དབྱར་གནས། Ι Yarney, the summer religious confinement
ངོ་སྤྲོད།
[ཞུན་དག]དེ་ཡང་འདུལ་བ་གཞི་ལས། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་ རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ ཟས་སྦྱིན་གྱི་ཀུན་དགའ་ར་བར་དབྱར་བཞུགས་པར་ཞལ་གྱིས་བཞེས་སོ། །དེའི་ཚེ་དགེ་སློང་དག་དབྱར་གྱི་ནང་ལོགས་སུ་ལྗོངས་རྒྱུ་ཞིང་དོང་ངོ་། །དེ་དག་དབྱར་གྱི་ནང་ལོགས་སུ་ལྗོངས་རྒྱུ་ཞིང་དོང་བ་དག་མི་སྦེད་ཅིང་མ་བསྲུངས་ལ་མ་སྦས་པར་གྱུར་པ་དག་ལ་མུ་སྟེགས་ཅན་རྣམས་ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ནི་སྲོག་གཅོད་པ་ཡིན་ཏེ། སྲོག་གཅོད་པ་ལས་མ་ལོག། རྣམ་པར་མ་ལོག། ཕྱིར་མ་ལོག་པ་འདི་དག་དབྱར་གྱི་ནང་ལོགས་སུ་ལྗོངས་རྒྱུ་ཞིང་འདོང་སྟེ། དབྱར་གྱི་ནང་ལོགས་སུ་ལྗོངས་རྒྱུ་ཞིང་འདོང་བ་ན། སྲོག་ཆགས་ཕྲ་མོ་དང་ཤིན་ཏུ་ཕྲ་མོ་མང་པོའི་ཚོགས་རྣམས་བརྫིས་ནས་སྲོག་དང་བྲལ་བར་བྱས་སོ། རེ་ཞིག་བྱེའུ་ཁུག་རྟ་ཡང་དབྱར་ཟླ་བ་བཞི་རང་གི་ཚང་ན་ཞུམ་ཞུམ་པོར་བྱས། ཀུན་ཏུ་ཞུམ་ཞུམ་པོར་བྱས་ནས་བསྐུམས་ཤིང་བསྐུམས་ནས་འདུག་ན། དགེ་སྦྱོང་མགོ་རེག་འདི་དག་ནི་ཁས་ལེན་པ་ཙམ་ཡང་མི་ཤེས་ན། དགེ་སྦྱོང་མགོ་རེག་འདི་དག་ལ་ བསོད་སྙོམས་སྦྱིན་པ་དང་དེ་ལ་བྱ་བར་སེམས་པ་ལྟ་སུ་ཞིག་ཡོད་ཅེས་སྨོད་པར་བྱེད། འཕྱ་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། དགེ་སློང་གིས་དབྱར་གནས་པར་དམ་བཅའ་བར་བྱའོ། །ཞེས་པ་ལ་བརྟེན་ནས་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ལ་དབྱར་སྔ་མ་ཁས་ལེན་དགོས་པའི་ཁྲིམས་བཅས་སོ། །ཡང་རི་བྲག་གི་གཙུག་ལག་ཁང་ཞིག་ཏུ་དབྱར་གནས་པ་ལས་འཇིག་པ་བྱུང་ནས་དགག་དབྱེ་མ་བྱས་པར་མཉན་ཡོད་དུ་འོངས་པས་དབྱར་ཐ་ཆུང་གི་ཚེས་བཅུ་དྲུག་ལ་དབྱར་ཕྱི་མ་ཁས་ལེན་དགོས་པ་བཅས་སོ།། (ཡི་མ་ལ་ཡའི་འཕྲུལ་སྨྱུག། གནམ་ལོ་མེད། སྤྱི་ལོ་ ༢༠༡༤)
བྱུང་རབས།
[ཞུན་དག]དེ་ཡང་སྤྱིར་དབྱར་གནས་ཞེས་པའི་གོ་དོན་འདི་ བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་ ཕྱི་རོལ་མུ་སྟེགས་པའི་འཕྱར་ཁ་བསལ་ནིའི་དོན་ལུ་དང་ ནང་ན་ལུ་ཐོས་བསམ་སྒོམ་གསུམ་གྱི་དགེ་སྦྱོར་ གོང་ལས་གོང་འཕེལ་གཏང་བའི་ཐབས་ལུ་དམིགས་ཏེ་ རབ་ཏུ་བྱུང་མི་དགེ་སློང་ཚུ་དམིགས་བསལ་དུ་གནམ་བྱཱར་གྱི་དུས་ཚོད་ནང་ལུ་ གཙུག་ལག་ཁང་གི་ཕྱོགས་བཞི་ལུ་ ས་མཚམས་བཅད་དེ་རྡོ་མཚམས་བཞག་ཞིན་ན་ བྱིན་གྱིས་མ་བརླབས་པར་ ས་མཚམས་བརྒལ་ཏེ་འགྱོ་མ་ཆོག་པའི་ཁྲིམས་བཟོ་སྟེ་ ས་མཚམས་ཀྱི་ནང་ན་ར་སྡོད་དེ་གཙོ་བོ་ཀློག་པ་ཐོས་བསམ་དང་ སྤོང་བ་བསམ་གཏན་ལུ་བརྩོན་ཤུགས་བསྐྱེད་དེ་ བཞུགས་དགོ་པའི་ཆོས་ཕྱོགས་ཀྱི་མཛད་རིམ་ཅིག་ལུ་སླབ་ཨིན།
དབྱར་གནས་ཚོགས་དགོ་པའི་དགོས་པ་ཚུ་ཡང་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདུལ་བའི་གཞུང་ལས་ དངོས་དང་བརྒྱུད་པའི་དགོས་པ་ལེ་ཤ་གསུངས་ཡོད་རུང་ ད་རེས་མདོར་བསྡུས་ཅིག་གོ་བདེ་བའི་དབང་དུ་བཏང་སྟེ་ཞུ་ནི་ཨིན། དེ་ཡང་གཙོ་བོ་གནམ་བྱཱར་གྱི་དུས་ལུ་ དྲོད་དང་སྒོང་རྡོག་ཚུ་ལས་སྲོག་ཆགས་ལེ་ཤ་སྐྱེས་པའི་འབུཔ་དང་གྱོག་མོ་ཚུ་ ས་ཁར་ཐདམ་ཐད་ཁར་གནས་པའི་དུས་ཚོད་ངོ་མ་ཅིག་ཨིནམ་ལས་ ང་བཅས་ར་མི་ཚུ་ཕར་དང་ཚུར་འགྱོ་ནི་མང་པ་ཅིན་ འབུཔ་དང་གྱོག་མོ་སེམས་ཅན་ཉམ་ཆུང་གྱངས་ཁ་མ་ཆོདཔ་ཅིག་ང་བཅས་རའི་རྐངམ་གིས་བསྣད་དེ་ ཁོང་གི་སྲོག་ལུ་གནོད་ནིའི་ཉེན་ཁ་སྦོམ་ཡོདཔ་མ་ཚད་ གནམ་བྱཱར་འདི་ཆར་ཆུ་འབོལ་བའི་དུས་ཚོད་ཅིག་ཡང་ཨིནམ་ལས་ འགྲོ་འགྲུལ་འབདཝ་ད་ས་རུད་དང་ཆུ་རུད་ཚུ་གིས་ རང་གི་སྲོག་ལུ་ཡང་གནོད་པའི་ཉེན་ཁ་ ལེ་ཤ་ཡོད་པའི་དུས་སྐབས་ཅིག་ཨིན་མི་ལུ་བརྟེན་ཏེ་ཨིན་མས། དོན་ཚུར་བསྡུ་བ་ཅིན་ རང་དང་གཞན་གཉིས་ཆ་རའི་ཚེ་སྲོག་ལུ་ གནོད་པའི་རྒྱུ་རྐྱེན་དང་ཉེན་ཁ་ཚུ་མང་དྲགས་སྦེ་ཡོད་པའི་དུས་ཚོད་ཁར་ ཐག་རིང་གི་ས་ཁར་འགྲོ་འགྲུལ་འབད་ནི་ཚུ་རྒྱབ་ཁར་བསྐྱུར་སྟེ་ དུས་ཚོད་དེ་ཁར་ཆོས་ཕྱོགས་ཀྱི་དགེ་སྦྱོར་གྱི་ལཱ་དང་ བྱ་བ་ཚུ་ལུ་བརྩོན་ཤུགས་བསྐྱེད་ནིའི་དོན་ལུ་ དབྱར་གནས་ཚོགས་དགོཔ་སྦེ་བཟོ་ཡོདཔ་ཨིན་མས།
དེ་བསྒང་སྟོན་པ་བཅོམ་ལྡན་འདས་ འཇིག་རྟེན་འདི་ནང་ལུ་སྐུ་འཚོ་ཞིང་བཞུགས་པའི་སྐབས་ལུ་ རབ་ཏུ་བྱུང་མི་འཚོ་བ་བསོད་སྙོམས་ལུ་བརྟེན་ཏེ་བཞུགས་དགོཔ་ཅིག་སྦེ་ གནམ་བྱཱར་ལུ་ཡང་ཉིན་རེ་བཞིན་དུ་བསྟན་པའི་འབྱོར་ལྡན་གྱི་སྦྱིན་བདག་ཚུ་འབད་སར་ བསོད་སྙོམས་བཞེས་ནིའི་དོན་ལུ་ཕར་ཚུར་འགྲོ་འགྲུལ་འབད་སར་ ཕྱི་རོལ་མུ་སྟེགས་པ་ཚུ་གིས་མཐོངམ་ད་མིག་ཁར་མ་མཛེསཔ་མ་ཚད་ སེམས་ཁར་མ་བབས་ལས་ནང་པའི་རབ་བྱུང་ཚུ་ དམིགས་བསལ་གྱིས་གནམ་བྱཱར་འབུཔ་དང་གྱོག་མོ་གྱངས་ཁ་མེདཔ་ ས་ཁར་ལུ་ཕར་དང་ཚུར་མང་སུ་སྦེ་འགྱོ་བའི་དུས་སྐབས་ལུ་ཡང་ སྡོད་མ་ཚུགས་པར་ ཕར་ཚུར་འགྱོ་ཞིན་ན་ སྡི་ཆེ་སྙིང་རྗེ་མེད་དོ་བཟུམ་སྦེ་སེམས་ཅན་ལེ་ཤ་གི་སྲོག་བཅད་དེ་ སྡིག་པ་བསགས་དོ་ཟེར་ ཁ་བཏང་མི་དེ་བཀག་ནིའི་དོན་ལུ་ སྟོན་པ་བཅོམ་ལྡན་འདས་ཀྱིས་རབ་བྱུང་ཚུ་ དབྱར་གནས་འཚོགས་དགོ་པའི་བཀའ་ཁྲིམས་བཅད་དེ་དབྱར་གནས་ཀྱི་ ཆོས་ཀྱི་ལམ་སྲོལ་གསར་བཙུགས་མཛད་ཡོད་མི་དེ་ གྲ་མ་ཉམས་གྲུ་མ་པར་ རྒྱལ་ཁབ་ཀྱི་ས་གནས་ཁག་ནང་ལུ་དར་ཞིང་རྒྱས་ཏེ་ཡོདཔ་ཨིན།
ང་བཅས་རའི་འབྲུག་ཙན་དན་བཀོད་པའི་རྒྱལ་ཁབ་འདི་ན་ལུ་ཡང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་རྒྱབ་སྐྱོར་དང་ གནས་རྟེན་འདུལ་བ་འཛིན་པ་ཆེན་པོ་ སྐྱབས་རྗེ་ཁྲི་ཟུར་རིན་པོ་ཆེ་ རྗེ་བཙུན་བསྟན་འཛིན་དོན་གྲུབ་མཆོག་གི་ ཐུགས་རྗེ་བཀའ་དྲིན་ལུ་བརྟེན་ཏེ་ གནས་ཆེན་རྟ་མགོ་རྡོར་གདན་གྱི་གདན་ས་གོང་འོག་གཉིས་ཀྱི་གཙོས་པའི་ རབ་བྱུང་གི་དགེ་སློང་ཡོད་པའི་ཆོས་སྡེ་ཚུ་ནང་ལུ་ ལོ་བསྟར་བཞིན་དུ་ རང་ཟླ་༦ པའི་ཚེས་༡༦ ལས་འགོ་བཙུགས་ཏེ་ཟླཝ་གཅིག་དང་ཕྱེད་ཀྱི་རིང་ལུ་ ས་མཚམས་རྡོ་མཚམས་བཅད་དེ་ཡོད་པའི་ས་གོ་ལས་བརྒལ་མ་འགྱོ་བར་ དེའི་ནང་ན་ར་སྡོད་དེ་ དབྱར་གནས་འདི་ཚོགསཔ་ཨིན།
དེ་སྦེ་ཟླཝ་གཅིག་དང་ཕྱེད་ཀྱི་རིང་ལུ་ དབྱར་གནས་སྦེ་བཞུགས་པའི་ཕན་ཡོན་ཡང་ལེ་ཤ་ཡོད། དེ་ཡང་དབྱར་གནས་ཀྱི་སྐབས་ལུ་ གཙོ་བོ་ ས་མཚམས་ལས་མ་བརྒལ་བར་ འཇིག་རྟེན་པ་ཚུ་ དད་པ་ལོག་པའི་རྒྱུ་ཚུ་སྤངས་སྦེ་ ཐ་ན་སེམས་ཅན་ཆུང་ཀུ་ཅིག་གི་ཚེ་སྲོག་ལུ་ཡང་རྩིས་འཇོག་འབད་དེ་ སྲོག་གཅོད་ལ་སོགས་པའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། མཚམས་ཀྱི་ནང་ན་བཞུགས་ཏེ་ ཟླ་རིམ་གྱི་གསོ་སྦྱོང་དང་ ཉིན་བསྟར་གྱི་དགེ་སྦྱོང་ལུ་ བརྩོན་པའི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་ དེ་བཟུམ་སྦེ་དད་ཅན་གྱི་སྦྱིན་བདག་ཚུ་གི་གཙོས་པའི་ཕ་མ་སེམས་ཅན་ཐམས་ཅད་ཀྱི་དོན་ལུ་ བསྔོ་བ་སྨོན་ལམ་ཚུ་བཏབ་སྟེ་ ཚུལ་ཁྲིམས་གསུམ་གྱི་ཉམས་ལེན་ལུ་གཙོ་བོར་བཏོན་ཏེ་ བསྟན་དང་འགྲོ་བའི་དོན་ལུ་དམིགས་ཏེ་ དམ་པའི་ཆོས་ཀྱི་བྱ་བ་རླབས་ཆེན་མཛད་པའི་ཕན་ཡོན་ བསམ་གྱིས་མི་ཁྱབ་པ་མཐོང་ཆོས་སུ་གནས་ཡོད། དབྱར་གནས་སྐབས་ལུ་རབ་ཏུ་བྱུང་བའི་དགེ་སློང་ཚུ་ ཕྱི་ས་མཚམས་བརྒལ་ཏེ་ འགྱོ་མ་ཆོག་པའི་ཁར་ ནང་ན་ཉིན་མཚན་ཀུན་ཏུ་ཆོས་ཀྱི་བྱ་བ་ལུ་ བརྩོན་ཤུགས་བསྐྱེད་པའི་དམིགས་བསལ་གྱི་དུས་ཚོད་ཅིག་ཨིནམ་ལས་ དད་ཅན་སྦྱིན་བདག་ཚུ་གིས་གསོལ་ཇ་དང་དགུང་ཚིགས་དྲངས་ནི་ ལ་སོགས་པའི་ཞབས་ཏོག་བསྙེན་བཀུར་ཞུ་བ་ཅིན་ བསོད་ནམས་དཔག་ཏུ་མེདཔ་བསགས་པའི་དུས་བཟང་ཁྱད་པར་ཅན་ཅིག་ཨིན་ཟེར་ཞུ་ནི་ཨིན། (གནས་ཆེན་བྲག་དཀར་པོ། དབྱར་གནས་ཀྱི་ངོ་སྤྲོད་མདོར་བསྡུས། གནམ་ལོ་མེད། སྤྱི་ལོ་ ༢༠༢༠)
ཡི་མ་ལ་ཡའི་འཕྲུལ་སྨྱུག་གིས་བཀོད་མི་ནང་ལུ་ དབྱར་གནས་ཀྱི་ཁྲིམས་དེ་ཡང་ དགེ་སྦྱོང་གི་ཆོས་བཞི་ལས་མ་བརྒལ་བར་སྡོད་ནི་དང། ཆོས་སྤྱོད་བཅུའི་བྱ་བ་ལུ་བརྩོན་འགྲུས་བསྐྱེད་དེ་བསླབ་ནི་དང༌། དབྱར་དགེ་འདུན་གྱི་ནང་ལུ་འཁྲུག་ལོང་མི་བསྐྱེད་ནི་དང་། ལྟུང་བ་གླེང་དྲན་མི་འབད་ནི་དང༌། དབྱར་ནང་ལུ་ཨུ་ཚུགས་བསྐྱེད་དེ་ལཱ་འབད་ནི་སྤང་བ་དང༌། དབྱར་གྱི་ཚུལ་ཁྲིམས་ཉམས་ནི་སྤང་བ་དང༌། ཚུལ་ནང་ན་རྙེད་པ་བགོད་པ་སྤང་བ་དང༌ བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་ཁར་མི་འགྱོ་ནི་ཚུ་ དབྱར་གྱི་ཁྲིམས་ཚུ་ཚུལ་བཞིན་དུ་གནས་དགོཔ་ཨིན་མས།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་ཐོ།
[ཞུན་དག]༡༽ གནས་ཆེན་བྲག་དཀར་པོ། དབྱར་གནས་ཀྱི་ངོ་སྤྲོད་མདོར་བསྡུས། གནམ་ལོ་མེད། སྤྱི་ལོ་ ༢༠༢༠། ཕེསི་བྷུག། ཡོངས་འབྲེལ་ཁ་བྱང་། https://www.facebook.com/102498447832600/photos/a.130823695000075/+298610468221396/?type=3
༢༽ ཡི་མ་ལ་ཡའི་འཕྲུལ་སྨྱུག། དབྱར་གནས་ཚོགས་པའི་དགོས་པ་དང་འབྲེལ་བའི་སྐོར། གནམ་ལོ་མེད། སྤྱི་ལོ་ ༢༠༡༤།