ཨིན་ཟེར་སླབ་ཨིན་མས། དགོན་ཚེ་ཕུག་འདི་དུས་རབས་ ༨ པའི་ནང་ལུ་འབྲུག་རྒྱལ་ཁབ་ནང་ལུ་བྱོན་མི་གུ་རུ་བསམ་བྷ་ཝ་དང་འབྲེལ་བ་སྦོམ་ཡོདཔ་ཨིན། དེ་ཡང་གུ་རུ་པདྨ་བསམ་བྷ་ཝ་འདི་ནེ་པཱལ་གྱི་བྱག་ཕུག་མ་ར་ཏི་ཀ་ནང་ལུ་ ཚེའི་སྒྲུབ་པ་གནང་ཚར་བའི་ཤུལ་ལས་འ་ནཱི་རྩ་ཅན་གྱི་གནས་དགོན་ཚེ་ཕུག་གི་བྱག་ཕུག་ནང་ལུ་བྱོན་ཞིནམ་ལས་རྐྱངམ་གཅིག་ མགོན་པོ་སངས་རྒྱས་ཚེ་དཔག་མེད་ཀྱི་ཞལ་དངོས་སུ་མཇལ་ཏེ་ ཚེའི་དོངས་གྲུབ་ཐོབ་ཅི་ཟེར་བའི་གསུང་གི་གནང་བ་ཐོབ་ཡོདཔ་སྦེ་བཤདཔ་ཨིན་མས། དེ་གི་ཤུལ་ལས་གྲུབ་ཐོབ་རྒོད་ཚངས་པའི་སློབ་མ་སྤྲུལ་སྐུ་རྒྱལ་མཚན་དཔལ་བཟང་གིས་ དགོན་པ་ཅིག་གཞི་བཙུགས་ཡོདཔ་ཨིན་མས། ལྷ་ཁང་འདི་ནང་ལུ་ནང་རྟེན་བྱིན་ཅན་ལེ་ཤ་ཡོད་པའི་གྲལ་ལས་  ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་དབུ་ཞྭ་གསེར་སྒྲོན་ཏེ་ཡོད་མི་འདི་གཙོ་ཅན་ཅིག་སྦེ་རྩིཝ་ཨིན་མས། དགོན་པ་འདི་ནང་ལུ་གུ་རུ་རིན་པོ་ཆེ་གི་སྐུ་འདྲ་གསུང་བྱོན་མ་འདི་ཡང་ནང་རྟེན་གྱི་ནང་ལས་གཙོ་བོ་ཅིག་སྦེ་ཡོདཔ་ཨིན་མས། གུ་རུ་གསུང་བྱོན་མའི་ལོ་རྒྱུས་དེ་ཡང་སྐུ་འདྲ་འདི་འཇིམ་བཟོ་པན་ཙ་དེ་ཝ་ཟེར་མི་གིས་སྤུ་ན་ཁ་ལུ་ བུམ་ཐང་རྫོང་ཁག་ནང་ལུ་གཏང་ནི་སྦེ་བཞེངས་ཚར་བའི་ཤུལ་ལུ་ བུམ་ཐང་ལུ་གཏང་ནི་འབདཝ་ད་སྐུ་འདྲ་འདི་གིས་ ཁོ་བུམ་ཐང་མེན་པར་དགོན་ཚེ་ཕུག་ལུ་གཏང་དགོཔ་སྦེ་གསུངས་ཡོད་མི་ལུ་བརྟེན་ཏེ་སྐུ་འདྲ་འདི་བུམ་ཐང་མེན་པར་དགོན་ཚེ་ཕུག་ལུ་གཏང་ཡོདཔ་ཨིནམ་ལས་ སྐུ་འདྲ་དེ་གི་མཚན་ཡང་གུ་རུ་གསུང་བྱོན་མ་ཟེར་དར་ཡོད་པའི་ལོ་རྒྱུས་ཨིན་མས། རྒྱུ་མཚན་དེ་གིས་སྦེ་གུ་རུ་གསུང་བྱོན་མ་འདི་ནང་རྟེན་གྱི་ནང་ལས་གཙོ་ཆེ་ཤོས་ཅིག་སྦེ་བརྩི་དགོ་མི་འདི་ཨིན་མས།

དགོན་པ་གི་འཛུལ་ཞུགས་འབད་སའི་སྒོ་ཁ་ལུ་རྡོ་སྦོམ་ཅིག་ཡོད་མི་འདི་ གུ་རུ་གིས་བཏུལ་བའི་བདུད་ཀྱི་ཡ་མཆུ་ཅིག་ཨིནམ་སྦེ་ཡིད་ཆེས་བསྐྱེདཔ་ཨིན་མས། འ་ནཱི་རྡོ་ཕུག་གི་གདོང་ཁར་གུ་རུ་རིན་པོ་ཆེ་གིས་ཞབས་རྗེས་གསུམ་མཇལ་ནི་ཡོདཔ་མ་ཚད་ ལོ་རྒྱུས་ལྟར་དུ་འབད་བ་ཅིན་གུ་རུ་འདི་ཞབས་འ་ནཱི་རྡོ་ཕུག་གུར་བཞག་ཞིན་ན་་དགའ་ས་གི་ཚེ་ཆུ་བྲག་ལུ་འཕུར་བྱོན་སོཔ་ཨིན་ཟེར་སླབ་ཨིན་མས། རྡོ་ཕུག་དེ་གུར་གཏེར་བཏོན་ཆེན་པོ་རྡོ་རྗེ་གླིང་པ་གི་ཞབས་རྗེས་ཡང་མཇལ་ནི་ཡོདཔ་ཨིན་མས། དེ་ལས་རྡོ་ཕུག་དེ་གི་སྦོ་ལོགས་ཁར་ལྷའི་དཔག་བསམ་ལྗོན་ཤིང་ཨིན་ཟེར་ ཤིང་སྦོམ་ཅིག་ཡོད་མི་དེ་གིས་གནམ་དབྱར་དགུན་མེད་པར་རྡོག་མ་བཏགསཔ་ཨིན་མས། ཚེ་བུམ་གཙོ་བོ་ཡོད་སའི་བྱག་ཕུག་ནང་ལུ་འགྱོ་སའི་སྒོ་གི་གཡས་ཁ་ཐུག་ལུ་ ཚེ་ཆུ་འདི་ཆུ་གཡུར་བཏོན་ཏེ་ཡོདཔ་ཨིན་མས། དེ་ལས་རྡོའི་ལམ་དོག་ཁག་ཁ་ནང་ལས་འཛུལ་འགྱོ་བའི་སྐབས་ལུ་ རྡོ་ལེ་ཤ་ཡོད་པའི་གོ་ཡངས་ཅན་གྱི་ས་གོ་ནང་ལྷོདཔ་ཨིན་མས།  དེ་ཁར་བྱག་ཕུག་གི་རྩེ་ལས་གླངམོ་ཆེ་གི་ལྷ་པ་ལས་ ཚེ་ཆུ་ཐིགས་པ་འདི་འབབ་དོ་ཡོད་པའི་ཡིད་ཆེས་བསྐྱེདཔ་ཨིན་མས། དེ་གི་ཨ་ཙི་ལྟག་ལུ་བྱག་ཕུག་ཆུང་ཀུ་ཅིག་ནང་ལུ་ བལ་ཡུལ་གྱི་བྲག་ཕུག་མཱ་ར་ཏི་ཀ་ལས་འཕུར་འོང་ཡོད་པའི་ དགོན་ཚེ་ཕུག་གི་གཏེར་མཛོད་ངོ་མ་ཚེའི་བུམ་པ་འདི་གུར་གཏེར་ཡིག་ཨ་རང་བྱུང་སྦེ་བྲིས་མི་ཅིག་ཡོདཔ་ཨིན་མས།

The sacred cave of longevity ney

འ་ནཱི་འདི་བྱག་ཕུག་འདི་གནམ་མེད་ས་མེད་བྱིན་བརླབས་ཅན་ཅིག་ཨིན་དགོ་མི་དེ་ཡང་ གུ་རུ་གིས་སངས་རྒྱས་མགོན་པོ་ཚེ་དཔག་མེད་ཀྱི་ཞལ་མཇལ་ཏེ་གསུང་ཐོས་ཞིན་ན་ ཚེའི་དབང་ཐོབ་ཡོད་ནེ་དེ་གིས་ཨིན་མས། ཚེའི་བུམ་པའི་བྱག་ཕུག་གི་མཐའ་མར་ལྕགས་ཀྱི་ཨེ་ཁུག་ཅིག་ཡོད་མི་དེ་གིས་ མཁའ་འགྲོ་གི་སྒོམ་གནས་སའི་བྱག་ཕུག་ནང་ལུ་ལྷོདཔ་ཨིན་མས། འ་ནཱི་མཁའ་འགྲོ་གི་བྱག་ཕུག་གི་མཐའ་མར་ དགེ་སྡིག་ངེས་གཏན་བཟོ་སའི་གནས་ཅིག་ཡོདཔ་ཨིན་མས། དེ་ལས་ལོག་དགོན་པ་ལུ་ལྷོད་དེ་ཡར་ལྟ་འཛེགས་ཞིན་ན་ གནས་དེ་གི་གདོང་ཁ་ལུ་སྒྲོལམ་ཉི་ཤུ་རྩ་གཅིག་རང་བྱོན་མའི་སྐུ་འདྲ་གཡིབ་ཡོད་མི་ཚུ་མཇལ་ཚུགསཔ་ཨིན་མས། སྒྲོལམ་ཉི་ཤུ་རྩ་གཅིག་ཡོད་པའི་བྱག་ཕུག་གི་སྦོ་ལོགས་ཁར་ཡོད་པའི་རྡོ་གུར་ གུ་རུ་དེ་ཁར་བཞུགས་ཏེ་སེམས་ཅན་ག་ར་ཉེན་སྐྱོབ་འབད་ནི་གི་དོན་ལུ་ ཐུགས་སྨོན་གནང་བའི་མཚན་རྟགས་འདི་མཇལ་ཚུགསཔ་ཨིན་མས། འ་ནཱི་ས་གོ་འདི་ལས་ས་ཆ་ཚུ་ག་ར་ཡ་མཚན་ཆེ་ཏོག་ཏོ་སྦེ་མཐོང་ཚུགསཔ་ཨིན་མས། དེ་གི་ནང་ལས་ཡང་གནས་དེ་གི་ལྕགས་རི་ལས་ཕར་རི་སྦོམ་ཚུ་ལུ་ལྟ་སྟེ་སེམས་ཁར་ཡོད་པའི་སྡུག་བསྔལ་ཚུ་ཡང་ ག་ར་སངས་འགྱོཝ་ཨིན་མས།

དེ་ལས་དགོན་པ་འདི་གི་ལྟག་ལུ་ཡོད་པའི་རྡོ་ཕུག་གི་སྟེང་ཐོག་ཁར་ མཁའ་འགྲོ་མ་ཚུ་གིས་གུ་རུ་རིན་པོ་ཆེ་ལུ་གསོལཝ་དང་ཚོགས་ཚུ་འབད་དེ་དྲངས་པའི་ གསོལ་ཐབ་ཅིག་ཡང་མཇལ་ནི་ཡོདཔ་ཨིན་མས། དེ་ཁར་རྡོ་ཕུག་གི་རྩ་བ་ལས་ཡར་རྡོ་ཕུག་གི་མགུ་ཏོ་གུར་འཛེགས་འགྱོ་ནི་ཡང་ སྔོ་ཤིང་ཚུ་ལས་རོབ་འབྱེལ་ཚུ་གིས་ཨེ་ཁུག་ལུ་བརྟེན་ཏེ་འགྱོ་མི་འདི་ཡ་མཚན་ཆེ་ཏོག་ཏོ་ཅིག་ཨིན་མས། དགོན་པ་གི་འོག་ལུ་ཡོད་པའི་བདུད་ཀྱི་ཡ་མཆུ་གི་སྦོ་ལོགས་ཁར་ ཨོཾ་ཨཱ་ཧཱུཾ་གི་ཡི་གུ་རང་བྱོན་མ་འདི་མཇལ་ཚུགསཔ་ཨིན་མས། ཡི་གུ་ཚུ་ཡང་སྦོ་ལོགས་སྦྱར་ཏེ་ལྟ་བ་ཅིན་ ཡི་གུ་ག་ར་ཡ་མཚན་ཆེ་ཏོག་གོ་སྦེ་ཡར་ལོངས་ཏེ་མཐོངམ་ཨིན། འ་ནཱི་ཡི་གུ་ཡོད་པའི་ས་གོ་འདི་གུ་རུ་གིས་དམ་ལ་བཏགས་ཡོད་པའི་ བདུད་ཀྱི་དོན་ཧིང་ཨིན་ཟེར་ཡིད་ཆེས་བསྐྱེདཔ་ཨིན་མས། དེ་ལས་དཀར་མེ་མཆོད་ཁང་གི་མཐའ་མ་ལས་ཕར་ དབང་ཕྱུག་ཆེན་པོ་དུང་དཀར་ཕོ་དང་མོ་གཅིག་ཁར་སྦེ་མཇལ་ནི་ཡོདཔ་ཨིན་མས། རྡོ་གི་གདོང་ཁར་དོང་གཅིག་ཡོད་མི་འདི་ཧེ་མ་ གཏེར་བཏོན་རྡོ་རྗེ་གླིང་པ་གིས་གཏེར་བཞེས་པའི་དོང་ཨིན་ཟེར་སླབ་ཨིན་མས། (མར་བཱེ་ལཱསི་བྷུ་ཊ་ཊ་ཝལ། གནམ་ལོ་མེད། སྤྱི་ལོ་ ༢༠༠༣)

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

རྒྱབ་རྟེན་དཔེ་ཐོ།

༡. མར་བཱེ་ལཱསི་བྷུ་ཊ་ཊ་ཝལ། སྤུ་ན་ཁ་དོགན་ཚེ་ཕུག། གནམ་ལོ་མེད། སྤྱི་ལོ་ ༢༠༠༣། ཡོངས་འབྲེལ་ཁ་བྱང་། https://www.marvellousbhutan.com/