ཕ་ཇོ་འབྲུག་སྒོམ་ཞིག་པོའི་མཛད་རྣམ།
ང་བཅས་རའི་སྨན་ལྗོངས་ཆོས་ལྡན་འབྲུག་གི་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་ ཕ་ཇོ་འབྲུག་སྒོམ་ཞིག་པོ་མཆོག་ སྐྱེས་བུ་དམ་པ་སྟོབས་དང་ལྡན་པ་ཅིག་ཨིནམ་མ་ཚད་ བོད་ར་ལུང་དགོན་པའི་ཁྲི་རབས་གཉིས་པའི་སློབ་མ་ངོ་མ་ཅིག་ཡང་ཨིན་མས། དེ་མ་ཚད་ རྗེ་བླ་མ་མཆོག་རྫོགས་པ་ཆེན་པོ་དང་ འབྲུག་པ་བཀའ་བརྒྱུད་ཀྱི་རྒྱ་རྟགས་ཆེན་མོ། ཞི་བྱེད་ཚུ་གི་ལུང་རྒྱུན་ཚུ་རྒྱུད་ལུ་ཡོད་པའི་གང་ཟག་དམ་པ་ཅིག་ཨིན་མས། དེ་ཡང་ རྗེ་བླ་མ་ཁོ་ར་ ལྷ་དང་བླ་མའི་ལུང་བསྟན་ལས་ སྐུ་ཚེ་སྨད་ལུ་ འབྲུག་རྒྱལ་ཁབ་ནང་བཞུགས་པའི་སྐབས་ ཆབ་སྲིད་ཀྱི་གོ་གནས་ཚུ་བཞེས་ཡོདཔ་མ་ཚད་ དེ་བསྒང་ མོན་ཡུལ་འདི་ནང་ ལྷ་པ་བཀའ་བརྒྱུད་ཀྱི་བསྟན་པ་དར་ཡོད་མི་འདི་ རྗེ་བླ་མ་མཆོག་གིས་ ཞི་རྒྱས་དབང་དྲག་གི་སྒོ་ལས་ བླ་མ་ལྷ་པའི་རིང་ལུགས་འདི་རྩ་མེད་བཏང་ནུག།
དེ་ཡང་ རྗེ་བླ་མ་དམ་པ་མཆོག་གིས་ དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་ལུགས་སྲོལ་བཟང་པོ་ཚུ་ རྒྱ་ཆེ་ཏོག་ཏོ་སྦེ་དར་ཁྱབ་བཏང་ཡོདཔ་མ་ཚད་ རྗེ་བླ་མ་མཆོག་གིས་ ལྷོ་མོན་རྒྱལ་ཁབ་ནང་ ཆོས་ཀྱི་ཆུ་འགོ་དར་བའི་སྲོལ་བཙུགས་གནང་ཡོདཔ་ཨིན་མས། རྗེ་བླ་མ་མཆོག་ ཡབ་ཚོང་དཔོན་ཟླ་བ་བཟང་པོ་དང་ ཡུམ་ཨ་ཞེ་པདྨ་ཆོས་སྐྱིད་གཉིས་ཀྱི་སྲས་ལུ་ སྤྱི་ལོ་ ༡༡༧༩ ལུ་མདོ་ཁམས་བཀྲ་ཤིས་སྒང་གི་ཡང་རྩེ་འབབ་ཆུ་ལུ་སྐུ་འཁྲུངས་ནུག།
རྗེ་ཁོ་ར་ལུ་ སྐུ་མཆེད་ལྔ་ཡོད་པའི་སླ་ལས་ཆུང་ཤོས་དང་ སྐུ་ན་ཆུང་ཀུའི་བསྒང་ ཁོ་རའི་མཚན་དོན་གྲུབ་རྒྱལ་མཚན་ཟེར་ཞུ་དོ་ཡོདཔ་མས། ཁོ་རའི་ཡབ་འདི་ཚོང་དཔོན་ཅིག་ཨིནམ་དང་ སྐུ་ན་ཆུང་ཀུ་ལས་ར་ འགོ་དང་པ་རྫོགས་ཆེན་རྙིང་མའི་ཕྱག་དཔེ་ལས་འགོ་བཙུགས་ཏེ་ ཕྱག་ཆེན་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་ཚུ་ཞུ་ཡོདཔ་ཨིན་མས། དེ་བསྒང་ ཁོ་རའི་རྩ་བའི་བླམ་འདི་ བླམ་ཐར་པ་གླིང་པ་ཟེར་མི་འདི་ཨིན་མས། དགུང་ལོ་ ༣༣ བཞེསཔ་ད་ རྗེ་བླ་མའི་སྙན་ལུ་ ཆོས་རྗེ་འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ (༡༡༦༡-༡༢༡༡) ཀྱི་མཚན་གསན་ཏེ་ དད་མོས་མ་འདྲཝ་ཅིག་བསྐྱེད་པའི་དབང་གིས་ བསམ་བཞིན་བོད་ར་ལུང་དགོན་པ་ལུ་ཆོས་རྗེ་བཞུགས་སར་བྱོན་ནུག། ཨིན་རུང་ ཕ་ཇོ་རིན་པོ་ཆེ་ ཆོས་རྗེ་བཞུགས་སར་མ་ཕེབས་ལས་ ཆོས་རྗེ་དགོངས་པ་རྫོགས་པའི་ལོ་རྒྱུས་གསནམ་ལས་ ཡུདཔ་ཅིག་ཐུགས་དྲན་པ་ཡལ་སོཔ་མས། ཨིན་རུང་ དཔལ་འབྲུག་པའི་རིང་ལུགས་ཆ་ཚང་ཅིག་ ཆོས་རྗེའི་སྐུ་ཚ་བོ་དབོན་རས་དར་མ་སེངྒེ་ལས་ཞུ་ནུག།
ལོ་ངོ་མང་རབས་ཅིག་གི་རིང་ལུ་ བོད་ལུ་སྒྲུབ་པ་ཉམས་ལེན་ཚུ་མཛད་བཞུགས་པའི་ཤུལ་ལས་ ལྷའི་ལུང་བསྟན་ལྟར་ ལྷོ་ཕྱོགས་ཁ་ཐུག་འབྱོན་དགོ་པའི་ལུང་བསྟན་བབས་ཏེ་ ཁོ་རའི་སྐུ་ཚེ་ལྷག་ལུས་འདི་ ལྷོ་མོན་འདི་ནང་རྫོགས་ནི་སྦེ་ཨིན་མས། བླ་མ་ཁོ་རའི་ཉམས་སྣང་ལུ་ ཁོ་རའི་གསང་ཡུམ་སྦེ་མཁའ་འགྲོ་ མ་གཅིག་ལབ་སྒྲོན་གྱི་རྣམ་སྤྲུལ་འདི་བཞེས་འོང་ཟེར་གཟིགས་ཡོད་རུང་ ཁོ་གིས་མཁའ་འགྲོ་ཨ་ཆོག་ཟེར་མི་བཞེས་ཡོདཔ་དང་། འདི་ལས་ སྲས་དམ་པ་ཟེར་མི་སྐུ་འཁྲུངས་ནུག། སྲས་དམ་པ་མཆོག་ ཕ་དམ་པ་སངས་རྒྱས་ཀྱི་སྤྲུལ་པ་ཨིནམ་སྦེ་བཤད་སྲོལ་ཡང་འདུག། དེ་ལས་ འདིའི་ཤུལ་ལས་ ལབ་ཀྱི་སྒྲོན་མའི་རྣམ་རོལ་མཁའ་འགྲོ་བསོད་ནམས་དཔལ་སྒྲོན་གསང་ཡུམ་སྦེ་བཞེས་པའི་ཤུལ་ལུ་ སྟབས་གཅིག་ལུ་སྲས་སྲོས་བསྡོམས་བདུན་ སྐུ་ཤའི་གོང་བུ་ལས་ཐོན་ཡོདཔ་ཨིན་པས། འདི་ནང་ལས་ སྲས་བཞི་རྐྱངམ་གཅིག་ལུས་ཡོདཔ་དང་ ང་བཅས་རའི་རྒྱལ་ཁབ་ནང་ ཆོས་རྗེ་གདུང་བརྒྱུད་ཀྱི་བརྒྱུད་པ་ཚུ་ཡང་ མང་ཤོས་ར་རྗེ་བླ་མའི་བརྒྱུད་པ་ལས་དར་ཡོད་པའི་ལོ་རྒྱུས་བཤད་ནི་འདུག།
དེ་ཡང་ དུས་རབས་བཅུ་གསུམ་པའི་ནང་ རྗེ་བླ་མ་གིས་ ད་ལྟོ་ཡོད་པའི་རྟ་མགོ་བཤད་གྲྭའི་ཉེ་འདབས་ལུ་ དེ་བསྒང་འགོ་དང་པ་སྒྲུབ་སྡེ་ཚུ་གཞི་ཚོགས་གནང་ཡོདཔ་དང་ ཤུལ་ལས་བསྟན་འཛིན་རབ་རྒྱས་མཆོག་གིས་ ཉམས་གསོ་མཛད་གནང་ཡོདཔ་མ་ཚད་ རྒྱ་སྐྱེད་སྦོམ་སྦེ་ར་མཛད་གནང་ནུག། རྗེ་བླ་མ་མཆོག་གིས་ བླ་མ་ལྷ་པ་ལས་རྒྱལ་ཁ་ཐོབ་པའི་ཤུལ་མ་ རྡོ་སྔོན་རྫོང་ཟེར་ ད་ལྟོ་ཡོད་པའི་ཐིམ་ཕུག་བདེ་ཆེན་ཕོ་བྲང་འདི་ ཁོ་གི་ཕྱག་ལུ་ཚུད་ཡོདཔ་དང་ ཤུལ་ལས་བརྒྱུད་འཛིན་པ་ཚུ་གིས་ སྤྱི་ལོ་ ༡༦༣༡ ལུ་བཀྲ་ཤིས་ཆོས་རྫོང་ཟེར་ལོག་གསར་བཞེངས་གནང་ནུག།
ལོ་རྒྱུས་བཤད་སྲོལ་ཅིག་དང་འཁྲིལཝ་ད་ རྗེ་བླ་མ་མཆོག་ འབྲུག་པ་དང་ལྷ་པ་མ་འགྲིགས་པར་ འཛིང་འཁྲུག་ལངས་སྡོདཔ་ད་ གྲི་གུང་བཀའ་བརྒྱུད་ཀྱི་ལྷ་པའི་ཡན་ལག་དགེ་འདུན་པ་ཚུ་གིས་ ངལ་མ་རངས་པར་ གསོལ་དུག་དྲངས་ཡོད་པའི་བྱ་ངན་ལུ་བརྟེན་ཏེ་ གཤགས་ཡོད་པའི་ལོ་རྒྱུས་འདུག། དེ་བསྒང་ རྗེ་བླ་མ་མཆོག་ པུར་སྦྱང་ཕུལ་བའི་སྐབས་ མེ་ལྕེ་ལས་ལེགས་སྦྱར་གྱི་སྒྲ་འཐོན་དེས་ཟེར་ཨིན་མས། དེ་མ་ཚད་ མེ་མཆོད་ཕུལ་སའི་རྡོ་འདི་ཁ་ལས་ ཨོཾ་མ་ཎི་ཟེར་ལན་ཐེངས་གཉིས་ཀྱི་སྒྲ་གོ་ཡི་ཟེར་ཨིནམ་དང་། རྡོ་འདི་ ད་ལྟོ་དད་པ་ཅན་ཚུ་གི་ངོ་བོ་ལུ་རྟེན་སྦེ་བཞག་ཡོདཔ་ཨིན་མས།
དེ་བཟུམ་སྦེ་ རྗེ་བླ་མ་དགོངས་པ་ཆོས་ཀྱི་དབྱིངས་ལུ་མ་ཐིམ་བར་དུ་ སྤྱིར་བསྟན་པ་དང་འགྲོ་བའི་དོན་ལུ་ ཕྲིན་ལས་དཔག་ཏུ་མེད་པར་མཛད་ཡོདཔ་ལས་ ཤུལ་ལས་དུས་རབས་ ༡༦ པའི་ནང་ རྗེ་བླ་མ་ཁོ་ར་ རྟ་མགོ་ལུ་ ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱི་སྲས་བརྒྱུད་གཉིས་པ་ ཚེ་དབང་བསྟན་འཛིན་ལུ་སྐུ་འཁྲུངས་ཏེ་ ཞབས་དྲུང་རིན་པོ་ཆེ་བོད་ལས་འབྱོནམ་ད་ སྦྱིན་བདག་གཙོ་བོ་མཛད་ཡོདཔ་་མ་ཚད་ དེ་གི་ཡང་སྲིད་འབྲུག་སྒྲ་རྒྱ་མཚོ་ལ་སོགས་པ་ རྟ་མགོ་སྤྲུལ་སྐུའི་སྐུ་འཕྲེང་རིམ་པ་བཞིན་དུ་བྱོན་ཏེ་ བསྟན་པ་ལུ་ཞབས་ཏོག་སྦོམ་ཞུ་གནང་ནུག།
དེ་བཟུམ་སྦེ་ སྲས་བརྒྱུད་ཚུ་ལས་ གདུང་རབས་རིམ་པ་སྦེ་བྱོན་ཏེ་ འབྲུག་ལུ་ཆོས་སྲིད་ཀྱི་བསྟན་པའི་ཞབས་ཏོག་མཛད་མི་སྐྱེས་ཆེན་དམ་པ་མང་རབས་ཅིག་བྱོན་ནུག།
ཁུངས་གཏུག།
[ཞུན་དག]- རྫོང་ཁ་གོང་འཕེལ་ལྷན་ཚོགས། (༡༩༩༩) ཕ་ཇོ་འབྲུག་སྒོམ་ཞིག་པོའི་རྣམ་ཐར་ཐུགས་རྗེའི་ཆུ་རྒྱུན། ཆོས་སྐད་ལས་རྫོང་ཁར་སྐད་བསྒྱུར།