Jump to content

དུང་ཆེན་སྨན་ཆུ།

Wikipedia ལས།

དུང་ཆེན་སྨན་ཆུ།

༉ དུང་ཆེན་སྨན་ཆུ་འདི་ དར་དཀར་ན་རྫོང་གི་གཡོན་ཁ་ཐུག་ལས་ ནགས་ཚལ་ནང་ལས་མར་བབས་ཏེ་འགྱོཝ་ད་ དུས་ཡུན་སྐར་མ་ ༤༠ དེ་ཅིག་གི་ས་ཁར་ཆགས་ཡོདཔ་དང་ དེ་ཡང་རྒྱ་མཚོའི་ཁ་ལས་མཐོ་ཚད་མི་ཊར་ ༡༣༠༠ དེ་ཅིག་ཁར་ཨིན་པས། (དད་པའི་ས་བོན། གནམ་ལོ་མེད། ༢༠༡༥) དུང་ཆེན་སྨན་ཆུ་ཟེར་སླབ་དགོ་མི་འདི་ཡང་ ཧེ་མ་གནས་འདི་ཁ་ལས་དུང་ཆེན་ཅིག་རང་གཏེར་སྦེ་བྱོན་ཏེ་ དུང་ཆེན་སྨན་ཆུའི་གདོང་གཏད་ལུ་ཡོད་པའི་བདེ་སྐྱིད་གླིང་ལྷ་ཁང་ལུ་བལྟ་སྟེ་འཕུར་བྱོན་ནུག། དུང་ཐོན་སའི་བྱག་གི་དོང་ནང་ ཆུ་སྦོམ་ཚད་རན་ཏོག་ཏོ་ཅིག་ཐོན་མི་དེ་གིས་ ཁ་ལུ་འཐུང་སྟེ་གཟུགས་འཁྱུཝ་ལ་སོགས་པ་འབདཝ་ད་ ནད་རིགས་མ་འདྲཝ་ཚུ་ལས་དྲག་ཚུགས་པའི་ནུས་པ་ཡོདཔ་ལས་ དུང་ཆེན་སྨན་ཆུ་ཟེར་ཡོངས་གྲགས་སོང་ཡོདཔ་སྦེ་ཨིན་པས། (གནས་ཡིག་ཀུན་ཕན་ལམ་སྟོན།གནམ་ལོ་མེད། ༢༠༡༣ །)

དུང་ཆེན་གཏེར་བྱོན་ས་འདི་ བྱག་གི་སྐེད་པ་ལས་ཨིནམ་དང་ དོང་འདི་རིང་ཚད་ཡང་མི་ཊར་ ༨ ལྷག་ཙམ་ཅིག་འོང་ནི་ཨིན་མས། དོང་གི་དབྱིབས་ཡང་ དུང་གི་བཟོ་དབྱིབས་བཟུམ་སྦེ་ཐད་སྒོར་སྒོར་ཡོདཔ་དང་ ད་རུང་ལོགས་ཅིག་ཁ་ལས་ དུང་ཆེན་ཡ་གཅིགཔོ་དེ་ཡང་ གཏེར་འབྱོན་ནི་འབདཝ་ད་གནམ་ལངས་ཏེ་ བྱོན་མ་ཚུགས་པར་ལུས་སོངཔ་ལས་ མ་འོངས་པའི་ནང་ལོག་སྟེ་གཏེར་བྱོན་འོང་ཟེར་བཤད་སྲོལ་འདུག།

དུང་ཆེན་འདི་ ལུང་བསྟན་དང་འཁྲིལ་ཏེ་ ཉི་གདུགས་ཁ་བདེ་སྐྱིད་གླིང་དགོན་པ་ལུ་འཕུར་བྱོན་ཡོད་མི་དེ་ཡང་ དགོན་པ་འདི་ནང་ དྲོ་པ་ཚར་གཅིག་དཀོན་གཉེར་ཡོན་ཆབ་ཕུལ་བར་འགྱོཝ་ད་ དགོན་པའི་སྒོ་ཅུང་གི་རྩ་བར་མཆོད་དྲིལ་ཡོད་སར་ དུང་ཡ་ཅིག་འབད་མི་ཅིག་ བཀལ་བཞག་ཡོདཔ་མཐོང་ཡོདཔ་སྦེ་ཨིན་པས། དཀོན་གཉེར་འདི་ ཡ་མཚན་ཆེ་སྟེ་དར་གྱིས་དྲིལ་སྦེ་ མཆོད་བཤམས་ནང་གདན་འདྲེན་ཞུ་ཞིན་ན་ ཕྱག་དང་མཆོད་པ་ཕུལ་སྦེ་བཞག་ཡོདཔ་སྦེ་ཨིན་པས། ཧེ་མ་འབད་བ་ཅིན་ལོ་བསྟར་བཞིན་དུ་གནང་སྲོལ་ཡོད་པའི་ཚེས་བཅུ་དུས་མཆོད་སྐབས་ ཉི་གདུགས་ཁའི་ཁྱིམ་གུང་རེ་རེ་བཞིན་གྱི་ནང་ལུ་ བསུ་བ་སེར་སྦྲེང་དང་བཅསཔ་སྦེ་དུང་ཆེན་འདི་གདན་འདྲེན་ཞུ་ཏེ་ རང་སོའི་ཁྱིམ་ནང་མར་ཆང་དང་གསེར་སྐྱེམས་ཕུལ་ཚར་བའི་ ཤུལ་ལས་དུང་ཆེན་ཚར་རེ་འཕུ་ནིའི་སྲོལ་སྡོད་ནུག། ཨིན་རུང་ ཤུལ་ལས་སྤྱི་ཞིང་དགོན་པའི་བླམ་གིས་དུང་ཆེན་དེ་ སྤྱི་ཞིང་དགོན་པ་ལུ་བསྣམས་བྱོན་ཡོདཔ་ལས་བརྟེན་དུང་ཆེན་འདི་གི་མཐུ་དང་ནུས་པ་གིས་སྦེ་ སྤྱི་ཞིང་དགོན་པའི་ཆོསཔ་ཚུ་ དུང་འཕུ་ནི་ལུ་མཁས་དྲགས་ཡོདཔ་སྦེ་ཨིན་པས། (དད་པའི་ས་བོན། གནམ་ལོ་མེད། ༢༠༡༥ །)

དུང་ཆེན་གཏེར་བྱོན་སའི་བྱག་དོང་ནང་ལས་ གནམ་བྱཱར་དགུན་མེད་པར་ འབབ་མི་གྲུབ་ཆུ་འདི་གིས་གཟུགས་འཁྱུཝ་ལ་སོགས་པ་ཚུ་འབད་བ་ཅིན་ ནད་རིགས་བཀག་ནིའི་ཕན་པ་ཡོདཔ་སྦེ་ཧ་གོ་མི་ཚུ་གིས་སྨན་ཆུ་སྦང་པར་འོང་ནི་ཡོདཔ་ལས་ ཧེ་མ་ཡོད་པའི་སྨན་ཆུ་སྦང་ས་ལུ་ སྤྱི་ལོ་ ༢༠༡༡ ལུ་སྲོལ་འཛིན་ལས་ཁུངས་སྔར་ཁྱུན་བཟོ་རིག་སྡེ་ཚན་གྱིས་ ཤིང་གི་ཝ་སྒྲོམ་ཅིག་ཡང་བསྒྲིགས་བཞག་སྟེ་ཡོདཔ་ཨིན། ཆོས་སྐྱིད་དབང་མོ་ (གནམ་ལོ་མེད། ༢༠༢༢) གིས་བསྡུ་སྒྲིག་འབད་དེ་ཡོད་མི་སྙན་ཞུ་དང་འཁྲིལ་བ་ཅིན་ སྤྱི་ལོ་ ༢༠༠༨ ལུ་ གཟུགས་འཁྱུ་སའི་ཝ་དང་ གོ་ལ་སོར་ནིའི་ཁང་མིག་ ཆབ་གསང་གི་མཐུན་རྐྱེན་ཚུ་ག་ར་བཙུགས་ཡོདཔ་མ་ཚད་ སྣུམ་འཁོར་ལམ་ཡང་ལྷོད་ནི་དེ་གིས་ སྨན་ཆུ་སྦང་པར་འོང་མིའི་གྱངས་ཁ་ ཡར་སེང་སོང་སྟེ་ཡོདཔ་སྦེ་ཨིནཔས།

རྒྱབ་རྟེན་དཔེ་ཐོ།

ཀུན་བཟང་འཕྲིན་ལས། (གནམ་ལོ་མེད། ༢༠༡༥) དད་པའི་ས་བོན། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་བསྐྲུན་ཁང་།

སངས་རྒྱས་དོན་གྲུབ། (གནམ་ལོ་མེད། ༢༠༡༤) གནས་ཡིག་ཀུན་ཕན་ལམ་སྟོན། སྲོལ་འཛིན་ལས་ཁུངས་ཅ་རྙིང་འཛིན་སྐྱོང་སྡེ་ཚན། ཐིམ་ཕུག།

Wangmo, C. (2022). Dungchen Menchu.. Retrieved from:: https://www.google.com/interstitial?url=https://kuenselonline.com/dungchen-menchhu/

"https://dz.wikipedia.org/w/index.php?title=དུང་ཆེན་སྨན་ཆུ།&oldid=29721" ལས་ སླར་འདྲེན་འབད་ཡོདཔ།