པར་བཟོ།
༉ སྤྱིར་འཛམ་གླིང་ནང་ལུ་ པར་བརྐོའི་རི་མོ་འདི་ཡང་ འགོ་དང་པ་ སངྱས་ཞལ་བཞུགས་པའི་སྐབས་ལུ་ བྱུང་ཡོདཔ་ཨིན་པས། དེ་བཟུམ་སྦེ་ ང་བཅས་རའི་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ལུ་ཡང་ ཧེ་མ་དུས་རབས་ ༢ པའི་ནང་ རྒྱལ་པོ་དབུགས་བཏོན་གྱི་སྐབས་ལུ་ སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་ཨརྫུན་གྱིས་ སངྱས་འོད་སྲུང་གི་ཚེམས་རིང་བསྲེལ་འབྲུག་ལུ་བསྣམས་ཏེ་ ཤར་རཱ་ཛཱ་འོག་གི་གཡུས་ཚན་ནང་ མཆོད་རྟེན་གཅིག་བཞེངས་པའི་ནང་གཟུངས་ཕུལ་ཡོད་པའི་ལོ་རྒྱུས་ཁ་ཡིག་འདི་ རྡོ་ལེབ་གུར་ ལེགས་སྦྱར་གྱི་སྐད་ནང་ པར་བརྐོ་སྟེ་ཡོདཔ་ཨིནམ་དང་ དུས་རབས་ ༨ པའི་ནང་ གུ་རུ་རིན་པོ་ཆེ་གིས་ རྒྱལཔོ་སིན་དྷ་རཱ་ཛཱ་དང་རྒྱལཔོ་སྣ་བོ་ཆེ་གཉིས་ འཆམ་ཁ་འགྲིགས་གནང་པའི་སྐབས་ རྒྱལཔོ་གཉིས་དང་གུ་རུའི་ཕྱག་རྗེས། དེ་ལས་ མནའ་ཚིག་ཚུ་ རྡོ་རིང་གུར་བརྐོ་སྟེ་ཡོད་མི་ཚུ་ཡང་ འབྲུག་གི་པར་བཟོ་འགོ་དང་པའི་གྲངས་སུ་ཚུད་ནི་ཨིན་པས།
རིམ་པ་བཞིན་དུ་ དུས་རབས་ ༡༢ པའི་ནང་ བླམ་ཁག་ལྔ་ལས་ བླམ་ལྷ་པ་དང་གནས་རྙིང་པ་ཚུ་གི་སྐབས་ལུ་ མ་ཎི་གདང་རིངམོ་དང་མཆོད་རྟེན་རྐང་གཉིསམ། ཀ་ཀ་ཎི། ཆུ་འཁོར་མ་ཎི་ཚུ་བཞེངས་ཡོད་མིའི་ནང་ མ་ཎི་དང་བཛྲ་གུ་རུ་ཚུ་ རྡོ་གུར་བརྐོ་ནིའི་སྲོལ་བྱུང་ཡོདཔ་མ་ཚད་ དུས་རབས་ ༡༥ པའི་ནང་ གཏེར་སྟོན་པདྨ་གླིང་པ་དང་ དུས་རབས་ ༡༧ པའི་ནང་ ཞབས་དྲུང་རིན་པོ་ཆེ་ལ་སོགས་པའི་སྐྱེ་བུ་དམ་པ་ཚུ་ འབྲུག་ལུ་ཕེབས་ཞིནམ་ལས་ ཆོས་ཀྱི་སྙིང་པོ་ཚུ་ རྡོ་དང་པར་ཤིང་གུར་བརྐོ་ནིའི་སྲོལ་བྱུང་སྟེ་ པར་བཟོ་རིག་པ་འདི་དར་ཁྱབ་བྱུང་ཡོདཔ་ཨིན་པས། ཤུལ་ལས་ སྡེ་སྲིད་གསུམ་པ་ ཆོས་རྒྱལ་མི་འགྱུར་བརྟན་པ་དང་ རྒྱལ་སྲས་བསྟན་འཛིན་རབ་རྒྱས། གཞན་ཡང་ སྡེ་སྲིད་རིམ་འབྱོན་ཚུ་གི་སྐབས་ལུ་ཡང་ གསུང་ཆོས་དང་མ་ཎི་བཀའ་འབུམ། བླ་ཆེན་དམ་པའི་རྣམ་ཐར་ཚུ་ པར་བརྐོ་འབད་དེ་ཡོདཔ་ཨིནམ་དང་ རྗེ་མཁན་ཁྲི་རབས་ ༩ པ་རྒྱལ་བ་ཤཱཀྱ་རིན་ཆེན་དང་ ཁྲི་རབས་ ༡༨ པ་ རྗེ་འཇམ་དབྱངས་རྒྱལ་མཚན་མཆོག་གི་སྐབས་ལུ་ཡང་ གསུང་ཆོས་དང་རྣམ་ཐར་ཚུ་ པར་བརྐོ་མཛད་གནང་ཡོདཔ་ཨིན་པས། དེ་ལས་ སྤྱི་ལོ་ ༡༩༧༣ ལུ་ མི་དབང་ཞིང་གཤེགས་དམ་པ་ འབྲུག་རྒྱལ་གསུམ་པའི་དགོངས་རྫོགས་དང་ མི་དབང་འབྲུག་རྒྱལ་བཞི་པའི་སྐུ་རིམ་ལུ་དམིགས་ཏེ་ ཀུན་མཁྱེན་བཀའ་འབུམ་ཆ་ཚང་ལོག་སྟེ་ པར་བརྐོ་འབད་ཡོདཔ་ཨིནཔས། པར་བཟོ་རིག་པ་འདི་ ཧེ་མ་ སྲིནམོ་ལྟོ་ཁ་རིག་གཞུང་སློབ་གྲྭ་དང་ རྒྱལ་ཡོངས་བཟོ་རིག་སློབ་སྦྱོང་ལྟེ་བའི་ནང་ལུ་ སློབ་སྦྱོང་འབད་དོ་ཡོདཔ་ཨིནམ་དང་ ད་རེས་ནངས་པ་ཡང་ སྔོན་བྱོན་རྒྱལ་བ་གོང་མའི་མཛད་ཤུལ་བཟང་པོ་ཚུ་ མི་ཉམས་རྒྱུན་སྐྱོང་འབད་ནི་དང་ རྒྱལ་ཁབ་ཀྱི་ཐུན་མོང་མ་ཡིན་པའི་ ཁྱད་ཆོས་བཟང་པོ་བདག་འཛིན་འཐབ་ནིའི་དོན་ལུ་ རྒྱལ་ཡོངས་བཟོ་རིག་བཅུ་གསུམ་སྤེལ་ཁང་དང་ བཀྲིས་གཡང་རྩེ་བཟོ་རིག་བཅུ་གསུམ་སྤེལ་ཁང་ཚུ་ནང་ སློབ་སྦྱོང་འབད་དོ་ཡོདཔ་ཨིན།
པར་བཟོའི་རིག་པ་ལུ་དབྱེ་བ་མ་འདྲཝ་ གསུང་རབ་གླེགས་བམ་གྱི་ཡི་གུ་ཚུ་ ཤིང་ལེབ་གུར་བརྐོ་མི་དཔེ་ཆའི་པར་ཤིང་དང་། སྟག་སེང་ཁྱུང་འབྲུག་དང་རྒྱལ་མཚན་རྩེ་མོ་ལ་སོགས་པའི་ རླུང་དར་གྱི་པར་ཤིང་། མ་ཎི་བཛྲ་གུ་རུ་དང་ཡིག་བརྒྱ་སོགས་ མ་ཎིའི་དར་སྤར། བཀྲིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། འབྲུག་རིས། པདྨ། འཁོར་ལོ། མེ་རིས་ལ་སོགས་པའི་ཤིང་གི་པ་ཏྲ་ཟེར་དབྱེ་བ་མ་འདྲཝ་ལེ་ཤ་ཡོདཔ་ཨིན། དེ་ཚུ་པར་བརྐོ་ནིའི་དོན་ལུ་ ཡི་གུ་ཆེ་ཆུང་བརྐོ་ནི་གི་ ཡ་བཏགས་ཆེ་ཆུང་གཉིས། སྨིན་དྲུག་ཡང་ན་མིག་བུག་ཆེ་ཆུང་གཉིས། སྟ་ཅུང་ཆེ་ཆུང་གསུམ། གཟོང་། གཞོག་ཐིག་དང་སེག་ཅུང་ལ་སོགས་པའི་ ལག་ཆ་མ་འདྲཝ་ལེགས་ཤོམ་ཚུ་དགོཔ་ཨིན། པར་བརྐོ་་ནིའི་དོན་ལུ་ པར་ཤིང་ཟེར་མི་འདི་དགོཔ་ཨིནམ་དང་ པར་ཤིང་འདི་ རྒྱ་མཚོའི་ཁོད་སྙོམ་ལས་མཐོ་ཚད་མི་ཊར་ ༣༠༠༠ དེ་ཅིག་གི་ ནགས་ཚལ་ནང་ལུ་སྐྱེཝ་ཨིན་མས། ཤིང་དེ་སེམས་ཅན་སྟག་གི་ཁྲ་བཟུམ་སྦེ་ཡོད་ནི་འདི་གིས་སྟག་ཤིང་ཟེར་སླབ་ཨིན་མས། ཤིང་དེ་ལེགས་ཤོམ་སྦེ་སྐམ་པའི་བསྒང་ལས་ ས་ཀྲག་ཀྲ་སྦེ་ གས་ཆག་དང་འགྱུར་བ་ལ་སོགས་པའི་སྐྱོན་ག་ནི་ཡང་མེད་པའི་ཤིང་ཅིག་ཨིནམ་ལས་ པར་བརྐོ་གི་དོན་ལུ་ཤིང་དེ་ མེད་ཐབས་མེདཔ་ཅིག་ཨིན་མས།
མདོར་བསྡུ་བ་ཅིན་ པར་བཟོ་འདི་ཧེ་མ་ བདག་ཅག་གི་སྟོན་པ་ སངྱས་ཞལ་བཞུགས་པའི་སྐབས་ལས་ར་དར་ཏེ་ཡོདཔ་ཨིན་མས། དེ་མ་ཚད་ ང་བཅས་ར་དཔལ་ལྡན་འབྲུག་པའི་ཁྱད་ཆོས་བཟང་པོ་མ་འདྲཝ་ལེ་ཤ་ཡོད་པའི་ནང་ལས་ དམ་པའི་ཆོས་དང་མཐུན་པའི་ ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཅིག་ཨིནམ་མ་ཚད་ འབྲུག་གི་བཟོ་རིགས་བཅུ་གསུམ་གྱི་ནང་གསེས་ཅིག་ཡང་ཨིན་ནོ།
ཁུངས་གཏུག།
[ཞུན་དག]- ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་། (༢༠༠༤) ལྷོའི་ཆོས་འབྱུང་འཇམ་མགོན་སྨོན་མཐའི་ཕྲེང་བ། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
- མཁན་པོ་ཕུན་ཚོགས་བཀྲ་ཤིས། (༢༠༠༣) འབྲུག་གི་བཟོ་རིགས་བཅུ་གསུམ་གྱི་བཤད་པ་མཁས་པའི་དགའ་སྟོན། ཐིམ་ཕུག། སྐལ་བཟང་གཞན་ཕན།