ནུབ་གཞས།

Wikipedia ལས།

༉   འབྲུག་རྒྱལ་ཁབ་འདི་ སྔོན་གོང་ལས་ར་ ཕྱི་རོགས་ཀྱིས་བལྟ་རུང་བག་ཕེབས་ཏོག་ཏོ་དང་ ནང་རང་གིས་བལྟ་རུང་སྐྱིད་ཏོང་ཏོ་ཡོད་པའི་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིན། རྒྱལ་ཁབ་འདི་ འཛམ་གླིང་རྒྱལ་ཁབ་གཞན་དང་ཕྱདཔ་ད་ མི་སྟོབས་དང་རྒྱུ་སྟོབས་གཉིསཔོ་ཆ་རའི་ཐོག་ལས་ གཞན་དང་དོ་འགྲན་འབད་མ་ཚུགས་པའི་ རྒྱལ་ཁབ་ཆུང་ཀུ་ཅིག་འབད་རུང་ སྔོན་དང་ཕུ་ལས་ད་ཚུན་གྱི་རིང་ རྒྱལ་ཁབ་ཀྱི་རང་བཙན་འདི་ གཏན་ཏོག་ཏོ་སྦེ་བཞག་ཚུགས་མི་འདི་ལུ་ འཛམ་གླིང་རྒྱལ་ཁབ་ག་ར་ ཧ་ལས་ཡིད་ཆེས་ཏེ་སྡོདཔ་ཨིན། དེ་ཡང་སྐོབས་ཚུད་ཀྱི་རྒྱལ་ཁབ་ཆུང་ཀུ་གཅིག་ནང་ ཧེ་མ་རྒྱལ་བ་གོང་མ་ཚུ་གི་མཛད་ཤུལ་བཟང་པོ་ཚུ་ ད་ལྟོ་བུ་རྒྱུད་ཚུ་གི་ནོར་ཤུལ་སྦེ་ ལུས་ཡོདཔ་ལས་ འབྲུག་རྒྱལ་ཁབ་ནང་ལུ་ གཞན་དང་མ་འདྲ་བའི་ཁྱད་ཆོས་ དངོས་ཅན་ལམ་ལུགས་སྒྲིག་ལམ་ཆོས་གསུམ་དང་ དངོས་མེད་ལམ་ལུགས་ཐ་དམ་ཚིག་དང་ལས་རྒྱུ་འབྲས་ཀྱི་ལྟ་བ་ལུ་ ཡིད་ཆེས་བསྐྱེད་ནི་ཚུ་ རྒྱུན་མ་ཆད་པར་ཕ་ལས་བུ་བརྒྱུད་དེ་ ད་ལྟོའི་བར་ན་ཡང་གསལ་རི་རི་སྦེ་ཡོདཔ་ཨིན། དེ་མ་ཚད་ འབྲུག་རྒྱལ་ཁབ་ཀྱི་ཁ་སྐད་དང་གྱོན་ཆས་ དེ་བཟུམ་སྦེ་ ཐུན་མོངས་མ་ཡིན་པའི་ རང་ཡུལ་གྱི་འཆམ་དང་ཞབས་ཁྲ་ཚུ་ རྒྱལ་ཁབ་ཐདམ་ཐད་ཁ་ལས་ཕར་ ལེགས་ཤོམ་སྦེ་འཛིན་སྐྱོང་འབད་དེ་ཡོད་པའི་གྲས་ལས་ ནུབ་གཞས་འདི་གཅིག་ཨིན་པས།

དེ་ཡང་ སྤྱི་ལོ་ ༡༦༡༦ ལུ་མཐུ་ཆེན་ཆོས་རྒྱལ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ བོད་ར་ལུང་ལས་ ཆིབས་ཁ་ལྷོ་ལུ་སྒོར་ཏེ་ འབྲུག་རྒྱལ་ཁབ་ནང་ལུ་ཕེབས་ཞིནམ་ལས་ ཕྱིའི་དགྲ་དང་ནང་གི་དགྲ་ལས་རྣམ་པར་རྒྱལ་ཏེ་ ཁ་བཞི་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཟེར་ རྒྱལ་ཁབ་གཅིག་དང་མི་སེར་གཅིག་སྦེ་བཟོ་གནང་སྟེ་ རྒྱལ་ཁབ་ཀྱི་ཕྱོགས་སོ་སོ་ལུ་ ཕྱོགས་ཀྱི་སྤྱི་བླ་རྣམ་གསུམ་དང་ རྫོང་དཔོན་རྣམ་གསུམ་ཚུ་ ཞབས་དྲུང་ཁོ་རའི་སྐུ་ཚབ་སྦེ་བསྐོས་གནང་པའི་སྐབས་ ཆོས་རྒྱལ་མི་འགྱུར་བསྟན་པ་དེ་ ཀྲོང་གསར་དཔོན་སློབ་འགོ་དང་པ་སྦེ་བསྐོས་གནང་ནུག། དེ་ལས་ དཔོན་སློབ་མཆོག་གིས་ སྤྱི་ལོ་ ༡༦༤༤ ལུ་ཆོས་འཁོར་རབ་བརྟན་རྩེའི་རྫོང་བཞེངས་གནང་ཏེ་ ཤར་ཕྱོགས་ཀྱི་མངའ་སྡེ་ཚུ་ག་ར་དཔལ་ལྡན་འབྲུག་པའི་མངའ་འོག་ལུ་བཙུགས་ཏེ་ ཆོས་སྲིད་གཉིས་ལྡན་གྱི་ཁྲིམས་བཙུགས་གནང་ནུག། ནུབ་གཞས་འདི་ ཀྲོང་གསར་རྫོང་ལས་བལྟཝ་ད་ ནུབ་ཁ་ཐུག་ཡོད་པའི་ནུབ་སྦིས་རྒེད་འོག་ལས་ སྦྱིས་གཡུས་ཚན་གྱི་མི་རྒན་ཤོས་མཁས་པ་ཚུ་གིས་ བརྩམས་སྒྲིག་འབད་དེ་ གཞས་དཔོན་དང་པ་ ཚེ་རིང་འབྲུག་རྒྱལ་གྱིས་འགོ་འདྲེན་འཐབ་སྟེ་ ཁོང་ར་གཡུས་ཁའི་ ལྷ་བོན་གྱི་གསོལ་མཆོད་དང་ དགའ་སྟོན་རྟེན་འབྲེལ་ཚུ་གི་སྐབས་ལུ་ རྐྱབ་པའི་སྲོལ་བྱུང་ནུག། དེ་མ་ཚད་ ཤུལ་ལས་ཀྲོང་གསར་རྫོང་ནང་ཡང་ ཚེས་བཅུ་ལ་སོགས་པའི་མཛད་སྒོ་རྟེན་འབྲེལ་ཚུ་གི་སྐབས་ལུ་ཡང་ ནུབ་གཞས་འདི་ སྐད་ཅན་མིང་ཅན་ཅིག་འབད་ཆེ་མཐོའི་གོངམ་ཚུ་དང་མི་མང་ལུ་ སྤྱན་འབུལ་ཞུ་ནིའི་སྲོལ་འགོ་བཙུགས་ནུག་ཟེར་ཞུ་ནི། དེ་སྦེ་ ནུབ་གཞས་འདི་ རྫོང་ནང་ལུ་སྤྱན་འབུལ་ཞུ་ནིའི་སྲོལ་ འགོ་བཙུགས་ཞིནམ་ལས་ ཀྲོང་གསར་དཔོན་སློབ་རིམ་བྱོན་ཚུ་གིས་ མི་ཉམས་གོང་འཕེལ་བཏང་གནང་པའི་ཁར་ ལྷག་པར་དུ་ ཀྲོང་གསར་དཔོན་སློབ་འཇིགས་མེད་རྣམ་རྒྱལ་དང་ འབྲུག་བརྒྱུད་འཛིན་གྱི་མི་དབང་རིམ་བྱོན་ཚུ་གི་སྐབས་ལུ་ དར་ཁྱབ་དང་ཡར་རྒྱས་གོང་འཕེལ་གནང་སྟེ་ ནུབ་གཞས་འདི་གཞས་ཁྱད་པར་ཅན་ཅིག་ལུ་གྱུར་ནུག།

ནུབ་གཞས་ལུ་ཡོངས་གྲགས་ལུ་ གཤམ་ལུ་བཀོད་དེ་ཡོད་དོ་བཟུམ་ ལེའུ་ ༢༢ ཡོདཔ་ཨིན་མས། དེ་ཡང་ ༡ ཕྱག་འབུལ། ༢ མཆོད་འབུལ། ༣ ཤར་ཕི་ལས་ཁྲི་གདུགས། ༤ ཕ་གཅིག་འཚོལ་དགོ་པས། ༥ གཞས་ཀྱི་འཁྲུངས་ས། ༦ སྒོ་གཅིག་ཕྱེ་དགོ་པས། ༧ ཆོས་ཞུ་བ། ༨ སྐར་གཟའ་བརྩིས་པའི་ཉིན་བཟང་། ༩ ལྷོ་ཕྱོགས་ནོར་བུའི་གླིང་ལ། ༡༠ དབུས་ཀྱི་རི་བོ་མཆོག་རབ། ༡༡ གནས་དག་པའི་ཞིང་ཁམས། ༡༢ སྤ་ཚ། ༡༣ ཀོང་ཡུལ་ཤར་བྱུང་། ༡༤ མེ་ཏོག་སྒྲོལ་མ། ༡༥ རྒྱ་ནག་མཚོ་མོ། ༡༦ གཞས་ཀྱི་གསུང་། ༡༧ ཐང་དཀར་རྒོད་པོ། ༡༨ དགུང་སྟོད་མཐོན་པོའི་ཕོ་བྲང་། ༡༩ འཐག་བཤད། ༢༠ བསྟན་པ་ཡོང་བ། ༢༡ མཐོ་ལ་ཡངས་པ། ༢༢ བཀྲིས་བཅས་ ལེའུ་ ༢༢ ཡོདཔ་མ་ཚད་ ནུབ་གཞས་འདི་ ཁོང་ར་གཡུས་ཁ་ལུ་ ལྷ་བོན་དང་རྫོང་ནང་ལས་ མཛད་སྒོའི་རྟེན་འབྲེལ་དང་ དགའ་སྟོན་གྱི་ལས་རིམ་ཚུ་ནང་ སྤྱན་འབུལ་ཕུལ་དོ་ཡོདཔ་ཨིན་མས། དེ་བཟུམ་སྦེ་ གཞས་ཀྱི་ཆས་འབད་བ་ཅིན་ ཕྱི་ནང་གསང་གསུམ་གྱི་གདམ་ངག་ཟབ་མོ་འདི་ རང་རྒྱུད་ལུ་ཚངམ་སྦེ་ཡོད་པའི་ བརྡ་ལུ་གྲུབ་ཐོབ་ཀྱི་ཆས་སྦེ་ མགུ་ཏོག་གུར་ཐོད་རྐྱབ་ནི་དང་ འབྲུག་མི་ག་ར་བློ་སེམས་ཆོས་དང་མཐུན་པར་སྟོན་པའི་བརྡ་ལུ་ སྟོད་གོ་ཧོནམ་གྱོན་དོ་ཡོདཔ་དང་ ཞབས་དྲུང་རིན་པོ་ཆེ་ ཕྱི་འདུལ་བའི་སྡོམ་པ་ ནང་གསང་བ་སྔགས་ཀྱི་སྡོམ་པ་གཙང་མ་སྦེ་བཞུགས་པའི་བརྡ་ལུ་ སྔགས་པ་གི་ཆས་སྦེ་བཀབ་ནེ་ ཁ་དམར་བཀབ་ཨིན་པས། དོ་རུང་ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཀྱི་མངའ་སྡེ་ཚུ་ དབང་ལུ་བསྡུ་བའི་བརྡ་མཚན་ལུ་ ཚོགས་ལྷམ་བཙུགས་དོ་ཡོདཔ་དང་ བོད་དམག་ལོག་བཏང་བའི་བརྡ་ལུ་ ལགཔ་གི་མཐེ་བོང་ལུ་ དུང་དཀར་གྱི་ཨ་ལོང་ཚུ་བཙུགསཔ་ཨིན་མས། དེ་ལས་ འབྲུག་པའི་དམག་མི་དེ་ཚུ་ ཉིན་མཚན་མེད་པར་ ཐུགས་ཀྱིས་འཛིན་བཞུགས་པའི་བརྡ་ལུ་ མེ་ཏོག་བཀྲིས་རྟགས་བརྒྱད་ཡོད་པའི་ ལྷམ་བཅིང་དང་སྐེད་རགས་ཚུ་བཅིངསམ་ཨིན་པས་ ཟེར་ཞུ་ནི།

མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་ལས་ ལུགས་སྲོལ་རྙིང་པོ་སྲོག་བཞིན་དུ།། གཅེས་ཤིང་གོང་འཕེལ་མ་གཏང་ན།། རྩ་བ་རུལ་པའི་སྡོང་པོ་བཞིན།། མི་འདོད་བཞིན་དུ་འགྱེལ་བར་འགྱུར།། ཟེར་གསུངས་དོ་བཟུམ་ རྒྱལ་ཁབ་ནང་ལུ་ཡོད་པའི་ལུགས་རྙིང་ཚུ་ འཛིན་སྐྱོང་གི་ཁྱུན་ཉམས་སོ་པ་ཅིན་ རྒྱལ་ཁབ་ཀྱི་འཕྲལ་ཕུགས་གཉིསཔོ་ཆ་ར་ལུ་ གནོད་རྐྱེན་འོང་ནིའི་ཉེན་ཁ་ཡོདཔ་ལས་ གཞས་གཞསམོ་ཟེར་བའི་ ཐུན་མོངས་མ་ཡིན་པའི་ལམ་སྲོལ་ཁྱད་པར་ཅན་ཚུ་ མི་ཉམས་གོང་འཕེལ་གཏང་དགོཔ་འདི་གལ་ཅན་ཅིག་ཨིན་ཟེར་ཞུ་ནི། ལྷག་པར་དུ་ ནུབ་གཞས་འདི་ ཀྲོང་གསར་རྫོང་ཁག་ནང་གི་ ལམ་སྲོལ་ཁྱད་འཕགས་ཅིག་འབདཝ་ལས་ ཀྲོང་གསར་པའི་མི་སེར་ཚུ་ལུ་ ནུབ་པའི་གཞས་འདི་ཁོང་གི་དཔའ་ཉམས་ཀྱི་ ས་བོན་བཟུམ་ཅིག་ཡང་ཨིན་པས་ཟེར་ཞུ་ནི།

རྒྱབ་རྟེན།

རྒྱལ་གཞུང་ཟློས་གར།. (༢༠༡༠). འབྲུག་གི་གཞས་རབས།. ཐིམ་ཕུག འབྲུག: རྒྱལ་གཞུང་ཟློས་གར།

"https://dz.wikipedia.org/w/index.php?title=ནུབ་གཞས།&oldid=30718" ལས་ སླར་འདྲེན་འབད་ཡོདཔ།