Jump to content

ནམ་ཟླ་དུས་བཞི།

Wikipedia ལས།

ནམ་ཟླ་དུས་བཞི་ཟེར་མི་འདི་ ལོ་གཅིག་གི་ནང་ན་ གནམ་གཤིས་མ་འདྲཝ་ཁག་བཞི་སྦེ་འོང་མི་ཅིག་ལུ་སླབ་ཨིན། དུས་བཞི་ཡང་ བྱཱར། དགུན། སེར་ཁ་དང་། སོ་ཁ་ཟེར་ཁག་བཞི་ལུ་དབྱེ་་སྟེ་ཡོདཔ་ཨིན། དེ་ཚུ་ཡང་ རང་སོའི་དུས་ཚོད་དང་འཁྲིལ་ཏེ་གྱུར་འགྱོ་དོ་ཡོདཔ་ཨིན།

གནམ་བྱཱར།

དང་པ་གནམ་བྱཱར་ཟེར་མི་འདི་ དྲོད་ཤུགས་ཆེ་བའི་དུས་ཅིག་ཨིནམ་དང་ དུས་འདི་ གནམ་སོ་ཁའི་ཤུལ་ལས་དང་སེར་ཁའི་ཧེ་མར་ཕོག་པའི་དུས་ཅིག་ཨིན། གནམ་བྱཱར་གྱི་སྐབས་ལུ་ འཇིག་རྟེན་གྱི་ཁམས་འདི་ནང་ཆར་ཆུ་ཚུ་འབབ་དོ་ཡོདཔ་ཨིན་པས། འབྲུག་རྒྱལ་ཁབ་ནང་ལུ་འབད་བ་ཅིན་ གནམ་བྱཱར་གྱི་སྐབས་སུ་འཚོ་བ་ཆུ་ཞིང་ལུ་བརྟེན་ཏེ་སྡོད་མི་ཚུ་གིས་ ལྕང་ལཱ་ལུ་གཙོ་བོར་བཏོན་ཏེ་ལཱ་ཚུ་འབདཝ་ཨིན་པས། ས་གནས་གཞན་ཁ་ལས་ཕར་འཚོ་བ་ལྕང་ལཱ་ལུ་མ་བརྟེན་མི་ཚུ་གིས་ ཚོད་བསྲེ་ཨེ་མ་དང་ཀོ་པི་ལ་སོགས་པ་བཙུགས་ནི་གི་ལཱ་ལུ་གཙོ་བོར་སྟོན་དོ་ཡོདཔ་ཨིན། སྤྱིར་བཏང་ གནམ་བྱཱར་གྱི་དུས་འདི་་སོ་ནམ་ཞིང་ལཱ་འབོལ་པའི་དུས་སྦེ་ཆ་བཞགཔ་ཨིན་རུང་ མི་མང་ཤོས་ཀྱིས་ར་ ཁོང་ར་གི་འཚོ་བ་སྐྱོང་ནིའི་དོན་ལུ་རྩ་འགེངས་ཏེ་འབད་དོ་ཡོདཔ་ཨིན།

གནམ་སེར་ཁ།

གཉིས་པ་ གནམ་སེར་ཁ་ཟེར་མི་འདི་ ལོ་ཐོག་ཚུ་བསྡུས་ཏེ་འབྲས་བུ་ལོངས་སྤྱོད་པའི་དུས་དང་ ཤིང་དང་འདབ་མ་ཚུ་སྐམ་པའི་དུས་ཅིག་ཨིན། དེ་བསྒང་ ས་ཞིང་ག་ར་སྐམ་སྟེ་ཐལ་ཁོག་རིལ་རི་སྦེ་འགྱོ་དོ་ཡོདཔ་ཨིན། དེ་མ་ཚད་ ཤིང་གི་འདབ་མ་ཚུ་ཡང་ རང་བཞིན་གྱིས་སྐམ་སྟེ་འབུད་འགྱོཝ་ཨིནམ་ལས་ ས་གཞི་གི་གནས་སྟངས་ཚུ་ག་ར་སྐམ་ཀྲོག་ཀྲོ་མཐོངམ་ཨིན་པས། གནམ་སེར་ཁ་གི་དུས་ལུ་གཡུས་ཁ་ལས་ཕར་ ལོ་བསྟར་གྱི་ལོ་ཆོག་ཚུ་བཏང་སྟེ་དགའ་སྤྲོ་འགྱུར་བའི་ཁར་ སློབ་ཕྲུག་ཚུ་ཡང་ངལ་གསོ་བཏང་སྟེ་རང་སོའི་ཕམ་སྤུན་ཆ་ཚུ་དང་གཅིག་ཁར་དགའ་དགའ་སྤྲོ་སྤྲོ་གི་ངང་ལུ་སྡོད་ཚུགས་དོ་ཡོདཔ་ཨིན་པས། སེར་ཁ་གི་དུས་ཚོད་འདི་རྫོགས་རནམ་ཅིག་ཁར་ སྐམ་ཞིང་ག་ར་ཆུ་དཔགས་ཏེ་ གནམ་བྱཱར་གྱི་དོན་ལུ་ རྒྱ་རེད་དང་བྱཱོ་ཚུ་གི་ལཱ་འབདཝ་ཨིན་པས།

གནམ་དགུན།

གསུམ་པ་ གནམ་དགུན་ཟེར་མི་འདི་ གྱང་ཤུགས་ཆེ་བའི་དུས་ཅིག་ཨིནམ་དང་ གནམ་སེར་ཁ་དང་སོ་ཁའི་བར་ན་ཕོག་པའི་དུས་ཅིག་ཨིན། དུས་དེ་ཁར་ ཁཝ་རྐྱབ་སྟེ་སེམས་ཁ་ལུ་དགའ་སྤྲོ་མ་འདྲཝ་སྦེ་ར་འབྱུང་དོ་ཡོདཔ་ཨིན།

གནམ་སོ་ཁ།

བཞི་པ་ སོ་ཁ་ཟེར་མི་འདི་ ་མེ་ཏོག་སྣ་ཚོགས་སྦེ་ཤར་བའི་དུས་དང་། ཤིང་གི་ལོ་འདབ་ཚུ་ག་ར་ཧོ་ལྗོངས་ལྗོངས་སྦེམཛེས་ཆ་དང་ལྡནམ་སྦེ་ཡོད་པའི་དུས་ཅིག་ཨིན། དུས་འདི་ཁར་ གནམ་བྱཱར་གྱི་ལྕང་ལཱ་གི་དོན་ལུ་ ལྕངམ་ཚུ་བཏབ་སྟེ་བཞག་པའི་ཁར་ ཚོད་བསྲེ་གི་ལྕང་སོན་ཚུ་ཡང་བཙུགས་པའི་དུས་ཅིག་ཨིན་ནོ།།

ཁུངས་གཏུག།

[ཞུན་དག]
  1. https://web.archive.org/web/20211130121235/http://courseslumenlearning.com/
"https://dz.wikipedia.org/w/index.php?title=ནམ་ཟླ་དུས་བཞི།&oldid=34640" ལས་ སླར་འདྲེན་འབད་ཡོདཔ།