ཕྱི་འབྲེལ་དང་འབྲེལ་བའི་ནང་དོན།

Wikipedia ལས།

ཕྱི་རྒྱལ་དང་མཐུན་འབྲེལ།[ཞུན་དག།]

༉ འབྲུག་གི་ཕྱི་འབྲེལ་སྲིད་བྱུས་ཀྱི་ལམ་ལུགས་འགོ་ཐོག་དང་པ་ མཐོང་རྒྱ་མྱོང་བཅུག་པའི་འབྲུག་གི་དབུ་ཁྲིད་ཚུ་གི་གྲས་ལས་ འབྲུག་རྒྱལ་པོ་འཇིགས་མེད་དབང་ཕྱུག་མཆོག་གིས་མཛད་གནང་ནུག། དེ་ཡང་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ དུས་རབས་༡༧ པའི་ནང་འབྲུག་རྒྱལ་ཁབ་འདི་ རང་དབང་རང་བཙན་ཅན་ཅིག་སྦེ་བཟོ་གནང་ཞིནམ་ལས་ ཕྱི་རྒྱལ་མཐུན་འབྲེལ་གྱི་ལམ་ལུགས་འདི་ གཟུར་གནས་ཀྱི་སྲིད་བྱུས་ཅིག་སྦེ་ར་ལུས་ནུག། འབྲུག་རྒྱལ་གཉིས་པའི་རྒྱལ་སྲིད་སྐབས་ འཛམ་གླིང་ངེས་མེད་གནས་སྟངས་ཅན་ཅིག་ལུ་གྱུར་སྡོད་ཡོད་རུང་ འབྲུག་རྒྱལཔོ་འཇིགས་མེད་དབང་ཕྱུག་མཆོག་གིས་ སྔར་སྲོལ་-གཟུར་གནས་ཀྱི་སྲིད་བྱུས་ཐོག་ འཛམ་གླིང་དཔལ་འབྱོར་མར་ཉམས་ ༼༡༩༣༠༽ དང་འཛམ་གླིང་དམག་ཆེན་ ༢ པའི་ ༼༡༩༣༩ - ༡༩༤༥༽ གནས་སྟངས་ཚུ་ལས་ གནོད་སྐྱོན་ག་ནི་ཡང་མེད་པར་རྒྱལ་བརྒྱུད་སྐྱོངས་གནང་ནུག། ཨིན་རུང་ཁྱིམ་ཚང་རྒྱ་གར་རྒྱལ་ཁབ་ཀྱི་རང་བཙན་དང་ རྒྱ་ནག་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཡར་འཕར་འགྱོ་མི་གིས་ འབྲུག་རྒྱལ་ཁབ་གྱི་རང་བཙན་དང་ཞི་བདེ་ལུ་རྟག་པ་མེད་པའི་ཉེན་འཚུབས་ཚུ་ ཕོག་ཡོདཔ་ཨིན་མས། སྤུ་ན་ཁའི་ཆིངས་ཡིག་ ༡༩༡༠ ཅན་མ་གིས་ འབྲུག་ལུ་བཱིརི་ཊིཤ་གཞུང་གི་སྐུ་ཚབ་ཡིག་ཚང་གཞི་བཙུགས་ གནང་ནིའི་གྲོས་མཐུན་མ་བཀོད་པས། བཱིརི་ཊིཤ་གཞུང་དང་ཟུང་ཕྱོགས་མཐུན་འབྲེལ་ཡང་སྒང་སྟོག་ལུ་གཞི་བཙུགས་འབད་ཡོད་པའི བཱིརི་ཊིཤ་གཞུང་གི་སྲིད་དོན་འགོ་དཔོན་གྱི་འགོ་འདྲེན་ཐོག་མཛད་གནང་ནུག། གནམ་ལོ་ ༡༩༢༧ ལུ་ བཱིརི་ཊིཤ་གཞུང་གི་སྲིད་དོན་འགོ་དཔོན་ཨེཕ་ཨེམ་བེ་ལི་གིས་ འབྲུག་རྒྱལ་གཉིས་པའི་གསེར་ཁྲི་མངའ་གསོལ་གྱི་དུས་སྟོན་ལུ་ བྱོན་ཡོདཔ་ད་ ཁོ་གི་ཤུལ་འཛིན་པ་ཚུ་ཡང་ འབྲུག་ལུ་བྱོན་ཡོདཔ་ལས་ མཇུག་ར་གནམ་ལོ་ ༡༩༤༧ ལུ་ཨེ་ཇེ་ཧོབ་ཀིནསི་ཨིནམ་ད་ ཁོ་གིས་འབྲུག་རྒྱལཔོ་མཆོག་ལུ་གཟེངས་བསྟོད་ཀྱིས་རྟགས་མ་ རྒྱ་གར་རྒྱལ་ཁབ་གྱི་དམག་སྡེའི་འགོ་དཔོན་དཔའ་བོ་(Knight Commander of the Indian Empire) ཕུལ་བ་བྱོན་ཡོདཔ་ཨིན་མས། སྤ་རོ་དཔོན་སློབ་ཚེ་རིང་དཔལ་འབྱོར་ ༼ཕྱི་རྒྱལ་དཔོན་ཁག་ཚུ་གི་དོན་ལུ་ ཨྱོན་དཔལ་རི་ཕོ་བྲང་བཞེངས་གནང་མི་༽ གིས་འབྲུག་རྒྱལ་ཁབ་དང་ཕྱི་རྒྱལ་གྱི་མཐུན་འབྲེལ་ འགོ་འདྲེན་འཐབ་ནི་ལུ་ལྷན་ཐབས་སྦོམ་བྱུང་ཡོདཔ་ཨིན་མས། དེ་ཡང་ ཕྱི་རྒྱལ་དཔོན་ཁག་ཚུ་འབྲུག་ལུ་སྤ་རོ་ལས་བརྒྱུད་དེ་ འོང་དོ་ཡོདཔ་ད་ ཁོ་གི་ལཱ་འགན་ཡང་བསུ་ལེན་དང་ མགྲོན་སྐྱོང་འབད་ནི་ཚུ་ཨིན་མས། འབྲུག་རྒྱལཔོ་འཇིགས་མེད་དབང་ཕྱུག་གིས་ རྒྱལ་སྲིད་སྐྱོང་གནང་པའི་སྐབས་ རྒྱ་གར་རྒྱལ་ཁབ་ནང་གཟིགས་སྐོར་ ཚར་གཉིས་ལས་མ་གནང་པས། དེ་ཡང་ གཟིགས་སྐོར་དང་པ་འདི་ ཁྲི་མངའ་གསོལ་བའི་ཤུལ་ལུ་ཤར་ཕྱོགས་རྫོང་ཁག་ཚུ་ནང་ ཞབས་སྐོར་གནང་པའི་སྐབས་ རྒྱ་གར་གུ་ཝཱ་ཧ་ཊི་ལུ་ཉིན་གྲངས་གཅིག་གི་རིང་ལུ་ གདན་འདྲེན་ཞུ་ཡོད་མི་ལུ་བྱོན་གནང་ནུག། གཟིགས་སྐོར་གཉིས་པ་འདི་ སྤྱི་ལོ་ ༡༩༣༥ ལུ་ ཀཱོལ་ཀ་ཊ་ལུ་རྒྱ་གར་རྒྱལ་ཚབ་ཀྱིས་ གདན་འདྲེན་ཞུ་མི་ནང་བྱོན་ཡོདཔ་ཨིན་མས། དེ་སྐབས་ རྒྱལ་བཙུན་དང་རྒྱལ་སྲས་ དེ་ལས་ དཔོན་གཡོག་མང་རབས་ཅིག་གིས་ ཕྱག་ཞུ་སྦེ་བྱོན་ཡོདཔ་ད་ གོང་གཟིམ་བསོད་ནམས་སྟོབས་རྒྱས་རྡོ་རྗེ་དང་ ཁོ་གི་སྐུ་འཁོར་ཚུ་ཡང་ ཕྱག་ཞུ་སྟེ་བྱོན་ཡོདཔ་ཨིན་མས། གཟིགས་སྐོར་ལས་ལོག་བྱོན་པའི་སྐབས་ རྡོ་རྗེ་གདན་གནས་སྐོར་གནང་ཐོག་ སྒང་སྟོག་ལས་སྦེ་ཧཱ་ཆུམ་སྦིས་ལས་བརྒྱུད་དེ་ལོགས་རྒྱལ་ཁབ་ནང་བྱོན་གནང་ནུག། གཟིགས་སྐོར་སྐབས་ མི་དབང་མཆོག་གིས་ གོང་འཕེལ་ལས་སྣའི་གྲོགས་རམ་དང་ སྤྱི་ལོ་ ༡༨༦༤-༡༨༦༥ གི་ ཌུ་ཝར་དམག་འཁྲུག་རྐྱབ་པའི་སྐབས་ འབྲུག་གི་ས་གནས་བདེ་ཝ་ཐང་བཱིར་ཊིཤ་གཞུང་གིས་མངའ་འོག་ལུ་ཚུད་ཡོད་མི་འདི་ ལོག་གནང་དགོ་པའི་ཞུ་བ་མཛད་ཡོདཔ་ཨིན་མས། ཨིན་རུང་བཱིར་ཊིཤ་གཞུང་གིས་ ངོས་ལེན་མ་འབད་བར་ཡོད་མི་ལུ་ མི་དབང་མངའ་བདག་མཆོག་ཐུགས་ཕམ་ཡོདཔ་ཨིན་རུང་ འབྲུག་རྒྱལཔོ་མཆོག་གིས་ བིར་ཊིཤ་གཞུང་དང་མཐུན་འབྲེལ་འཕྲོ་མཐུད་མཛད་ཡོདཔ་མས། དེ་བསྒང་གོང་གཟིམ་གྱིས་ རྒྱལ་སྤྱི་གནས་ཚད་ནང་ རང་བཙན་སྲུང་སྐྱོབ་ཀྱི་གནས་སྟངས་ལཱ་ཁག་ཡོད་ལུགས་ཀྱི་སྐོར་ལས་མཁྱེན་དོ་ཡོདཔ་མས།
བཱིརི་ཊིཤ་གཞུང་ཡང་ འབྲུག་གི་བིར་ཊིཤ་གཞུང་ལུ་ཕན་ཚུན་ ལེགས་ཤོམ་ཅིག་སྦེ་ཧ་གོ་མ་ཚུགས་པར་ལུས་ནུག། དེ་ཡང་ བཱིརི་ཊིཤ་གཞུང་གིས་འབྲུག་གི་གོང་འཕེལ་ལས་སྣ་ལུ་ རྒྱབ་སྐྱོར་འབད་ནི་ལུ་ ཁེ་ཕན་ཅིག་མ་མཐོང་པས། བཱིརི་ཊིཤ་གཞུང་གིས་ ཁོང་རའི་ཁེ་ཕན་ལྟར་ འབྲུག་རྒྱལ་ཁབ་འདི་ བཱིརི་ཊིཤ་གཞུང་གི་དམིགས་པ་ལས་སོ་སོ་ཨིནམ་སྦེ་ར་ཆ་བཞག་བསྐྱེད་ནུག། རང་བཙན་ཡོད་པའི་འབྲུག་རྒྱལཁབ་འདི་ ཆིངས་ཡིག་འདི་གི་ཕྱོགས་ལས་ཕོགས་ལམ་ཡང་རིན་གོང་ཆུང་བའི་ཉེན་ཁ་ཡོད་པའི་ བཱིརི་ཊིཤ་དང་རྒྱ་གར་གྱི་བྱང་ཤར་ས་གོ་རྒྱ་ཚད་ ༢༥༠ འབད་མི་འཐོབ་ཡོདཔ་མས། བདེ་ཝ་ཐང་གི་སྐོར་ལས་ལོ་རྒྱུས་ཐོནམ་ད་ འདི་ལུ་གསལ་ཏོག་ཏོ་ཅིག་མེད་པར་ ཐད་ཀར་འདི་ཁོང་རྒྱལ་ཁབ་མིང་གཏམ་གྱི་དོན་ལུ་བཞག་ཡོདཔ་མས། གོང་ལུ་བཀོད་དོ་བཟུམ་ ཕྱི་གཞུང་གི་དམག་གི་རྒྱལ་ཁ་ངོ་ཚ་སི་སི་སྦེ་ཕམ་ཡོད་མི་ལས་ ཁོང་གི་སྟོབས་གཉིས་འབྲུག་པའི་ལག་པར་དེ་བསྒང་ སྤྱི་ལོ་ ༡༨༦༤-༡༨༦༥ གི་དམག་གི་སྐབས་ཐོབ་ཡོདཔ་མས། དེ་བསྒང་རྒྱ་གར་གཞུང་གིས་ རང་དབང་རང་བཙན་འཐོབ་ནི་གི་དུམ་ཁར་དཔག་ཡོདཔ་ལས། ཞོར་ཁ་ འབྲུགཔ་ཚུ་ལུ་ཙིགཔ་ཟ་སྡོད་ནུག། དེ་ཡང་ གསརཔ་ཨིན་པའི་ རྒྱ་གར་མི་སེར་རྒྱལ་ཁབ་ཀྱི་ སྲིད་བྱུས་ཚུ་ཁྱིམ་ཚང་རྒྱལ་ཁབ་ལས་ དཔྱེ་མི་བལྟ་ག་ཟེར་ཐེ་ཚོམ་ཆགས་ནུག། འབྲུག་རྒྱལ་པོ་འཇིགས་མེད་དབང་ཕྱུག་གིས་ བཱིརི་ཊིཤ་ལྷན་སྡེའི་དོན་གཅོད་སྐུ་ཚབ་ལུ་ དཀའ་ངལ་ཚུ་བསལ་ནིའི་དཔའ་ཅམ་ནུག། དེ་བསྒང་གསུངས་ཡོད་མི་ནང་ འབྲུག་རྒྱལ་ཁབ་འདི་ བཱིརི་ཊིཤ་གི་འོག་ལུ་ཚར་གཅིག་ཡང་མ་ཚུདཔ་ལས་ རང་བཙན་བསྲུང་ནི་ཐད་ཀར་གྱི་འགན་ཁུར་ཨིན་ཟེར་གསུངས་ནུག། འདི་ལུ་ ཕྱི་གཞུང་གིས་གསལ་ཏོག་ཏོ་ཅིག་སླབ་མ་བཏུབ་ལས་ ག་ར་ རྟག་པ་མེད་པར་སྡོད་པའི་བར་ རྒྱ་གར་གཞུང་གི་ གནས་སྐབས་ཀྱི་བློན་ཆེན་པཎ་ཌིད་ཇ་ཝ་ཧཱར་ལཱལ་ཎེ་རུ་གིས་ མཚམས་འཇོག་སྦེ་བཞག་ཡོདཔ་ལས་ འབྲུག་རྒྱལ་པོ་ལུ་མཐུན་འབྲེལ་གྱི་འཕྲིན་ཡིག་ཅིག་ སྤྱི་ལོ་ ༡༩༤༦ ལུ་བསྐྱེལ་གནང་ནུག། དེ་གི་ཤུལ་ལས་ རྒྱ་གཞུང་གིས་ འབྲུག་རྒྱལ་ཁབ་འདི་ ཨེ་ཤི་ཡཱན་མཐུན་འབྲེལ་གྲོས་བསྟུན་ནང་ ནཱིའུ་ཌེལ་ལི་ལུ་གདན་འདྲེན་ཞུ་ནུག། སྤྱི་ལོ་ ༡༩༤༧ སྤྱི་ཟླ་བརྒྱད་པའི་ སྤྱི་ཚེས་ ༡༥ ལུ་ རྒྱ་གར་གཞུང་རང་དབང་ཐོབ་ཡོདཔ་ལས་ འབྲུག་དང་རྒྱ་གར་གྱི་བར་ན་ ཆིངས་ཡིག་གསརཔ་གུར་ བདེ་སྒྲིག་གི་ལཱ་ཚུ་ལྷག་བསམ་གྱི་སྒོ་ལས་འགོ་བཙུགས་ནུག། ཧེ་མའི་ལོ་ ༼༡༩༤༦༽ ལུ་ གོང་གཟིམ་གྱིས་གཙོས་པའི་ འབྲུག་པའི་འཐུས་མི་སྡེ་ཚན་ ནཱིའུ་ཌེལ་ལི་ལུ་གནས་ཡུན་ཚུ་ བདེ་སྒྲིག་འབད་བར་འོང་ཡོདཔ་མས། སྤྱི་ལོ་ ༡༩༤༩ སྤྱི་ཟླ་བརྒྱད་པའི་སྤྱི་ཚེས་ ༨ ལུ་ རྒྱ་འབྲུག་གཉིས་ཀྱི་ཆིངས་ཡིག་ དེ་བསྒང་ སྤྱི་ལོ་ ༡༩༡༠ ལུ་མཚན་རྟགས་བཀོད་མི་འདི་བརྗེ་སོར་འབད་དེ་ ཆིངས་ཡིག་གསརཔ་འདི་ དར་རྒྱས་གླིང་ལུ་སྦེ་མཚན་རྟགས་བཀོད་གནང་ནུག། འདི་ནང་ རྒྱལ་ཁབ་གཉིས་ཀྱི་བར་ ཨེང་གོལོ་བཱུ་ཨཏ་ཊན་ཆིངས་ཡིག་གི་ཤུལ་བཞག་ལུ་གཞི་བཞག་སྟེ་ མཐུན་ལམ་དམ་ཟབ་བཞག་ནི་ཚུ་ཨིན་མས། རྒྱ་གར་མི་སེར་གཞུང་གིས་ འབྲུག་ནང་འཁོད་ཀྱི་ལས་དོན་ཚུ་ལུ་ བར་འཛུལ་མི་འབད་དོ་ཡོདཔ་དང་ ཕྱི་འབྲེལ་མཐུན་ལམ་ཐད་ཁར་ ལམ་སྟོན་ཚུ་རྒྱ་གཞུང་གིས་འབད་ནི་ཨིན་པས། བདེ་ཝ་ཐང་གི་ས་རྒྱ་ གྲུ་བཞི་ཀི་ལོ་མི་ཊར་ ༣༢ འབད་མི་འདི་ བཱིརི་ཊིཤ་གིས་ མི་ལོ་ ༨༠ དེ་ཅིག་བདག་དབང་འབད་ཡོད་མི་འདི་ རྒྱ་གཞུང་གིས་འབྲུག་པའི་དབང་ཚད་ལུ་ལོག་སྤྲོད་ཡོདཔ་ལས་ འདི་ལུ་ཕྲག་དོག་ལངས་ཡོདཔ་མས། ཆིངས་ཡིག་འདི་ སེམས་གཙོ་བོར་བཏོན་པའི་སྙིང་སྟོབས་ཀྱི་བརྡ་མཚོན་ རྒྱ་གར་གཞུང་གསརཔ་ནང་གནས་བཞིན་པ་ཨིན་ཟེར་ཨིན་མས། འདི་ ལྷོ་ཨེ་ཤི་ཡའི་མཉམ་འབྲེལ་གྱི་མཁས་རིག་གི་མངོན་གསལ་ཅིག་ཨིན་མས། དེ་མ་ཚད་ དེ་གིས་ རྒྱ་འབྲུག་གཉིས་ཀྱི་མཐུན་ལམ་འདི་སྒྲིང་སྒྲི་དང་ ལྷག་པར་ མ་འོངས་འབྲེལ་བ་ཟུང་འབྲེལ་ལོ་ངོ་བཅུ་ཕྲག་ལས་བཅད་འབྱུང་ཐབས་ལུ་ཨིན་མས།

འཛམ་གླིང་སྤྱི་ཚོགས་ རྒྱལ་སྤྱི་ཨ་ལུའི་གློ་བུར་མ་དངུལ། ༼ཡུ་ནི་སེཕ།༽[ཞུན་དག།]

༉ ཡུ་ནི་སེཕ་ ཡང་ན་ འཛམ་གླིང་སྤྱི་ཚོགས་རྒྱལ་སྤྱི་ཨ་ལུའི་གློ་བུར་མ་དངུལ་ཟེར་མི་འདི་ འཛམ་གླིང་སྤྱི་ཚོགས་ཀྱི་ལས་སྡེ་ཅིག་ཨིན། དེ་གིས་ ཨ་ལུ་ཚུ་ལུ་ མི་ཚེ་དང་འབྲེལ་བའི་གྲོགས་རམ་དང་ གོང་འཕེལ་གྱི་རྒྱབ་སྐྱོར་ཚུ་བྱིནམ་ཨིན། དེ་འབདཝ་ལས་ ལས་སྡེ་འདི་ ག་ཏེ་ལུ་ཡང་ཁྱབ་སྟེ་ཡོདཔ་མ་ཚད་ ཀུན་གྱིས་ངོས་འཛིན་འབད་ཚུགས་པའི་མི་སྡེའི་སྐྱིད་སྡུག་ལྟ་མི་ལས་ཁུངས་ངོ་མ་ཅིག་ཨིན། (ལི་ལི་དབང་ཕྱུག། ༢༠༠༨ ཤོག་གྲངས་ ༡༨༢།).
འཛམ་གླིང་སྤྱི་ཚོགས་རྒྱལ་སྤྱི་ཨ་ལུའི་གློ་བུར་མ་དངུལ་འདི་ འཛམ་གླིང་དམག་ཆེན་ ༢ པའི་ཤུལ་ལུ་ འཛམ་གླིང་ནང་ས་ཕྱོགས་ག་ཏེ་ཨིན་རུང་ རིས་མེད་ཀྱི་ཐོག་ལས་ཉེན་ཁ་ཅན་གྱི་གནས་སྟངས་ནང་ཡོདཔ་པའི་ཨ་ལུ་དང་ ཨ་ལུའི་མ་འོངས་མི་ཚེ་ དཀའ་སྡུག་མྱོང་སྲིད་མི་ཚུ་ བདག་འཛིན་འཐབ་སྟེ་གྲོགས་རམ་བྱིན་ནིའི་དོན་ལུ་ཨིན། དེ་འབདཝ་ལས་ ལས་སྡེ་འདི་ སྤྱི་ལོ་ ༡༩༤༦ ལུ་གཞི་བཙུགས་འབད་ཡོདཔ་ཨིན། སྤྱི་ལོ་ ༡༩༤༠ གི་ཤུལ་ལས་ ལས་སྡེ་འདི་གིས་ ཨ་ལུའི་བདེ་སྐྱིད་ལེགས་བཅོས་འབད་ནི་གི་དོན་ལུ་ སྤྱིར་བཏང་གི་ལས་རིམ་ཚུ་ནང་ འབད་བརྩོན་མཐའ་གཅིག་ཏུ་བསྐྱེད་དོ་ཡོདཔ་མ་ཚད་ ལྷག་པར་དུ་ཡར་རྒྱས་འགྱོ་བའི་བསྒང་གི་རྒྱལ་ཁབ་དང་གློ་བུར་ཉེན་འཚུབ་ཆེ་བའི་གནས་སྟངས་ཚུ་ལུ་གཙོ་བོར་བཏོནམ་ཨིན། ཡུ་ནི་སེཕ་འདི་ འཛམ་གླིང་སྤྱི་ཚོགས་རྒྱལ་སྤྱི་ཨ་ལུའི་གློ་བུར་མ་དངུལ་གྱི་ཚབ་སྦེ་ ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་གདུང་སེལ་གཞིས་ཆགས་བདག་སྐྱོང་གིས་ སྤྱི་ལོ་ ༡༩༤༦ ལུ་གཞི་བཙུགས་འབད་ཡོདཔ་ཨིན།
(UNICEF for every child, 2017) ལོ་དེ་ནང་ འཛམ་གླིང་སྤྱི་ཚོགས་ཡོངས་ཁྱབ་ལྷན་འཛོམས་ཀྱིས་ རྒྱལ་སྤྱི་ཨ་ལུའི་མ་དངུལ་ཟེར་དམག་འཁྲུག་གི་ཤུལ་ལུ་ གདུང་སེལ་གྱི་ལཱ་འབད་ནིའི་དོན་ལུ་ ལམ་ལུགས་གཞི་བཙུགས་འབད་ནི་ལུ་དམིགས་ཏེ་འགོ་བཙུགས་ནུག། སྤྱི་ལོ་ ༡༩༤༣ ལུ་ ལས་སྡེ་འདི་ འཛམ་གླིང་སྤྱི་ཚོགས་ཀྱི་ལམ་ལུགས་ཀྱི་གཏན་འཇགས་ཀྱི་ལས་ཁུངས་ལུ་གྱུར་ཏེ་ཡོདཔ་ཨིན། དེ་ལས་རིམ་གྱིས་སྦེ་ ད་ལྟོའི་ལས་སྡེ་གི་མིང་གཏན་འཁེལ་འགྱོ་ཡོདཔ་མ་ཚད་ དེ་གི་ཡིག་ཚང་ལྟེ་བ་འདི་ ནིའུ་ཡོག་གི་ཁྲོམ་སྡེ་ནང་རྐྱབ་ཡོདཔ་ཨིན།
སྤྱི་ལོ་ ༡༩༦༠ གི་སྐབས་ལུ་ཡུ་ནི་སེཕ་གི་ལས་སྣ་ཚུ་ རྒྱ་སྐྱེད་འབད་དེ་ དེའི་གྲངས་སུ་ ཨ་ལུའི་ཤེས་ཡོན་གྱི་དབང་ཆ་དང་ དེ་བཟུམ་སྦེ་ འཕྲོད་བསྟེན་དང་ ཟས་བཅུད་ཀྱི་དབང་ཆ་ཚུ་ཡང་བཙུགས་ནུག། སྤྱི་ལོ་ ༡༩༦༠ ལས་ཚུར་ ལས་སྡེ་འདི་གི་ལས་རིམ་ཚུ་ག་ར་ སྤྱི་ལོ་ ༡༩༨༩ ཅན་མའི་ཨ་ལུའི་ཐོབ་དབང་ཆིངས་ཡིག་གིས་ ལམ་སྟོན་འབད་དེ་ཡོདཔ་ཨིན། ཆིངས་ཡིག་འདི་གིས་ ཨ་ལུ་ག་ར་ཚད་ལྡན་གྱི་གཟུགས་ཁམས་དང་ ནད་གཞི་སྨན་བཅོས་ གཞན་ཡང་ གཟུགས་ཁམས་ཉམས་གསོ་འབད་ནི་ཚུ་སྤྱོད་ཚུགས་པའི་དབང་ཆ་གནངམ་ཨིན། སྤྱི་ལོ་ ༡༩༨༩ ལུ་འཛམ་གླིང་སྤྱི་ཚོགས་ཡོངས་ཁྱབ་ལྷན་འཛོམས་ཀྱིས་ ཨ་ལུའི་ཐོབ་དབང་གི་ཆིངས་ཡིག་ཆ་འཇོག་འབད་བའི་ཤུལ་ལུ་ ཡུ་ནི་སེཕ་གིས་ ཆིངས་ཡིག་འདི་ ལས་རིམ་ཚུ་ རྩམ་ད་ལུ་ ལམ་སྟོན་སྦེ་ལག་ལེན་འཐབ་ནུག། གནས་ཚུལ་བཟང་པོ་འདི་ སྤྱི་ལོ་ ༡༩༦༥ གི་ལོ་ལུ་ འཛམ་གླིང་སྤྱི་ཚོགས་རྒྱལ་སྤྱི་ཨ་ལུའི་གློ་བུར་མ་དངུལ་གྱིས་ འཛམ་གླིང་ཞི་བདེ་གི་གཟེངས་བསྟོད་རྟགས་མའི་གསོལ་རས་ཐོབ་ནུག། དེ་ལས་ རིམ་པ་བཞིན་དུ་ ལས་སྡེ་འདི་གིས་ ཨམ་སྲུ་དང་ དམིགས་བསལ་དུ་ ཡར་རྒྱས་འགྱོ་བའི་བསྒང་གི་ ཨམ་སྲའི་མཐའ་དོན་བལྟ་ནི་ཡང་འགོ་བཙུགས་ཅི། དཔེ་འབད་བ་ཅིན་ སྤྱི་ལོ་ ༡༩༨༠ ལུ་ ཡར་རྒྱས་ཀྱི་ལས་རིམ་ནང་ ཨམ་སྲུ་ཟེར་བའི་ལས་རིམ་ཅིག་འགོ་བཙུགས་ནུག། སྤྱི་ལོ་ ༡༩༨༢ ལུ་ཨ་ལུའི་འཕྲོད་བསྟེན་གྱི་ལས་རིམ་གསརཔ་ཅིག་འགོ་བཙུགས་མི་འདི་གིས་ གཟུགས་སྟོབས་ཡར་འཕར་གྱི་ལྟ་རྟོག་འབད་ནི་དང་ ཆུ་སྐམ་སླར་ལོག་སྨན་བཅོས་
(oral rehydration therapy) དེ་ལས་ ཨའི་གི་ཨོམ་བྱིན་ནི་ཚུ་གུར་ སྐུལ་ཁྱབ་བརྡ་སྤྲོད་འབད་ནི་ལུ་གཙོ་བོར་བཏོན་ནུག། (UNICEF for every child, 2017). འཛམ་གླིང་སྤྱི་ཚོགས་རྒྱལ་སྤྱི་ཨ་ལུའི་གློ་བུར་མ་དངུལ་འདི་ འཛིན་སྐྱོང་ལྷན་སྡེ་བཀོད་ཚོགས་ཀྱིས་སྐྱོང་དོ་ཡོདཔ་མ་ཚད་ ལཱ་ག་ཅི་ར་འབད་རུང་ འཛམ་གླིང་སྤྱི་ཚོགས་ཡོངས་ཁྱབ་ལྷན་འཛོམས་དང་ དཔལ་འབྱོར་དང་མི་སྡེ་ཚོགས་སྡེ་གི་ སྤྱིར་བཏང་སྲིད་བྱུས་ལམ་སྟོན་འདི་དང་འཁྲིལ་དགོ། བཀོད་ཚོགས་འདི་ ལོ་གཅིག་གི་ནང་འཁོད་ལུ་ ཚར་གསུམ་འཛོམ་ནི་ཡོད། འཛིན་སྐྱོང་བཀོད་ཚོགས་ཀྱིས་ ཡུ་ནི་སེཕ་གི་ལས་རིམ་བསྐྱར་ཞིབ་འབད་ནི་དང་། ལས་སྣ། སྲིད་བྱུས་དང་ལས་རིམ་ལ་སོགས་པའི་མ་དངུལ་ཚུ་ངོས་ལེན་འབདཝ་ཨིན། བཀོད་ཚོགས་འདི་ནང་ འཐུས་མི་ ༣༩ ཡོདཔ་དང་ དེ་ཚུ་གིས་ འཛམ་གླིང་སྤྱི་ཚོགས་ནང་ལུ་ ལུང་ཕྱོགས་སྡེ་ཚན་ ༥ གི་ངོ་ཚབ་འབདཝ་ཨིན། ཁོང་གི་ལཱ་ཚུ་ ལས་ཁང་གིས་སྦེ་འགོ་འདྲེན་འཐབ་དོ་ཡོདཔ་མ་ཚད་ ལས་ཁང་འདི་ནང་ ཚོགས་གཙོ་གཅིག་དང་ཚོགས་གཙོ་འོགམ་ ༤ ཡོད། ཡུ་ནི་སེཕ་གིས་ འཛམ་གླིང་རྒྱལ་ཁབ་ ༡༩༠ གི་ནང་ ཕྱག་ལཱ་གནང་དོ་ཡོདཔ་དང་ ཐ་ན་ ལྷོད་ཚུགས་པར་ གནམ་མེད་ས་མེད་ལཱ་ཁག་ཡོད་པའི་ས་གནས་ཚུ་ནང་ལུ་ཡང་ ན་གཞོན་དང་ཨ་ལུའི་སྐྱིད་སྡུག་བལྟ་བར་ལྷོད་དོ་ཡོདཔ་ཨིན། ལས་སྡེ་འདི་གི་མ་དངུལ་འབྱུང་ས་ངོ་མ་ར་ ཁས་བླངས་ཀྱི་ཐོག་ལས་ཞལ་འདེབས་བྱིན་མི་འདི་རྐྱངམ་གཅིག་ཨིནམ་ལས་ ཏི་རུ་ཕུད་རྡོག་གཅིག་ལས་མེད་རུང་ དཀའ་སྡུག་ཅན་གྱི་ཨ་ལུ་ཚུ་ལུ་ཟད་འགྲོ་གཏངམ་ཨིན། མ་དངུལ་ལོག་སྤྱོད་དང་ངན་ལྷད་དང་འབྲེལ་བའི་ལཱ་གི་དོགས་པ་ག་བཟུམ་ར་བྱུང་རུང་ ནང་འཁོད་རྩིས་ཞིབ་དང་བརྟག་ཞིབ་ཡིག་ཚང་གིས་ རྩིས་དཔྱད་འབདཝ་ཨིན།
དེ་མ་ཚད་ གཞུང་དང་གཞུང་མིན་ལས་སྡེ་ཁག་ཚུ་དང་ མཉམ་འབྲེལ་གྱི་ཐོག་ལས་འཛམ་གླིང་ནང་ ཨ་ལུའི་དཀའ་ངལ་བསལ་ནི་ལུ་རྩ་འགེངསམ་ཨིན། གློ་བུར་དང་ཚབས་ཆེན་གྱི་གནས་སྟངས་ནང་ལུ་ ཡུ་ནི་སེཕ་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ལས་སྡེ་ཚུ་སྣ་ཁྲིད་འབད་དེ་གདོང་ལན་འབད་དེ་ ཨ་ལུ་ཚུ་ལུ་ཉེན་སྲུང་ལྡན་པའི་འཐུང་ཆུ་དང་།འཕྲོད་བསྟེན། ཟད་བཅུད་དང་ཤེས་ཡོན་ཚུ་སྤྲོདཔ་ཨིན། ཁོང་གིས་ དུས་ཨ་རྟག་ར་ཨ་ལུ་ཚུ་རྩུབ་སྤྱོད། ལོག་སྤྱོད་དང་། དམའ་ཕབ་འབད་སྲིད་པའི་གནས་སྟངས་ཚུ་ལས་སྲུང་སྐྱོབ་འབདཝ་ཨིན། ལྷག་པར་དུ་ མ་རུང་པའི་གནད་དོན་ དཔེར་ན་ ལོ་ན་མ་སྨིན་པར་ལཱ་འབད་བཅུག་ནི། ལོ་ན་ཚོད་མ་རནམ་ལས་གཉེན་རྐྱབ་ནི། ཨ་ལུ་ཚོང་འབྲེལ་འཐབ་ནི། དབང་བཙོང་འདོད་སྤྱོད་འབད་ནི་དང་། བཀག་ཚུགས་པའི་སྟབས་མ་བདེ་བའི་གནས་སྟངས་ཚུ་ལས་སྲུང་སྐྱོབ་འབད་ནི། དེ་ལས་ སྤུད་ཚད་དང་ལྡན་པའི་ཤེས་ཡོན་དང་། ཕོ་མོ་འདྲ་མཉམ་གྱི་བསླབ་སྟོན་ལ་སོགས་པའི་གྲོགས་རམ་འབད་ནི་ལུ་ཡང་གཙོ་བོར་བཏོནམ་ཨིན།
འཛམ་གླིང་སྤྱི་ཚོགས་ རྒྱལ་སྤྱི་ཨ་ལུའི་གློ་བུར་མ་དངུལ་གྱིས་ འབྲུག་གཞུང་ལུ་ མཐའ་ཟུར་གྱི་ས་གནས་ཚུ་ནང་གཙང་སྦྲའི་མཁོ་ཆས་བཀྲམ་སྤེལ་འབད་ནི་ཚུ་ སྤྱི་ལོ་ ༡༩༧༤ ལས་ར་འགོ་བཟུང་སྟེ་རྒྱབ་སྐྱོར་གནང་སྟེ་ཡོདཔ་ཨིན། དེའི་ཤུལ་ལས་ ལས་སྡེ་འདི་གིས་ གཞུང་མིན་ལས་སྡེ་ཚུ་ལུ་གྲོགས་རམ་གཞན་ཡང་འབད་དེ་ ན་གཞོན་ཨ་ལུ་དང་ཨམ་སྲུ་ཚུ་གི་མི་ཚེའི་གནས་སྟངས་ཡར་རྒྱས་གཏང་ནི་ལུ་ ཕན་རླབས་བྱུང་སྟེ་ཡོདཔ་ཨིན། ཨ་ལུའི་ཐོབ་དབང་གི་ཆིངས་ཡིག་གུར་ གཞི་བཞག་སྟེ་ ཡུ་ནི་སེཕ་གིས་ གཞི་དོན་མ་འདྲཝ་ ༤ གུར་གཙོ་བོར་བཏོན་དོ་ཡོདཔ་དང་། དེ་ཡང་ འཕྲོད་སྟེན། ཟས་བཅུད། གཟུགས་ཁམས་དང་། ཨའི་དང་ཨ་ལུ་བདག་འཛིན་གྱི་ཞབས་ཏོག་འགྲུབ་ནི་ཚུ་ཨིན། ལྷག་པར་དུ་ ཨ་ལུ་ག་ར་ལུ་སྤུས་ཚད་ལྡན་པའི་ཤེས་ཡོན་འདྲ་མཉམ་སྦེ་བྱིན་ནི་ལུ་ཡང་དམིགས་གཏད་བསྐྱེདཔ་ཨིན། ༼ལི་ལི་དབང་ཕྱུག། ༢༠༠༨ ཤོག་གྲངས་ ༡༨༢-༡༨༣།༽).

འཛམ་གླིང་གསོ་བའི་ལས་ཚོགས་།[ཞུན་དག།]

༉ འཛམ་གླིང་གསོ་བའི་ལས་ཚོགས་འདི་ འཛམ་གླིང་སྤྱི་ཚོགས་ལམ་ལུགས་ཀྱི་ནང་འཁོད་ལུ་ རྒྱལ་སྤྱི་གསོ་བའི་གནས་སྟངས་འཛིན་སྐྱོང་འབད་ནིའི་ནང་ འགོ་འདྲེན་འཐབ་མི་ དབང་འཛིན་གྱི་ལས་ཚོགས་ཅིག་ཨིནམ་མ་ཚད་ འཛམ་གླིང་སྤྱི་ཚོགས་ཀྱི་ ཆོག་གྱུར་ཅན་གྱི་ལས་ཁུངས་ཅིག་ཨིན་པའི་ཆ་ལས རྒྱལ་ཁབ་དང་། མཉམ་འབྲེལ་པ། མི་སེར་ཚུའི་གསོ་བའི་འཕྲོད་བསྟེན་་ཡར་རྒྱས་གཏང་ནི་དང་། གཞན་ཡང་ འགྲོ་བ་ཀུན་གྱི་གཟུགས་ཁམས་དང་སེམས་ཁམས་སྒྲིང་སྒྲི་སྦེ་བཞག་ཐབས་ལུ་ འཛམ་གླིང་ཉེན་སྲུང་འབད་ནི་དང་ ཉེན་ཁ་འབྱུང་སྲིད་པའི་གནས་སྟངས་ནང་ཡོད་མི་ཚུ་ལུ་ཞབས་ཏོག་ཞུ་ནི་ཚུ་ཨིན། (Working for health, 2007) སྤྱི་ལོ་ ༡༩༤༥ ལུ་ འཛམ་གླིང་སྤྱི་ཚོགས་གཞི་བཙུགས་གནང་ནིའི་དོན་ལུ་ དོན་གཅོདཔ་ཚུ་འཛོམས་ཏེ་བསྟུན་གྲོས་འབད་བའི་སྐབས་ འཛམ་གླིང་གསོ་བའི་ལས་སྡེ་ཡང་ གཞི་བཙུགས་འབད་ནི་སྦེ་གྲོས་ཐག་ཆོད་གནང་ནུག། དེ་ལས་ སྤྱི་ལོ་ ༡༩༤༨ སྤྱི་ཟླ་ ༥ པའི་སྤྱི་ཚེས་ ༧ ལུ་ འཛམ་གླིང་གསོ་བའི་རྩ་ཁྲིམས་གསར་གཏོད་འབད་ཡོདཔ་ཨིན། དེ་ལས་ཚུར་ ཉིནམ་འདི་ ལོ་ཨ་རྟག་ར་ འཛམ་གླིང་གསོ་བའི་ཉིནམ་སྦེད་བརྩི་སྲུང་ཞུཝ་ཨིན། འཛམ་གླིང་གསོ་བའི་ཚོགས་འཛོམས་འགོ་ཐོག་ སྤྱི་ལོ་ ༡༩༤༧ སྤྱི་ཟླ་ ༦ པའི་ནང་འགོ་འདྲེན་འཐབ་ཡོདཔ་དང་ དེ་བསྒང་ འཛམ་གླིང་གསོ་བའི་ལས་སྡེ་འགོ་བཙུགས་གནང་མི་ འཐུས་མི་ ༥༥ ཡོད་ས་ལས་ འཐུས་མི་ ༥༣ གྱིས་ བཅའ་མར་གཏོགས་གནང་ནུག། དེ་བསྒང་ ལས་སྡེ་འདི་གི་གཙོ་རིམ་གལ་ཆེ་ཤོས་ར་ ཚད་པའི་ནད། ཨམ་སྲུ་དང་ཨ་ལུའི་འཕྲོད་བསྟེན། བད་ཀན་གློ་གཅོང་། ལུས་འབྲེལ་ལས་བརྟེན་པའི་ནད་གཞི། ཟད་བཅུད་དང་མཐའ་སྐོར་གཙང་སྦྲ་ཚུ་ཨིནམ་སྦེ་ངོས་འཛིན་འབད་ཡོདཔ་བཞིན་དུ་ ལཱ་འདི་ ད་ལྟོའི་བར་ན་ཡང་ འབད་དང་འབད་བཞིན་ཡོདཔ་ཨིན། གཞན་ཡང་ སྤྱི་ལོ་ ༡༩༤༨ ལུ་སྔོན་མ་ ནམ་ཡང་མ་བྱུང་པའི་ཚབས་ཆེན་གྱི་ནད་གཞི་ ཨེཌིསི་ཚུ་ཡང་ལས་སྡེ་འདི་གི་འགན་འཁྲི་གི་ནང་ཚུད་ནུག། (Working for health, 2007) ད་རེས་ འཐུས་མི་རྒྱལ་ཁབ་བསྡོམས་ ༡༩༤ དང་ འགན་རོགས་འཐུས་མི་ ༢ ཡོདཔ་ཨིན། རྒྱལ་ཁབ་ག་འབད་རུང་ཅིག་ ལས་སྡེ་འདི་གི་འཐུས་མི་སྦེ་འཛུལ་ཞུགས་འབད་དགོ་པ་ཅིན་ འཛམ་གླིང་གསོ་བའི་རྩ་ཁྲིམས་གུར་ཆ་འཇོག་གི་མཚན་རྟགས་བཀོད་དགོ། ལོ་བསྟར་བཞིན་དུ་ སྤྱི་ཟླ་ ༥ པའི་ནང་ འཐུས་མི་ཚུ་ ཇི་ནི་བཱ་༼སུའི་ཛར་ལེནཌ༽ལུ་ཡོད་པའི་ཡིག་ཚང་ལྟེ་བ་ནང་འཛོམས་ནི་ཡོད། དེ་བསྒང་ ལས་སྡེ་འདི་དང་འབྲེལ་བའི་སྲིད་བྱུས་དང་འཆར་དངུལ་ཚུ་ཆ་འཇོག་མཛདཔ་ཨིན། དེ་མ་ཚད་ གནས་ཡུན་ལོ་ངོ་ ༥ གི་དོན་ལུ་ཡོངས་ཁྱབ་མདོ་ཆེན་ཡང་བཙག་འཐུ་འབདཝ་ཨིན། ལས་སྡེ་འདི་ འཛམ་གླིང་གསོ་བའི་སྲིད་བྱུས་རྩོམ་སྒྲིག་འབད་མི་གི་ མངོན་མཐོའི་འདུས་ཚོགས་ཨིན། ལྷན་འཛོམས་ཀྱི་སྐབས་ལུ་ ཁྱད་ཚད་དང་ལྡན་པའི་རྒྱལ་ཁབ་འཐུས་མི་ ༣༤ ལོ་ངོ་ ༣ གྱིདོན་ལུ་འཛིན་སྐྱོང་ལྷན་སྡེའི་ནང་བཙག་འཐུ་འབདཝ་ཨིན། ལྷན་སྡེ་འདི་གི་ལཱ་འགན་ངོ་མ་ར་ ལྷན་འཛོམས་ནང་མཐའ་བཏོགསཔའི་གྲོས་ཆོད་དང་སྲིད་བྱུས་ཚུ་ལག་ལེན་འཐབ་ནི་དང་། གྲོས་སྟོན་འབད་ནི། ལཱ་འགན་འདི་ཚུ་འབདཝ་ད་ཕན་གྲོགས་འབད་ནི་ཚུ་ཨིན། སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༥ པའི་སྐོར་ཆ་ལུ་ ཀེན་ཡ་ལས་ཨིན་མི་ ཌོག་ཊར་པེ་ཊྲིག་ཨ་མོཊི་འདི་ འཛིན་སྐྱོང་ལྷན་སྡེ་གི་ཁྲི་འཛིན་ཨིན།
འཛམ་གླིང་གསོ་བའི་ལས་ཚོགས་ལུ་ ལུང་ཕྱོགས་ཡིག་ཚང་ ༦ ཡོད། དེ་ཡང་ ཁག་ཆེ་བའི་ས་གནས་ཚུ་ནང་ དམིགས་བསལ་གྱི་ཞབས་ཏོག་སྤྲོད་ནིའི་དོན་ལུ་ གཞི་བཙུགས་འབད་ཡོད། གསོ་བའི་ལས་སྡེ་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ལས་ཁུངས་གཞན་མི་ཚུ་དང་ གཞན་ཡང་ གཞུང་འབྲེལ་དང་གཞུང་མིན་གྱི་ལས་ཁུངས་ཁག་མ་འདྲཝ་ཚུ་དང་གཅིག་ཁར་ མཉམ་འབྲེལ་གྱི་ཐོག་ལས་ལཱ་ཚུ་འབདཝ་ཨིན། གསོ་བའི་སྨན་པ་དང་མཁས་མཆོག་ ༨༠༠༠ ལྷག་ཙམ་ཅིག་གིས་ ཇི་ནི་བཱ་ལུ་ཡོད་པའི་ཡིག་ཚང་ལྟེ་བ་དང་ འཐུས་མི་རྒྱལ་ཁབ་ ༡༤༧ གྱི་ནང་ཡོད་པའི་ཡིག་ཚང་ཚུ་ནང་ ཕྱག་ལཱ་གནངམ་ཨིན། གསོ་བའི་ལས་ཚོགས་ཀྱི་མ་དངུལ་འབྱུང་སའི་གཞི་གཉིས་ཡོད་ས་ལས་ དང་པ་འདི་ འཐུས་མི་རྒྱལ་ཁབ་རེ་རེ་བཞིན་དུ་ལས་གནས་རྩིས་བཏོན་ཐོག་ལས་ སྤྲོད་པའི་མ་དངུལ་དང་། གཉིས་པ་ ཁས་བླངས་ཀྱི་ཐོག་ལས་ཞལ་འདེབས་བྱིན་མི་གཉིས་ཨིན།
དུས་ཀྱི་འགྱུར་བ་དང་བསྟུན་ཏེ་འབྲུག་རྒྱལ་ཁབ་ཡང་ སྤྱི་ལོ་ ༡༩༦༠ ལས་ཚུར་ རྒྱལ་ཁབ་ནང་ཡར་རྒྱས་ཀྱི་གཞི་འགྱམ་བཙུགས་ཏེ་ གསོ་བའི་གནས་སྟངས་ཡང་ རིམ་གྱིས་སྦེ་ཡར་རྒྱས་གཏང་ནི་གི་དུས་ལུ་བབས་ནུག། དེ་ལས་ འབྲུག་རྒྱལ་ཁབ་ཡང་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་འཐུས་མི་སྦེ་ སྤྱི་ལོ་ ༡༩༨༢ སྤྱི་ཟླ་ ༣ པའི་ཚེས་ ༨ ལུ་འཛུལ་ཞུགས་འབད་ཡོདཔ་ཨིན། སྤྱི་ལོ་ ༡༩༧༩ ལས་ཚུར་རྒྱལ་ཁབ་ནང་ གསོ་བའི་གནས་ཚད་ཡར་དྲག་གཏང་ཐབས་ལུ་ གཞི་རིམ་གསོ་བའི་གཅེས་སྐྱོང་ ཨཱལ་མ་ཨ་ཊ་
(alma ata) གི་གསལ་བསྒྲགས་འདི་ལུ་གཙོ་བོར་བཟུང་ཞིནམ་ལས་ དུས་མཐུན་གསོ་བའི་ཞབས་ཏོག་སྤྲོད་ནི་ལུ་རྩ་འགེངས་ནུག། འཛམ་གླིང་གསོ་བའི་ལས་སྡེ་གིས་ འབྲུག་རྒྱལ་ཁབ་ལུ་གྲོགས་རམ་ངོ་མ་ར་ གནས་སྟངས་མ་འདྲཝ་ལྔ་ནང་འབད་དོ་ཡོདཔ་ཨིན། དེ་ཡང་ མི་སྟོབས་ཡར་རྒྱས་གཏང་ནི། གསོ་བའི་ལམ་ལུགས་སྒྲིང་སྒྲི་བཟོ་ནི། འཕྲོད་བསྟེན་གྱི་ཉེན་ཁ་མར་ཕབ་འབད་ནི། ནད་གཞི་མར་ཕབ་འབད་ནི། དེ་བཟུམ་སྦེ་ ཡུན་བརྟན་ཡར་རྒྱས་ཀྱི་དོན་ལུ་གསོ་བའི་གནས་སྟངས་ཡར་དྲག་གཏང་ནི་ཚུ་ཨིན། འབྲུག་རྒྱལ་ཁབ་ནང་ལུ་ཡང་ འཛམ་གླིང་གསོ་བའི་ཡིག་ཚང་འདི་ སྤྱི་ལོ་ ༡༩༨༣ ལུ་ ཐིམ་ཕུག་ལུ་གཞི་བཙུགས་མཛད་ཡོདཔ་དང་ ཌོག་ཊར་ཨེམ་སའི་ཕུ་ལ་འདི་ མི་དམངས་གསོ་བའི་བདག་སྐྱོང་པ་དང་པ་གི་ལཱ་འགན་བཞེས་གནང་ནུག། ༼ལི་ལི་དབང་ཕྱུག། ༢༠༠༨། ཤོག་གྲངས་ ༡༨༣།

འཛམ་གླིང་སྤྱི་ཚོགས།[ཞུན་དག།]

༉ འཛམ་གླིང་སྤྱི་ཚོགས་འདི་མཐུན་མོང་མ་ཡིན་པའི་རྒྱལ་སྤྱི་གི་ལས་སྡེ་གཅིག་ཨིན། འཛམ་གླིང་ནང་བདེ་སྐྱིད་ཡུན་གནས་དང་མི་སྡེ་གོང་འཕེལ་གཏང་ནི་ལུ་ དམིགས་སྟེ་ རང་དབང་རང་བཙན་ཡོད་པའི་རྒྱལ་ཁབ་ཚུ་གཅིག་ཁར་བསྡོམས་ཞིནམ་ལས་ མོས་མཐུན་གྱི་ཐོག་ལུ་ལས་སྡེ་འདི་གཞི་བཙུགས་འབད་ཡོདཔ་ཨིན། འཛམ་གླིང་སྤྱི་ཚོགས་འདི་འཛམ་གླིང་གི་གཞུང་སྐྱོང་མེནམ་ལས་ ཁྲིམས་གསར་རྩམ་འབད་ནི་མེད་རུང་ སྤྱིར་བཏང་འཛམ་གླིང་ནང་བྱ་སྟབས་མ་བདེ་བའི་གནས་སྟངས་ཤརཝ་ད་ དཀའ་ངལ་ཞི་ཐབས་ལུ་སྲིད་བྱུས་ཚུ་བརྩམས་ཏེ་ཐབས་ལམ་ཚུ་སྟོནམ་ཨིན། (འཛམ་གླིང་སྤྱི་ཚོགས། ༢༠༡༠། (United Nation, 2010).
སྤྱི་ལོ་ ༡༩༤༥ ལུ་འཛམ་གླིང་དམག་ཆེན་ ༢ པ་མཇུག་བསྡུ་བའི་ཤུལ་ལུ་ རྒྱལ་ཁབ་མང་ཤོས་ར་ དབུལ་ཕོངས་ཀྱི་དཀའ་ངལ་གྱིས་འཛིན་ཏེ་ འཛམ་གླིང་ནང་ཞི་བདེ་གི་ས་བོན་ ལོག་བཙུགས་དགོ་པའི་རེ་བ་སྦོམ་བསྐྱེད་ནུག། དེ་ལས་ རྒྱལ་ཁབ་ ༥༡ གི་ངོ་ཚབ་ཚུ་སྤྱི་ལོ་ ༡༩༤༥ སྤྱི་ཟླ་ ༤ པའི་སྤྱི་ཚེས་ ༢༥ ལས་སྤྱི་ཟླ་ ༦ པའི་ཚེས་ ༢༦ ཚུན་ སཱན་ཕྼན་སིསི་ཀོ་ལུ་ཚོགས་པའི་ རྒྱལ་སྤྱི་གྲོས་ཚོགས་ནང་འཛོམས་ནུག། དེའི་ཤུལ་ལས་ཟླ་ངོ་ ༢ ཀྱི་རིང་ འཛམ་གླིང་སྤྱི་ཚོགས་ཀྱི་བཀའ་ཁྲིམས་བཞེངས་ཏེ་དེ་གུར་ མཚན་རྟགས་བཀོད་དེ་ཡོདཔ་ཨིན། བཀའ་ཁྲིམས་དེ་གིས་ མ་འོངས་པ་ལུ་ ཧེ་མ་བྱུང་སྟེ་ཡོད་པའི་རྐྱེན་ཚུ་ འཛེམ་བཀག་འབད་ཚུགས་པའི་ རེ་བ་སྦོམ་བསྐྱེད་ནུག། བཀའ་ཁྲིམས་བཞེངས་ཚར་ཏེ་ ཟླཝ་ ༤ གི་ཤུལ་ལས་ གཞུང་འབྲེལ་གྱི་ཐོག་ལས་འཛམ་གླིང་སྤྱི་ཚོགས་འདི་ སྤྱི་ལོ་ ༡༩༤༥ སྤྱི་ཟླ་ ༡༠ པའི་ཚེས་ ༢༥ གི་ཉིནམ་ལས་ཕྱག་ལཱ་གནང་ནི་འགོ་བཙུགས་ཡོདཔ་ཨིན། དེ་བསྒང་བཀའ་ཁྲིམས་འདི་ རྒྱ་ནག་རྒྱལ་ཁབ། ཕྼནསི། སོ་ཝི་ཡེཊི་ཡུ་ནི་ཡན། ཡུ་ནཱའི་ཊེཊི་ཀིང་ཌོམ། ཡུ་ནཱའི་ཊེཊི་ཨིསི་ཊེཊི་བཅས་ གཞན་ཡང་འཐུས་མི་ རྒྱལ་ཁབ་ལེ་ཤ་གིས་རྒྱབ་སྣོན་ཆ་འཇོག་མཛད་དེ་ཡོདཔ་ཨིན། དེ་ལས་བཟུང་སྟེ་ ད་ཚུན་མི་ལོ་ ༧༥ གི་རིང་ འཛམ་གླིང་སྤྱི་ཚོགས་ཀྱིས་ འཛམ་གླིང་ནང་ཞི་བདེ་དང་དགའ་སྐྱིད་མི་ཉམས་གོང་འཕེལ་གྱི་ཕྱག་ལཱ་མཛད་དང་མཛད་བཞིན་དུ་ཡོད། འཛམ་གླིང་སྤྱི་ཚོགས་ཡང་ དུས་ཀྱི་འགྱུར་བ་དང་འཁྲིལ་ཏེ་ རིམ་གྱིས་སྦེ་གོང་འཕེལ་འགྱོ་སྟེ་ཡོད་རུང་ མི་སྡེའི་ནང་སྟབས་མ་བདེཝ་བསལ་ནི་དང་གཅིག་གྲོགས་གཅིག་ཕན་གྱི་ལས་སྣ་བརྩམ་ནི་གི་དམིགས་ཡུལ་འདི་ འགྱུར་མེད་བརྟན་ཏོག་ཏོ་སྦེ་ར་ཡོདཔ་ཨིན། (United Nation, 2010).
འཛམ་གླིང་སྤྱི་ཚོགས་ནང་ ད་ལྟོ་གནས་བཞིན་ཡོད་པའི་འཐུས་མི་ཡོངས་བསྡོམས་ ༡༩༣ ཡོད། རྒྱལ་ཁབ་ག་ར་འབད་རུང་ འཐུས་མི་སྦེ་འཛུལ་ཞུགས་འབད་དགོ་པ་ཅིན་དང་པ་ར་ ཉེན་སྲུང་ཚོགས་སྡེ་གི་རྒྱབ་སྣོན་ངོ་སྦྱོར་དང་བསྟུན་ ཡོངས་ཁྱབ་ལྷན་འཛོམས་ཀྱིས་ངོས་ལེན་འབད་དགོ། འཇམ་གླིང་སྤྱི་ཚོགས་ལུ་ ཡན་ལག་འདུས་ཚོགས་ལེ་ཤ་ཡོད་པའི་ནང་ལས་གཙོ་ཅན་ཚུ་ཡང་ ཉེན་སྲུང་ཚོགས་སྡེ། དཔལ་འབྱོར་དང་མི་སྡེ་ཚོགས་སྡེ། བློ་གཏད་ཚོགས་སྡེ། རྒྱལ་སྤྱིའི་དྲང་ཁྲིམས་ཚོགས་སྡེ། འཛམ་གླིང་སྤྱི་ཚོགས་དྲུང་ཆེན་ཡིག་ཚང་ཚུ་ཨིན། འཛམ་གླིང་སྤྱི་ཚོགས་ཀྱི་འཐུས་མི་ག་ར་ ཡོངས་ཁྱབ་ལྷན་འཛོམས་ཀྱི་འཐུས་མི་ཡང་ཨིནམ་ལས་ ཡོངས་ཁྱབ་ལྷན་ཚོགས་འདི་ འཛམ་གླིང་སྤྱི་ཚོགས་ཀྱི་འདུས་ཚོགས་ཚུ་ལས་ འཐུས་མི་ཆ་ཚང་ཡོད་པའི་འདུས་ཚོགས་ཅིག་ཨིན། ལོ་བསྟར་བཞིན་དུ་ སྤྱི་་ཟླ་ ༩ པའི་ནང་འཐུས་མི་ཡོངས་རྫོགས་ ཡོངས་ཁྱབ་ལྷན་འཛོམས་ནང་བཅའ་མར་གཏོགསཔ་ཨིན། ཡོངས་ཁྱབ་ལྷན་འཛོམས་ཀྱིས་ལོ་བསྟར་བཞིན་དུ ཡོངས་ཁྱབ་ལྷན་འཛོམས་ཀྱི་ཚོགས་གཙོ/སྲིད་འཛིན་ཚུ་བཙག་འཐུ་འབདཝ་ཨིན།
ཉེན་སྲུང་ཚོགས་སྡེ་འདི་ རྒྱལ་སྤྱིའི་ཞི་བདེ་དང་ཉེན་སྲུང་གི་ཕྱག་ལཱ་མཛད་མི་གཙོ་བོ་ཅིག་ཨིནམ་ལས་ དེ་ནང་གཏན་འཇགས་ཀྱི་འཐུས་མི་ ༥ དང་སྐབས་ཐོབ་ཀྱི་འཐུས་མི་ ༡༠ སྦེ་བསྡོམས་ཀྱིས་འཐུས་མི་ ༡༥ ཡོདཔ་ཨིན། ཚོགས་སྡེ་དེ་གི་ཚོགས་གཙོ་གི་འགན་ཁུར་འདི་ ཟླ་རིམ་བཞིན་དུ་སོར་ཞིནམ་ལས་ སྐོར་རྒྱབ་རྐྱབ་སྟེ་ཕྱག་ལཱ་མཛདཔ་ཨིན། དཔལ་འབྱོར་དང་མི་སྡེ་ཚོགས་སྡེ་གི་ལས་འགན་གཙོ་བོ་ར་ འགོ་འདྲེན་འཐབ་ནི། སྲིད་བྱུས་བསྐྱར་ཞིབ་འབད་ནི། སྲིད་བྱུས་ཚུའི་སྐོར་ལས་གསུང་གྲོས་གནང་ནི། དཔལ་འབྱོར་དང་མི་སྡེའི་ནང་རང་བཞིན་གནས་སྟངས་ཚུ་གི་དོན་ཚན་གུར་ རྒྱབ་སྣོན་ངོ་སྦྱོར་འབད་ནི་དང་། རྒྱལ་སྤྱིའི་འཐུས་མི་ཚུ་གིས་ངོས་ལེན་འབད་ཡོད་པའི་ཆིངས་ཡིག་ཚུ་ལག་ལེན་འཐབ་ནི་འདི་ཨིན། ཚོགས་སྡེ་འདི་ལུ་ ཡོངས་ཁྱབ་ལྷན་འཛོམས་ཀྱི་བཙག་འཐུ་གྲུབ་པའི་འཐུས་མི་ ༥༤ ཡོད། བློ་གཏད་ཚོགས་སྡེ་གི་ལས་འགན་ངོ་མ་ར་ འཐུས་མི་རྒྱལ་ཁབ་ ༧ གྱི་མངའ་འོག་ལུ་ཡོད་པའི་བློ་གཏད་ས་མཚམས་ ༡༡ དེ་འཛིན་སྐྱོང་འབད་ནི་འདི་ཨིན། རྒྱལ་སྤྱིའི་དྲང་ཁྲིམས་ཚོགས་སྡེ་འདི་ འཛམ་གླིང་སྤྱི་ཚོགས་ཀྱི་མངོན་མཐོའི་ཁྲིམས་ཁང་ཨིན། ཚོགས་སྡེ་འདི་གི་འགན་ཁུར་འདི་ ཁྲིམས་ཀྱི་རྩོད་གཤེར་དང་གཞན་རྩོད་གཞི་ཚུ་ རྒྱལ་སྤྱིའི་ཁྲིམས་མཐུན་ལྟར་ བསྟར་སྤྱོད་འབད་ནི་འདི་ཨིན།
འཛམ་གླིང་སྤྱི་ཚོགས་དྲུང་ཆེན་ཡིག་ཚང་ནང་ ཡོངས་ཁྱབ་དྲུང་ཆེན་གྱིས་གཙོས་པའི་གཞན་ཕྱག་ལཱ་གནང་མི་རྒྱལ་སྤྱིའི་འཐུས་མི་ཚུ་ལས་ལས་གཡོགཔ་སྟོང་ཕྲག་ཁྲི་ཕྲག་སྦེ་ཡོདཔ་ཨིན། འཛམ་གླིང་སྤྱི་ཚོགས་ཀྱི་བཀའ་ཁྲིམས་ལྟར་དུ་ཡོངས་ཁྱབ་དྲུང་ཆེན་འདི་ བདག་སྐྱོང་སྤྱི་ཁྱབ་ཀྱི་འགོ་དཔོན་ཨིནམ་མ་ཚད་ འཛམ་གླིང་ནང་ཉེན་སྲུང་གི་དཀའ་ངལ་ག་བཟུམ་བྱུང་རུང་ ཉེན་སྲུང་ཚོགས་སྡེ་ནང་གྲོས་བསྡུར་འབད་དགོ་པའི་བཀའ་གནང་ཆོག། འབྲུག་རྒྱལ་ཁབ་འདི་ འཛམ་གླིང་སྤྱི་ཚོགས་ཀྱི་འཐུས་མི་ ༡༣༢ པ་སྦེ་ སྤྱི་ལོ་ ༡༩༧༡ གི་ལོ་ལུ་འཛུལ་ཞུགས་འབད་ནུག། སྤྱི་ཚོགས་འདི་གི་ ཡིག་ཚང་ཡང་རྒྱལ་ཁབ་ནང་ སྤྱི་ལོ་ ༡༩༧༤ ལུ་རྐྱབ་ཡོདཔ་ཨིན། འབྲུག་གི་འཛམ་གླིང་སྤྱི་ཚོགས་ཀྱི་སྲིད་བྱུས་དང་བཀའ་ཁྲིམས་ལུ་བརྩི་མཐོང་དང་གུས་ཞབས་ཆེན་པོའི་སྒོ་ལས་ཡར་རྒྱས་ཀྱི་ལཱ་འགན་ཚུ་ འཐུས་ཤོར་གང་ཡང་མེད་པར་འབད་བཞིན་དུ་ཡོད། སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༩ པའི་ཚེས་ ༢༡ ལུ་ འབྲུག་རྒྱལ་ཁབ་འཛམ་གླིང་སྤྱི་ཚོགས་ནང་འཛུལ་ཞུགས་འབད་དེ་མི་ལོ་ ༥༠ འཁོར་བའི་བརྩི་སྲུང་རྒྱས་ཞིང་རྒྱསཔ་སྦེ་འབད་ཡོདཔ་ཨིན།
(Bhutan celebrates its 50 years of membership to UN, 2021)



ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཆོགས་པ།[ཞུན་དག།]

༉ ལྷོ་ཨེ་ཤེ་ཡི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པ་འདི་ ལུང་ཕྱོགས་གཞུང་འབྲེལ་གྱི་ལས་ཁུངས་ཨིནམ་མ་ཚད་སྲིད་འབྲེལ་སྤྱི་ཚོགས་ཡང་ཨིན་པས། དེ་དམིགས་ཡུལ་ངོ་མ་ར་ འཐུས་མི་རྒྱལ་ཁབ་ཚུ་ནང་ཁ་འཆམས་ཡོད་པའི་གཞི་དོན་གུར་མཉམ་རུབ་ཀྱི་དཔལ་འབྱོར་དང་མི་སྡེ་ཡར་རྒྱས་གཏང་ནི་འདི་ཨིན། (ཤ་ཧིན། ༢༠༡༣) ལྷོ་ཨེ་ཤི་་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པ་འདི་ འཛམ་གླིང་སྤྱི་ཚོགས་བཀའ་ཁྲིམས་ཀྱི་རྩ་ཚན་ ༤༢ པ་དང་འཁྲིལ་ཏེ་བརྩམས་ཡོདཔ་ཨིན་མས། ལུང་ཕྱོགས་མཐུན་འབྲེལ་ཚོགས་པ་འདི་ ཌཱ་ཀ་ལུ་སྦེ་སྤྱི་ལོ་ ༡༩༤༨ སྤྱི་ཟླ་ ༡༢ པའི་སྤྱི་ཚེས་ ༨ ལུ་གཞི་བཙུགས་འབད་ནུག། ཚོགས་པའི་དམིགས་གཏད་འདི་གཙོ་བོ་ར་ ལུང་ཕྱོགས་རྒྱལ་ཁབ་འཐུས་མི་གི་ནང་འཁོད་ལུ་ དཔལ་འབྱོར་དང་མི་སྡེ་ གཞན་རིག་གཞུང་དང་ལམ་སྲོལ་གོང་འཕེལ་གཏང་ནིའི་དོན་ལུ་དང་ ལྷག་པར་དུ་ ཡར་རྒྱས་འགྱོ་བའི་བསྒང་ཨིན་མི་ འཐུས་མི་རྒྱལ་ཁབ་ཚུ་གི་བར་ན་ མཐུན་ལམ་དང་མཉམ་འབྲེལ་ ཡར་རྒྱས་གཏང་ནི་འདི་ཨིན། ཚོགས་པ་འདི་གཞི་བཙུགས་འབད་ནི་གི་འཆར་གཞི་འགོ་དང་པ་ བྷང་ལ་དེཤ་གི་སྲིད་འཛིན་ ཟི་ཡུའར་རཽ་མཱན་ གྱིས་ ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཚུ་ནང་གཟིགས་སྐོར་གནང་སྟེ་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ མཐུན་འབྲེལ་ཚོགས་པ་བཟོ་ནི་གི་ འོས་འབབ་ཡོད་མེད་ཀྱི་་བརྟག་དཔྱད་འབད་ནུག། དེ་ལས་ སྤྱི་ལོ་ ༡༩༧༠ སྐོར་ཆ་ལུ་ལྷོ་ཨེ་ཤི་ཡ་དབུས་ཀྱི་རྒྱལ་ཁབ་ བྷང་ལ་དེཤ། འབྲུག། རྒྱ་གར། མཱལ་དིབས། པཱ་ཀིསི་ཏཱན། ཤྲི་ལང་ཀ་རྒྱལ་ཁབ་ཚུ་གིས་ ལྷོ་ཨེ་ཤི་ཡའི་མི་སེར་ཚུ་ མཐུན་ལམ་དང་བློ་གཏད་ གོ་ཤེས་བསམ་ཤེས་ཀྱི་ཐོག་ལས་ ཚོང་འབྲེལ་གྱི་ལཱ་འབད་ནིའི་དོན་ལུ་ དཔལ་འབྱོར་གྱི་སྡེ་ཚན་ཅིག་བཟོ་ནིའི་ཁ་འཆམས་ནུག། སྤྱི་ལོ་ ༡༩༤༣ གྱི་ལོ་ལུ་ བྷང་ལ་དེཤ་གི་རྒྱལ་ས་ཌཱ་ཀ་ལུ་ ཕྱི་འབྲེལ་ལྷན་ཁག་གིས་འགོ་འདྲེན་འཐབ་པའི་རྒྱལ་སྤྱི་གྲོས་ཚོགས་ཀྱི་སྐབས་ལུ་ ལྷོ་ཨེ་ཤི་ཡ་དབུས་ཀྱི་རྒྱལ་ཁབ་ ༧ གྱིས་ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པ་གཞི་བཙུགས་འབད་ནི་སྦེ་ཆ་འཇོག་འབད་ནུག། ཚོགས་པ་དེ་གི་ཡོངས་ཁྱབ་དྲུང་ཆེན་གྱི་ཡིག་ཚང་ལྟེ་བ་འདི་ བལ་པོའི་རྒྱལ་ས་ ཀཱཊི་མཱན་ཌུ་ལུ་བཟོ་ནི་སྦེ་ཐག་ཆོད་དེ་ཡོདཔ་མ་ཚད་ གཅིག་སྒྲིལ་བྱེད་ལས་ཀྱི་ལས་རིམ་ ༥ ངོས་འཛིན་འབད་མི་ལས་ སོ་ནམ། མཐའ་ཟུར་གོང་འཕེལ། བརྒྱུད་འབྲེལ་གྱི་འཕྲུལ་ཆ། གནམ་གཤིས་རིག་པ། གསོ་བ་དང་མི་རློབས་ཀྱི་ལས་སྣ་ཚུ་ཨིན། ཨཕ་ག་ནིསི་ཏཱན་ཡང་ སྤྱི་ལོ་ ༢༠༠༧ ལུ་འཐུས་མི་སྦེ་ འཛུལ་ཞུགས་འབད་ཡོདཔ་དང་ གཞན་ལྟ་རྟོག་འབད་མི་རྒྱལ་ཁབ་ European Union, US, China ལ་སོགས་པ་སྒྲིག་མཐུན་གྱི་སྒོ་ལས་རྒྱལ་ཁབ་ ༩ ངོས་འཛིན་འབད་ཡོདཔ་ཨིན། (པྼི་ཡ།)
ཚོགས་པའི་ཡིག་ཚང་ལྟེ་བ་ཀཱཊི་མཱན་ཌུ་ལུ་ཡོད། འཐུས་མི་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚུ་གི་དོན་ལུ་ ལོ་བསྟར་བཞིན་དུ་གྲོས་འཛོམས་ཚར་རེ་འགོ་འདྲེན་འཐབ་དོ་ཡོདཔ་ཨིན་རུང་ རྒྱལ་ཁབ་འདི་ཚུ་གི་ཕྱི་འབྲེལ་བློན་པོ་ཚུ་གི་དོན་ལུ་ ཞལ་འཛོམས་ལོ་གཅིག་ལུ་ཚར་གཉིས་འབདཝ་ཨིན་མས། ཚོགས་པ་དེ་ནང་ ད་ལྟོ་ རྒྱ་གར། འབྲུག། བལ་པོ། ཨཕ་ག་ནིསི་ཏཱན། པ་ཀིསི་ཏཱན། ཤྲི་ལང་ཀ། མཱལ་དིབསི། བྷང་ལ་དེཤ་བཅས་ འཐུས་མི་ ༨ ཡོདཔ་ཨིན། རྒྱལ་ཁབ་ ༧ བྷང་ལ་དེཤ། རྒྱ་གར། མཱལ་དིབསི། བལ་པོ། པ་ཀིསི་ཏཱན། ཤྲི་ལང་ཀ་གི་ ཕྱི་འབྲེལ་དྲུང་ཆེན་ཚུ་གི་ཞལ་འཛོམས་ འགོ་དང་པ་འདི་ ཤྲི་ལང་ཀའི་རྒྱལ་ས་ ཀོ་ལོམ་བྷོ་ལུ་སྦེ་ སྤྱི་ལོ་ ༡༩༨༡ སྤྱི་ཟླ་ ༤ པའི་ནང་འཚོགས་ཡོདཔ་ཨིན།
ལྷོ་ཨེ་ཤི་ཡའི་དབུ་ཁྲིད་ཞལ་འཛོམས་ནང་ འཐུས་མི་རྒྱལ་ཁབ་/གཞུང་ག་རའི་ འགོ་དཔོན་ཚུ་ཡོདཔ་ལས་ འ་ནཱི་འདི་ ཚོགས་པ་འདི་གི་མངོན་མཐོའི་འདུས་ཚོགས་ཨིན། དབུ་ཁྲིད་ཞལ་འཛོམས་འདི་ རྟག་པར་རྒྱུན་དུ་ ལོ་ངོ་ ༢ ཀྱི་ཤུལ་ལས་འགོ་འདྲེན་འཐབ་ཨིནམ་དང་དེ་ཡང་ འཐུས་མི་རྒྱལ་ཁབ་ཚུའི་མིང་གི་གོ་རིམ་ཨིང་སྐད་ཀྱི་གསལ་བྱེད་དང་འཁྲིལ་ཏེ་ཡོད་མི་ལྟར་དུ་ སྐོར་རྒྱབ་རྐྱབ་ཅི་ར་ འགོ་འདྲེན་འཐབ་ནི་ཡོད། ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པ་གཞི་བཙུགས་འབད་དགོ་པའི་དམིགས་ཡུལ་གཙོ་བོ་ར་ ལྷོ་ཨེ་ཤི་ཡའི་ལུང་ཕྱོགས་ཀྱི་མི་རློབས་ཚུ་གི་སྐྱིད་སྡུག་བལྟ་ནི་དང་ མི་ཚེའི་གནས་སྟངས་ཡར་རྒྱས་གཏང་ནི། དཔལ་འབྱོར་གོང་འཕེལ་གྱི་མགྱོགས་འགྲོས་སེང་ནི། མི་སྡེ་གོང་འཕེལ་དང་དཔལ་འབྱོར་ཡར་རྒྱས་བཏང་སྟེ་ གང་ཟག་གང་རུང་གི་ མི་ཚེ་ཚུལ་མཐུན་ལུ་གནས་ཏེ་ རང་གི་ལྕོགས་གྲུབ་ཧ་གོ་ཚུགསཔ་བཟོ་ནི། གཅིག་མཐུན་དང་རང་དགོ་རང་འདྲོང་རྒྱ་སྐྱེད་གཏང་ནི་དང་ ཕན་ཚུན་གྱི་བློ་གཏད་ལུ་ཕན་གྲོགས་འབད་ནི། བདག་དང་གཞན་གཉིས་ཀའི་དཀའ་ཐུབ་ཚུ་ ངོས་ལེན་དང་ ཧ་གོ་ཚུགསཔ་བཟོ་ནི། དཔལ་འབྱོར་ མི་སྡེ་ ལམ་སྲོལ་དང་མཚན་རིག་གི་ལཱ་ཚུ་ནང་ མཉམ་འབྲེལ་དང་བདག་གཞན་གཉིས་ཀ་ལུ་རྒྱབ་སྐྱོར་འབད་ནི་འདི་ རྒྱ་སྐྱེད་འབད་ནི། གཞན་ཡར་རྒྱས་འགྱོ་བའི་བསྒང་ཡོད་པའི་ རྒྱལ་ཁབ་ཚུ་ནང་མཐུན་འབྲེལ་དམ་ཟབ་བཟོ་ནི། རྒྱལ་སྤྱིའི་འཛོམ་གནས་ཀྱི་ནང་ལུ་ སྤྱི་མཐུན་མཐའ་དོན་གྱི་གནད་དོན་གུར་མཉམ་འབྲེལ་རྩ་བརྟན་བཟོ་ནི་དང་ རྒྱལ་སྤྱི་དང་ལུང་ཕྱོགས་ཀྱི་ལས་སྡེ་དང་ལས་ཁུངས་ཚུ་དང་གཅིག་ཁར་མཉམ་འབྲེལ་འབད་ནི།
(Revised SAARC brief) ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་གཞི་རྩ་ངོ་མ་ར་ འཐུས་མི་རྒྱལ་ཁབ་ཚུ་གི་རང་དབང་རང་བཙན། མངའ་ཁོངས་ཆིག་སྒྲིལ། ཆབ་སྲིད་འདྲ་མཉམ་དང་། རང་དབང་ལུ་གུས་ཞབས་འབད་ནི། རྒྱལ་ཁབ་རང་སོའི་ནང་འཁོད་ཀྱི་གནས་སྟངས་ལུ་རང་དཀྲོག་མི་འབད་ནི། ཕན་ཚུན/སྤྱི་མཐུན་ཁེ་ཕན་ལུ་མཉམ་འབྲེལ་འབད་ནི། གྲོས་ཆོད་ག་བཟུམ་ར་འབད་རུང་ མགྲིན་གཅིག་གི་ཐོག་ལས་གྲོས་ཐག་གཅད་ནི་དང་ གྲོས་ཐག་གཅད་པའི་སྐབས་ཚོགསགྲངས་ ༨ ངེས་པར་དུ་དགོ།
ཟུང་ཕྱོགས་ཀྱི་གནད་དོན་ག་བཟུམ་ཡོད་རུང་ བཟུར་ཏེ་བཞག་ཞིནམ་ལས་ རྒྱལ་ཁབ་ཕྱོགས་མང་གི་གནད་དོན་གུར་ ཟུང་ཕྱོགས་ཀྱི་ཕྱོགས་ལྷུང་སྤུ་ཙམ་ཡང་མེད་པར་གྲོས་བསྡུར་འབད་དགོ། ཚོགས་པ་འདི་གི་ལས་འགན་དང་འགན་ཁུར་ཚུ་ག་ར་ ལྕོགས་གྲུབ་ཅན་གྱི་ཚོགས་པའི་ལས་ཁུངས་ཁག་མ་འདྲཝ་ དེ་ཡང་ བློན་པོའི་ལྷན་ཚོགས། གཏན་འཇགས་ཚོགས་ཆུང་། ཐབས་རིག་ཚོགས་ཆུང་། ལས་རིམ་ཚོགས་ཆུང་དང་ དྲུང་ཆེན་ཡིག་ཚང་ཚུ་གིས་འབདཝ་ཨིན། བློན་པོའི་ལྷན་ཚོགས་འདི་ནང་ འཐུས་མི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་པོ་ཚུ་ཡོདཔ་ཨིན། ལྷན་ཚོགས་འདི་གི་ལཱ་འགན་འདི་ ༡༽ ཚོགས་པ་འདི་གི་སྲིད་བྱུས་བཟོ་ནི། ༢༽ཚོགས་པའི་ཡར་རྒྱས་ཀྱི་གནས་སྟངས་བསྐྱར་ཞིབ་འབད་ནི། ༣༽མཉམ་འབྲེལ་འབད་ནི་གི་གནད་དོན་གསརཔ་ཚུ་གྲོས་ཐག་གཅད་ནི། ༤༽ཚོགས་པའི་ཐབས་ལམ་གསརཔ་གཞི་བཙུགས་འབད་ནི།༼དགོ་མི་དགོ་དང་འཁྲིལ་ནི།༽ ཚོགས་པའི་དོན་ལུ་སྤྱིར་བཏང་ཁེ་ཕན་ཡོད་པའི་གཞི་དོན་གུར་ཐག་གཅད་ནི་ཚུ་ཨིན། བློན་པོའི་ལྷན་ཚོགས་ཀྱི་འཐུས་མི་ཚུ་གིས་ ལོ་རེའི་ནང་ ཚར་གཉིས་འཛོམས་འདུ་ནང་བཅའ་མར་གཏོགསཔ་ཨིན།
གཏན་འཇགས་ཚོགས་ཆུང་འདི་ནང་ འཐུས་མི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དྲུང་ཆེན་ཚུ་ཡོདཔ་ཨིན། ཁོང་གི་འགན་ཁུར་ངོ་མ་ར ༡༽མཉམ་འབྲེལ་གྱི་ལས་སྣ་ག་བཟུམ་ཡོད་རུང་ སྤྱིར་བཏང་ལྟ་རྟོག་དང་འགོ་འདྲེན་འཐབ་ཨིན། ༢༽ ལས་འགུལ་དང་ལས་རིམ་ཚུ་ངོས་ལེན་འབད་ནི་དང་ དེའི་དོན་ལུ་ མ་དངུལ་ཟད་འགྲོ་དབྱེ་ཞིབ་འབད་ནི། ༣༽ལས་སྡེ་ནང་འཁོད་ཀྱི་ གཙོ་རིམ་ཚུ་གཏན་འབེབས་འབད་ནི། ༤༽ལུང་ཕྱོགས་དང་ཕྱི་ཁའི་ཐོན་སྐྱེད་ཚུ་མཁོ་སྒྲུབ་འབད་ནི། ༥༽མཉམ་འབྲེལ་གྱི་ས་ཁོངས་ཚུ་ འོས་ལྡན་གྱི་ཞིབ་ཚོལ་འབད་དེ་ངོས་འཛིན་འབད་ནི་ཚུ་ཨིན། ཁོང་གི་བཀའ་ཁྲིམས་ལྟར་དུ་འབད་བ་ཅིན་ དུས་ནམ་དང་ནམ་ར་འབད་རུང་ བསྟུན་འགྲོས་འབད་དགོ་པའི་གནས་སྟངས་རེ་ཤརཝ་ད་ ངེས་པར་དུ་འཛོམས་དགོ། སྤྱིར་བཏང་འ་ནཱི་ཚོགས་ཆུང་གི་དབུ་ཁྲིད་ཞལ་འཛོམས་དང་ བློན་པོ་ལྷན་འཛོམས་འཚོགས་ནིའི་དུས་ཚོད་ཀྱི་སྔ་གོང་ལུ་འཚོགསཔ་ཨིན། ལས་རིམ་ཚོགས་ཆུང་འདི་ཚོགས་པ་འདི་གི་བཀའ་ཁྲིམས་འདུས་ཚོགས་ཡང་ཨིན། ཁོང་གི་འགན་ཁུར་ངོ་མ་ར་ གཏན་འཇགས་ཚོགས་ཆུང་ལུ་གཤམ་གསལ་ལུ་བཀོད་དེ་ཡོད་པའི་གནད་དོན་གུར་གྲོགས་རམ་འབད་ནི་འདི་ཨིན། ལུང་ཕྱོགས་ལས་འགུལ་གདམ་འཐུ་འབད་ནི། ཕྱི་ཁའི་ཐོན་སྐྱེད་ཚུ་མཁོ་སྒྲུབ་འབད་ནི། ལས་སྡེ་ནང་འཁོད་ལུ་ལཱ་དང་་ལས་རིམ་ཚུ་ གཙོ་རིམ་བསྒྲིགས་ཏེ་འབད་ནི། ལོ་བསྟར་གྱི་ལས་སྣ་ཚུ་བསྐྱར་ཞིབ་འབད་ནི་ཚུ་ཨིན། དེ་ཁར་ཕྱི་འབྲེལ་ལྷན་ཁག་གི་མཉམ་འབྲེལ་དྲུང་ཆེན་གྱི་གནས་ཚད་ནང་ཡོད་པའི་འགན་འཛིན་འགོ་དཔོན་ཚུ་ཡོདཔ་ཨིན། ཚོགས་ཆུང་འདི་གི་འཐུས་མི་ཚུ་གིས་ གཏན་འཇགས་ཚོགས་ཆུང་གི་སྔ་གོང་ལུ་ ཞལ་འཛོམས་འཚོགསཔ་མ་ཚད་ ཡང་ཅིན་ ལོ་མཇུག་བསྡུ་ཁམས་ལུ་འཚོགསཔ་ཨིན།
ཐབས་རིག་ཚོགས་ཆུང་འདི་ནང་འཐུས་མི་རྒྱལ་ཁབ་ཀྱི་ངོ་ཚབ་ དམིགས་བསལ་ལས་སྡེ་ཁག་གི་མཁས་མཆོག་ཚུ་ཡོདཔ་ཨིན། ཁོང་གི་ལཱ་འགན་འདི་ ས་ཁོངས་སོ་སོ་དང་འཁྲིལ་ཏེ་ ལས་འགུལ་གྱི་ལས་རིམ་བཟོ་ནི་ཚུ་ཨིན། དེ་མ་ཚད་ ལས་རིམ་དེ་ཚུ་ ལྟ་རྟོག་འབད་དེ་ གཏན་འཇགས་ཚོགས་ཆུང་ལུ་ སྙན་ཞུ་འབད་དགོ། དེ་ལས་ ལཱ་འབད་མི་སྡེ་ཚན་དེ་ནང་ འཐུས་མི་རྒྱལ་ཁབ་ཀྱི་ངོ་ཚབ་ཚུ་ཡོདཔ་ཨིན། ཁོང་གི་ལས་འགན་ཡང་ཐབས་རིག་ཚོགས་ཆུང་དང་ཆ་འདྲ་སུ་ཅིག་ར་ཨིན། གཞན་ཡང་དམིགས་པ་དང་འཁྲིལ་བའི་ལས་འགུལ་གྱི་ལས་རིམ་ཚུ་གི་ཐབས་ལམ་དང་ མ་དངུལ་གྱི་འབྱུང་ཁུངས་ཚུ་ གྲོས་འཆར་བཀོདཔ་ཨིན། ད་ལྟོ་ལཱ་འབད་མི་ཚོགས་ཆུང་ ༤ ཡོདཔ་དང་ དེ་ཡང་ ༡༽བརྒྱུད་འབྲེལ་གྱི་འཕྲུལ་རིག། ༢༽སྐྱེ་ལྡན་འཕྲུལ་རིག། ༣༽ལྟ་བཤལ། ༤༽ནུས་རྫས་ཚུ་ཨིན།
མཇུག་རང་ ལྷོ་ཨེ་ཤི་ཡ་གི་དྲུང་ཆེན་ཡིག་ཚང་འདི་སྤྱི་ལོ ༡༩༨༧ ལུ་གཞི་བཙུགས་འབད་ཡོདཔ་དང་ སྤྱི་ལོ་ ༡༩༨༨སྤྱི་ཟླ་ ༡ པའི་ཚེས་ ༡ ལས་ཡིག་ཚང་འདི་བཀོལ་སྤྱོད་འབད་ནི་འགོ་བཙུགས་ནིག། ཁོང་གི་ལཱ་འགན་ངོ་མ་རང་ ཚོགས་པ་འདི་གི་ལས་རོམ་ཚུ་ ལྟ་རྟོག་འབད་དེ་འགོ་འདྲེན་འཐབ་ནི་དང་ ཚོགས་པའི་ཞལ་འཛོམས་ཀྱི་སྐབས་ལུ་ཞབས་ཏོག་ཞུ་ནི་ དེ་ལས་བརྒྱུད་འབྲེལ་གྱི་བརྒྱུད་ལམ་སྦེ་ཕྱག་ཞུཝ་ཨིན། དྲུང་ཆེན་ཡིག་ཚང་འདི་ ཡོངས་ཁྱབ་དྲུང་ཆེན་གྱི་འགོ་ཁྲིད་འབད་དེ་ ཁོ་གི་འོག་ལུ་འཐུས་མི་རྒྱལ་ཁབ་ལས་མདོ་ཆེན་རེ་རེ་འབདཝ་ད་ མདོ་ཆེན་བསྡོམས་ཏེ་ ༨ ཡོདཔ་ཨིན། ཡོངས་ཁྱབ་དྲུང་ཆེན་འདི་ འཐུས་མི་རྒྱལ་ཁབ་ཚུ་ལས་ ལོ་ངོ་ ༣ གྱི་རིང་ལུ་བཙག་འཐུ་འབདཝ་ཨིནམ་དང་ དེ་ཡང་རྒྱལ་ཁབ་ཀྱི་མིང་ ཨིང་སྐད་ཀྱི་གསལ་བྱེད་ཀྱི་གོ་རིམ་དང་འཁྲིལ་ཏེ་འཐུས་མི་རྒྱལ་ཁབ་ཚུ་གི་བར་ན་ སྐོར་རྒྱབ་སྦེ་འབདཝ་ཨིན།
(Revised SAARC brief)

འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱི་གཞི་བཀོད།་༼ཡུ་ཨེན་ཌི་པི༽[ཞུན་དག།]

༉ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱི་གཞི་བཀོད་འདི་ འཛམ་གླིང་སྤྱི་ཚོགས་ཀྱི་གོང་འཕེལ་མཐུད་སྦྲེལ་འབད་མི་ཅིག་ཨིནམ་མ་ཚད་ མི་སྡེའི་ནང་མི་སེར་ཚུ་གི་མི་ཚེའི་གནས་སྟངས་ཡར་རྒྱས་གཏང་ནིའི་དོན་ལུ་ རྒྱལ་ཁབ་ཚུ་ ཤེས་ཡོན་དང་།ཉམས་མྱོང་། ཐོན་སྐྱེད་ཚུ་དང་མཐུད་སྦྲེལ་འབད་ནི་ལུ་ སྐུལ་ཁྱབ་བརྡ་སྤྲོད་འབདཝ་ཨིན། གཞན་ཡང་རྒྱལ་ཁབ་ཚུ་ནང་དབུལ་ཕོངས་ཀྱི་དཀའ་ངལ་བསལ་ནི་དང་ ཡུན་བརྟན་དཔལ་འབྱོར་གོང་འཕེལ་དང་ མི་སྟོབས་གོང་འཕེལ་གཏང་ནི་ལུ་གཙོ་བོར་བཏོནམ་ཨིན། འ་ནཱི་འདི་ གོང་འཕེལ་གྱི་དོན་ལུ་གྲོགས་རམ་བྱིན་མི་འཛམ་གླིང་སྤྱི་ཚོགས་ཀྱི་ལས་སྡེ་སྦོམ་ཤོས་ཅིག་ཨིན། ༼ལི་ལི་དབང་ཕྱུག། ༢༠༠༨ ཤོག་གྲངས་ ༡༨༡།༽
འཛམ་གླིང་སྤྱི་ཚོགས་གོང་འཕེལ་གཞི་བཀོད་འདི་ སྤྱི་ལོ་ ༡༩༤༩ ལུ་གཞི་བཙུགས་གནང་ནུག། དེ་ཡང་ འཛམ་གླིང་སྤྱི་ཚོགས་རྒྱ་བསྐྱེད་ལས་རིམ་གྱི་བཟོ་རིག་གྲོགས་རམ་དང་ སྤྱི་ལོ་ ༡༩༥༨ ལུ་གཞི་བཙུགས་འབད་མི་འཛམ་གླིང་སྤྱི་ཚོགས་གལ་ཅན་༼དམིགས་བསལ།༽མ་དངུལ་གཉིས་གཅིག་ཁར་བསྡབ་སྟེ་བཟོ་ནུག། ད་རེས་ཡོད་པའི་འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱི་གཞི་བཀོད་འདི་ འཛམ་གླིང་སྤྱི་ཚོགས་ཡོངས་ཁྱབ་ལྷན་འཛོམས་ཀྱིས་ སྤྱི་ལོ་ ༡༩༦༥ སྤྱི་ཟླ་ ༡༡ པའི་ཚེས་ ༢༢ ལུ་གཞི་བཙུགས་གནང་ནུག། ལས་སྡེ་འདི་གི་འཛིན་སྐྱོང་བཀོད་ཚོགས་ཀྱི་འཐུས་མི་ཚུ་ རྒྱལ་ཁབ་ ༣༦ གི་ངོ་ཚབ་ཀྱིས་ སྐོར་རྒྱབ་རྐྱབ་སྟེ་ལཱ་འགན་འབགཔ་ཨིན། མ་གཞི་ཡིག་ཚང་འདི་གི་འཐུས་མི་ཚུ་ ལུང་ཕྱོགས་སྡེ་ཚན་ ༥ གི་ངོ་ཚབ་ཚུ་ཨིན་རུང་ བཀོད་ཚོགས་ཀྱི་དམིགས་གཏད་གཙོ་བོ་ར་ ཡུ་ཨེན་ཌི་པི་གི་ལས་སྣ་གུར་བཀོད་རྒྱ་གཏང་ནི་དང་། རྒྱབ་སྐྱོར་འབད་ནི། རྒྱལ་ཁབ་ཚུ་ནང་གོང་འཕེལ་འགྱོ་བཞིན་ཡོད་པའི་དགོས་མཁོ་ཚུ་ ངོས་ལེན་འབད་ནི་འདི་ཨིན། འཛིན་སྐྱོང་བཀོད་ཚོགས་བདག་སྐྱོང་ཡིག་ཚང་གིས་ འཛིན་སྐྱོང་བཀོད་ཚོགས་ཀྱི་ལས་སྣ་ག་རའི་ནང་གཡོག་རྒྱུག་དོ་ཡོདཔ་མ་ཚད་ བཀོད་ཚོགས་འཐུས་མི་ཚུ་ལུ་གནས་ཚུལ་དུས་ཚོད་ཁར་སྤྲོད་ནི་དང་ཞབས་ཏོག་འགྲུབ་ནི་ཚུ་ཨིན། དེ་བཟུམ་སྦེ་གཞན་ཡང་ ཡིག་ཚང་གི་བཀོད་ཚོགས་འཐུས་མི་ཚུ་གི་ཞལ་འཛོམས་བཅའ་སྒྲིག་རྐྱབ་ནི་དང་ འཐུས་མི་ཚུ་ ལཱ་གི་ས་ཁོངས་ནང་གཟིགས་སྐོར་གནང་པར་འབྱོན་ནིའི་དོན་ལུ་འགོ་འདྲེན་འཐབ་ནི་དང་ འཛམ་གླིང་སྤྱི་ཚོགས་ཀྱི་ལས་སྡེ་གཞན་མི་ཚུ་དང་མཐུན་ལམ་མི་ཉམས་གོང་འཕེལ་གཏང་ནི་ཚུ་ཨིན།
འཛམ་གླིང་སྤྱི་ཚོགས་ཀྱི་རྒྱལ་སྤྱི་གོང་འཕེལ་སྣ་ཁྲིད་འབད་མི་འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱི་གཞི་བཀོད་ཀྱིས་ རྒྱལ་ཁབ་ ༡༧༠ ནང་དབུལ་ཕོངས་རྩ་མེད་གཏང་ནི་དང་ སྙོམ་མེད་མར་ཕབ་འབད་ནི་ཚུ་ཨིན། ཡིག་ཚང་འདི་གིས་ རྒྱལ་ཁབ་ཚུ་ གི་སྲིད་བྱུས་བཟོ་ནི། དབུ་ཁྲིད་གོ་འཕང་གི་ལྕོགས་གྲུབ་གོང་འཕེལ་གཏང་ནི། མཉམ་འབྲེལ་གྱི་འཇོན་ཐང་རྒྱ་བསྐྱེད་འབད་ནི། གཙུག་སྡེའི་ནུས་སྟོབས་ཡར་འཕར་གཏང་ནི། ཡུན་བརྟན་གོང་འཕེལ་གྱི་དམིགས་ཡུལ་འགྲུབ་ནི་ཚུ་ནང་དམིགས་གཏད་བསྐྱེདཔ་ཨིན། དེ་མ་ཚད་ ལཱ་འགན་ངོ་མ་གཅིག་འདི་ ཡུན་བརྟན་གོང་འཕེལ་དང་ དམངས་གཙོའི་རིང་ལུགས་ཀྱི་གཞུང་སྐྱོང་བདེ་སྐྱིད་སྒྲིང་སྒྲི་བཟོ་ནི། གནམ་གཤིས་གནས་སྟངས་དང་ རྐྱེན་ངན་ཚབས་ཆེན་ཚུ་གདོང་ལན་འབད་ནི་ཚུ་ཨིན། འཛམ་གླིང་མཐའ་དབུས་མེད་པར་ ཡུ་ཨེན་ཌི་པི་འདི་ བློ་གཏད་ཅན་/ཡིད་ཆེས་བསྐྱེད་ཚུགས་པའི་གོང་འཕེལ་གྱི་མཉམ་འབྲེལ་པ་སྦེ་ངོས་ལེན་འབད་མི་འདི་གཙོ་བོ་ར་ ཡིག་ཚང་འདི་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གཞི་རྩ་དང་བརྩི་མཐོང་ལུ་གནས་ཏེ་ལཱ་འབད་མི་ལུ་བརྟེན་ཏེ་ཨིན། དུས་རྟག་པར་རྒྱུན་དུ་ འགྱུར་བ་དང་ཤེས་ཡོན་འབད་རུང་། ཉམས་མྱོང་འབད་རུང་། མི་ཚེའི་གནས་སྟངས་ཡར་དྲག་གཏང་ནི་ལུ་ མཉམ་འབྲེལ་འབད་དེ་ལཱ་འབད་ནི་ལུ་གཙོ་བོར་བཏོནམ་ཨིན།
མཉམ་འབྲེལ་འབད་དེ་ཕྱག་ལཱ་མཛད་ནི་འདི་ ལས་སྡེ་འདི་གི་དམིགས་ཡུལ་ངོ་མ་ཅིག་ཨིན་པའི་ཁར་ ཡར་རྒྱས་གོང་འཕེལ་གྱི་ལས་སྣ་ཚུ་ནང་སྟབས་མ་བདེཝ་ག་བཟུམ་བྱུང་རུང་ ཤེས་ཡོན་དང་ཉམས་མྱོང་གི་ཡོན་ཏན་ལྡན་པའི་མི་སྟོབས་ལེ་ཤ་ཡོདཔ་ལས་ དཀའ་ངལ་ཚུ་བསལ་ཚུགས་དོ་ཡོདཔ་ཨིན། ལྷག་པར་དུ་ རྒྱལ་སྤྱིའི་དངུལ་འབྲེལ་གྱི་གཙུག་སྡེ་ཚུ་ཡང་ མ་དངུལ་གྲོགས་རམ་འབད་སའི་ཡུལ་ངོ་མ་ཅིག་སྦེ་ཡོདཔ་ཨིན། དེ་ཡང་ རྒྱལ་སྤྱིའི་དངུལ་ཁང་ དཔེར་ན་ འཛམ་གླིང་དངུལ་ཁང་། ཨཕ་རི་ཀའི་གོང་འཕེལ་དངུལ་ཁང་། ཨེ་ཤི་ཡའི་གོང་འཕེལ་དངུལ་ཁང་ཚུ་དང་གཅིག་ཁར་ སྒྲིག་མཐུན་གྱི་གན་རྒྱ་ཡང་ཡོདཔ་ཨིན། མ་དངུལ་གྱི་འབྱུང་ཁུངས་གཞན་ཡང་ སྒེར་གྱི་ལས་སྡེ་ཚུ་ཨིནམ་ལས་ ཁོང་གིས་ ཡར་རྒྱས་འགྱོ་བའི་བསྒང་་ཡོད་པའི་རྒྱལ་ཁབ་ཚུ་ནང་རྒྱབ་སྐྱོར་འབད་མི་ལུ་བརྟེན་ གསར་གཏོད་ཀྱི་ཚོང་ལཱ་རྒྱ་སྐྱེད་གཏང་ནི་ལུ་ཕན་ཐོགས་བྱུང་སྟེ་ཡོད།
དེ་མ་ཚད་ ཚོང་ལམ་གོང་འཕེལ་གཏང་ནིའི་དོན་ལུ་ ཡུ་ཨེན་ཌི་པི་གིས་ གཡུས་ཁའི་བཟོ་སྐྲུན་པ་ཚུ་ རྒྱལ་སྤྱི་ཚོང་ལམ་དང་གཅིག་ཁར་ཡང་མཐུན་འབྲེལ་འབད་བྱིནམ་ཨིན། གཞན་ཡང་ མི་སྡེ་ལས་ཚོགས་ཚུ་བརྒྱུད་དེ་ ལས་སྣ་ཚུ་དང་སྲིད་བྱུས་ཚུ་གཞི་བཙུགས་འབད་དེ་ སྐུལ་ཁྱབ་བརྡ་སྤྲོད་འབདཝ་ཨིན། རྒྱལ་ཁབ་ཀྱི་གནས་ཚད་ནང་ལུ་འབད་བ་ཅིན་ གསོ་བ། ཤེས་རིག། འཐུང་ཆུ་བཀྲམ་སྤེལ། སོ་ནམ་རྒྱ་སྐྱེད་དང་ བསྐྱིན་འགྲུལ་ཆུང་བའི་ཞབས་ཏོག་ཚུ་བྱིན་ནི་ཡོད། དེ་འབདཝ་ལས་ ལས་སྡེ་འདི་ལུ་ ཁས་བླངས་ཀྱི་ཐོག་ལས་ཞབས་ཏོག་འགྲུབ་མི་ཡོངས་གྲགས་ཅན་གྱི་མི་དང་ ཚོང་ཚབ་མཐུན་འབྲེལ་པ་ལེ་ཤ་ཅིག་གིས་ར་ འཛམ་གླིང་ལུ་གནོད་པའི་དོན་ཚན་ཚུ་ གསལ་བསྒྲགས་འབད་དེ་ འཛམ་གླིང་ཞི་བདེ་ཡར་རྒྱས་གཏང་ནི་ལུ་གཙོ་བོར་བཏོནམ་ཨིན།
(Sustainable Development Goals, UNDP)
ཡུ་ཨེན་ཌི་པི་གིས་ འབྲུག་རྒྱལ་ཁབ་ལུ་གྲོགས་རམ་གྱི་ལས་རིམ་འདི་ སྤྱི་ལོ་ ༡༩༧༣ ལས་འགོ་བཙུགས་ཡོདཔ་ཨིན། དེ་ཡང་ མི་སྙོམ་མར་ཕབ་གཏང་ནི་དང་ སྟབས་ཉེས་པའི་མི་ཚུ་ལུ་དབང་ཆ་བྱིན་ཏེ་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་དམིགས་ཡུལ་འགྲུབ་ནི་ལུ་ ཕན་གྲོགས་འབད་ཡི། ཡུ་ཨེན་ཌི་པི་གི་ཡིག་ཚང་འདི་ རྒྱལ་ཁབ་ནང་ སྤྱི་ལོ་ ༡༩༧༩ ལུ་གཞི་བཙུགས་འབད་ནུག། (ལི་ལི་དབང་ཕྱུག། ༢༠༠༨ ཤོག་གྲངས་ ༡༨༡།). སྤྱི་ལོ་ ༡༩༧༠ གི་སྐབས་ལུ་ ལས་སྡེ་འདི་གིས་ འབྲུག་རྒྱལ་ཁབ་ནང་ ལྟ་བཤལ་ལས་སྡེ་དང་གློག་མེ་ལས་འཛིན་འགོ་བཙུགས་ནིའི་ནང་རྒྱབ་སྐྱོར་འབད་དེ་ཡོདཔ་མ་ཚད་ སྤྱི་ལོ་ ༢༠༠༦ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་གཞི་བཙུགས་འབད་ནི་ལུ་ཡང་ གྲོགས་རམ་འབད་ཡི། འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གཞི་བཀོད་ཀྱིས་ འབྲུག་གཞུང་ལུ་ ཁག་ཆེ་བའི་གྲོགས་རམ་འབད་དང་འབད་བཞིན་དུ་ཡོདཔ་ཨིན། (UNDP Bhutan).

འཛམ་གླིང་ཟ་སྤྱོད་ལས་རིམ།[ཞུན་དག།]

༉ འཛམ་གླིང་སྤྱི་ཚོགས་ཀྱི་ཡན་ལག་ལས་སྡེ་ འཛམ་གླིང་ཟ་སྤྱོད་ལས་རིམ་འདི་ འཛམ་གླིང་ནང་ དབུལ་ཕོངས་ཀྱི་དཀའ་ངལ་བསལ་ནི་ལུ་དམིགས་གཏད་བསྐྱེད་དེ་ཕྱག་ལཱ་གནང་མི་ངོ་མ་ཅིག་ཨིན། ལས་སྡེ་འདི་གིས་ བཟའ་འཐུང་གི་གྲོགས་རམ་བྱིན་ཏེ་ མི་མཐུན་པའི་རྐྱེན་ངན་དང་དཀའ་ངལ་ནང་ཚུད་མི་ཚུ་ལུ་ ཞི་བདེ་དང་རྩ་བརྟན་ དེ་ལས་ གོང་འཕེལ་གྱི་ཐབས་ལམ་འགྲིགཔ་ཨིན། ༼འཛམ་གླིང་ཟ་སྤྱོད་ལས་རིམ། ༢༠༡༤།༽
འཛམ་གླིང་ཟ་སྤྱོད་ལས་རིམ་འདི་ ཡུ་ནཱིའི་ཊེཊི་ཨིསི་ཊེཊིགི་སྲིད་འཛིན་ ཌུ་ཝའིཊི་ཨའི་ཟུའན་ཧའུ་ཝ་ (Dwight Eisenhower) གི་བཀའ་རྒྱ་ལྟར་དུ་ སྤྱི་ལོ་ ༡༩༦༡ ལུ་གཞི་བཙུགས་གནང་ཡོདཔ་ཨིན། དེ་ཡང་འཛམ་གླིང་སྤྱི་ཚོགས་ཀྱི་ལམ་ལུགས་ཐོག་ལས་ བཟའ་འཐུང་གྲོགས་རམ་འབད་ནི་གི་དོན་ལུ་ མོ་བཏབ་སྦེ་འགོ་འདྲེན་འཐབ་ནུག། དེ་གི་དམིགས་ལཱ་ངོ་མ་ར་ གློ་བུར་ཉེན་འཚུབ་གནས་སྟངས་ཀྱི་སྐབས་ལུ་ གྲོགས་རམ་འབད་ནི་དང་ གཞིས་ཆགས་ཉམས་གསོ་འབད་ནི་ཚུ་ཨིན། གོང་འཕེལ་གྱི་ལས་རིམ་འགོ་དང་པ་ར་ སུའི་ཌེན་ (sweden) གི་ནིའུ་བིའི་ཡེན་༼Nubians༽ ཚུ་ལུ་ སྤྱི་ལོ་ ༡༩༦༣ ལུ་འགོ་བཙུགས་ནུག། ལོ་དེ་ནང་ འཛམ་གླིང་ཟ་སྤྱོད་ལས་རིམ་འདི་འགོ་ཐོག་ ཊོ་གོ་(Togo)ལུ་སློབ་གྲྭའི་བཞེས་སྒོ་བྱིན་ནིའི་དོན་ལུ་ གནང་བ་ཐོབ་ཡོདཔ་ཨིན། གློ་བུར་ཉེན་འཚུབ་ཅན་གྱི་གནས་སྟངས་ཚུ་ནང་ བཞེས་སྒོ་དང་ གོང་འཕེལ་གྱི་གྲོགས་རམ་བྱིན་ནི་འདི་ ག་ནི་བ་གལ་ཆེ་ཤོས་ཅིག་ལུ་གྱུར་ཡོདཔ་ཨིན། སྤྱི་ལོ་ ༡༩༦༤ གི་ལོ་ལུ་འཛམ་གླིང་ཟ་སྤྱོད་ལས་རིམ་འདི་ འཛམ་གླིང་སྤྱི་ཚོགས་ཀྱི་ལས་རིམ་ངོ་མ་ཅིག་ལུ་གྱུར་ཡོདཔ་སྦེ གསལ་བཀོད་འབད་ཡི། ད་རེས་ ཟ་སྤྱོད་ལས་རིམ་འདི་ འཛམ་གླིང་ནང་ སྲོག་སྐྱབས་དང་མི་ཚེ་འཕོ་འགྱུར་གྱི་དོན་ལུ་གྲོགས་རམ་འབད་མི་ལས་སྡེ་ གལ་ཆེ་ཤོས་ཅིག་ལུ་གྱུར་ཡོད། མི་འདོད་པའི་རྐྱེན་ངན་ཚུ་ནམ་ར་བྱུང་རུང་ ས་གནས་ག་ཏེ་ར་ཨིན་རུང་ དེ་ཁར་གྲོགས་རམ་འབད་བར་འདི་འཕྲོ་ལས་ལྷོདཔ་མ་ཚད་ དེ་མ་ཚད་སྤྱིར་བཏང་གི་གནས་སྟངས་ཚུ་ནང་ཡང་ བཞེས་སྒོ་བཅུད་ཅན་དང་ ཉེན་སྲུང་གི་དོན་ལུ་ དུས་རྒྱུན་དུ་རྒྱབ་སྐྱོར་འབདཝ་ཨིན། བརྩོན་ཤུགས་དང་ཁྱད་རིག་ལྡན་པའི་ལས་གཡོགཔ་སྟོང་ཕྲག་ ༢༠,༠༠༠ ལྷག་ཙམ་ཅིག་གི་འགོ་འདྲེན་ཐོག་ལུ་ འཛམ་གླིང་ཟ་སྤྱོད་ལས་རིམ་འདི་ རྒྱལ་ཁབ་ ༨༠ གི་ནང་དཀའ་སྡུག་ཤུགས་སྦེ་མྱོང་མི་ཚུ་ལུ་ཆ་རོགས་འབད་བའི་བསྒང་ར་ཡོདཔ་ཨིན། ༼འཛམ་གླིང་ཟ་སྤྱོད་ལས་རིམ། ༢༠༡༤།༽
འཛམ་གླིང་ཟ་སྤྱོད་ལས་རིམ་འདི་ འཛིན་སྐྱོང་ལྷན་སྡེ་བཀོད་ཚོགས་ཀྱིས་ སྐྱོང་དོ་ཡོདཔ་དང་ དེ་ནང་འཐུས་མི་རྒྱལ་ཁབ་ ༣༦ ཡོད། བཀོད་ཚོགས་འདི་གིས་ ཟ་སྤྱོད་ལས་རིམ་གྱི་ལས་སྣ་ཚུ་ལུ་ རྒྱལ་སྤྱིའི་རྒྱབ་སྐྱོར་ལམ་སྟོན་བྱིན་ནི་དང་ ཡང་ན་ ལྟ་རྟོག་ཚུ་འབདཝ་ཨིན། ལྷག་པར་དུ་ ཡིག་ཚང་འདི་གིས་ རོམ་(Rome)ལུ་ཡོད་པའི་འཛམ་གླིང་སྤྱི་ཚོགས་ཀྱི་བཟའ་འཐུང་དང་སོ་ནམ་ལས་ཁུངས་དང་ རྒྱལ་སྤྱི་སོ་ནམ་གོང་འཕེལ་མ་དངུལ་ཟེར་ ཡན་ལག་ལས་ཁུངས་ཅིག་ཡོད་མི་ གཉིས་དང་གཅིག་ཁར་ མཐུན་ཏོག་ཏོ་སྦེ་ ལཱ་འབདཝ་ཨིན། ལས་ཁུངས་འདི་གི་བཀོད་ཁྱབ་མདོ་ཆེན་འདི་ ལོ་ ༥ གི་དོན་ལུ་ བཙག་འཐུ་འབད་དེ་ཡོད་མི་འདི་གི་འགོ་དྲེན་ཐོག་ལུ་ ཕྱག་ལཱ་ཚུ་མཛདཔ་ཨིན། དེ་གི་འགན་ཁག་ངོ་མ་ར་ ལས་ཁུངས་ཀྱི་བདག་སྐྱོང་སྒྲིང་སྒྲི་སྦེ་འགོ་འདྲེན་འཐབ་ནི་དང་ གཞན་ཡང་ ལས་འགུལ་དང་ལས་རིམ་ཚུ་གུར་ ཕྱག་ལཱ་གནང་ནི་ཚུ་ཨིན། དེ་མ་ཚད་ ལས་ཁུངས་འདི་ལུ་བཀོད་ཁྱབ་མདོ་ཆེན་འོགམ་གཅིག་དང་ བཀོད་ཁྱབ་མདོ་ཆེན་ཞིབ་རོགས་བཞི་ཡོདཔ་ཨིན། ལས་སྡེ་དེ་ལུ་ མ་དངུལ་རྒྱབ་སྐྱོར་འདི་ ཆ་ཚང་ར་ ཁས་བླངས་ཀྱི་ཐོག་ལུ་ཞལ་འདེབས་ལེན་དོ་ཡོདཔ་ཨིན། དེ་མ་ཚད་ འཛམ་གླིང་ཟ་སྤྱོད་ལས་རིམ་གྱིས ་གཞུང་དང་རྒྱལ་སྤྱིའི་གཞུང་མིན་ལས་སྡེ་དང་ལས་ཁུངས་ཁག་མ་འདྲཝ་ ༩༠༠ ལྷག་ཙམ་ཅིག་ཡོད་མི་དང་གཅིག་ཁར་མཉམ་འབྲེལ་འབད་དེ་ བཟའ་འཐུང་གི་གྲོགས་རམ་དང་དབུལ་ཕོངས་ཀྱི་དཀའ་ངལ་ཚུ་བསལཝ་ཨིན།
འབྲུག་རྒྱལ་ཁབ་ནང་ འཛམ་གླིང་ཟ་སྤྱོད་ཀྱི་ལས་རིམ་འདི་ སྤྱི་ལོ་ ༡༩༧༦ ལུ་འགོ་བཙུགས་ནུག། ལས་རིམ་དེ་གི་རྒྱབ་སྐྱོར་གྱི་གཞི་འགྱམ་ངོ་མ་ར་ སློབ་གྲྭ་ཚུ་ནང་བཞེས་སྒོ་བྱིན་ནི་འདི་ཨིནམ་དང་ སློབ་ཕྲུག་སྟོང་ཕྲག་ལས་བཅས་ཏེ་ འཛམ་གླིང་ཟ་སྤྱོད་ལས་རིམ་འདི་གིས་ཕན་ཐོགས་ཏེ་ཡོདཔ་ཨིན། གཞན་ཡང་ འཛམ་གླིང་ཟ་སྤྱོད་ལས་རིམ་གྱིས་ ཟམ་རྐྱབ་ནི་དང་། གསོ་བ། སོ་ནམ་གྱི་ལས་སྣ་ཚུ་ནང་ཡང་ གྲོགས་རམ་འབད་དེ་ཡོདཔ་མ་ཚད་ རྒྱལ་ཁབ་ནང་ གློ་བུར་བཞེས་སྒོ་བསག་མཛོད་ཡང་གཞི་བཙུགས་འབད་དེ་ཡོདཔ་ཨིནམ་མ་ཚད་ མཐའ་ཟུར་གཡུས་ཚན་གྱི་སློབ་ཕྲུག་ཨ་ལུ་ཚུ་ལུ་ དམིགས་བསལ་གྱི་ལྟ་རྟོག་འབད་དེ་ བཞེས་སྒོ་བཅུད་ཅན་བྱིན་ནི་གི་དམིགས་གཏད་བསྐྱེདཔ་ཨིན། ༼ལི་ལི་དབང་ཕྱུག། ༢༠༠༨། ཤོག་གྲངས་ ༡༨༣།༽

ཕྱི་འབྲེལ་གྱི་མཐུན་ལམ།[ཞུན་དག།]

༉ འབྲུག་གི་བྱུང་རབས་དང་ས་ཆའི་ཆགས་ཐངས།་ དེ་ལས་ ལུང་ཕྱོགས་དང་རྒྱལ་སྤྱིའི་གནས་སྟངས་ ཀྱི་གོང་འཕེལ་ཚུ་ རྒྱུན་མ་ཆད་པར་འགྱོ་མི་འདི་གིས་ ཕྱི་འབྲེལ་ཐབས་བྱུས་བརྟན་བརྟན་ཅིག་བཟོཝ་ཨིན། ཁྱིམ་ཚང་རྒྱལ་ཁབ་ཚུ་དང་ རྒྱ་ཆེ་བར་འཛམ་གླིང་རྒྱལ་ཁབ་ཚུ་དང་གཅིག་ཁར་འབྲེལ་བ་འཐབ་པའི་སྐབས་ལུ་ རྒྱལ་ཁབ་ཀྱི་ཉེན་སྲུང་དང་རང་དབང་རང་བཙན། སྲུང་སྐྱོབ། གོང་འཕེལ་གྱི་ཕྱག་ལཱ་གནངམ་ད་ལུ་ ཕྱི་འབྲེལ་ཐབས་བྱུས་འདི་ ངེས་པར་མཁོ་བའི་ལག་ཆ་ཅིག་ཨིན། ད་རེས་ཀྱི་དུས་ལུ་ འབྲུག་རྒྱལ་ཁབ་འདི་ ག་ནི་བ་སྐྱིད་ཏོང་ཏོ་དང་དགའ་ལྡན་ལྷ་ཡུལ་བཟུམ་ཡོད་པའི་རྒྱལ་ཁབ་མཇུག་ཨིནམ་སྦེ་བཤད་སྲོལ་ཡོད་མི་འདི་ ངོ་མ་ར་ས་གནས་ཀྱི་ཆགས་ཐངས་ལུ་བརྟེན་ཏེ་ཨིན། (Wangchuk, 2008, p166). དུས་རབས་ ༡༧ པའི་ནང་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ རྒྱལ་ཁབ་གཅིག་གྱུར་མཛད་གནང་པའི་ཤུལ་ལས་ འབྲུག་རྒྱལ་ཁབ་ཀྱིས་ ཆོས་སྡེའི་མཐུན་འབྲེལ་ཚུ་ བལ་པོ་དང་ལ་དྭགས། སི་ཀིམ་ཚུ་དང་གཅིག་ཁར་བཟོ་ནུག། འབྲུག་རྒྱལ་ཁབ་ནང་ ཕྱི་འབྲེལ་གྱི་མི་ངོ་འགོ་དང་པ་ པོར་བཅུ་གེལ་ལས་ཨིན་མི་ ཇི་སུའིསཊི་ ཨེསི་ཊེ་ཝའོ་ Estevao Cacella དང་ Joao Cabral གཉིས་འོངས་ནུག། དེ་བསྒང་ཞབས་དྲུང་གིས་ ཁོང་གཉིས་ལུ་ འབྲུག་རྒྱལ་ཁབ་ནང་ གཞིས་གཅག་དགོ་པའི་རེ་སྐུལ་ཞུ་བའི་ལོ་རྒྱུས་ཚུ་ཡོདཔ་ཨིན། དེ་ལས་ རིམ་པ་བཞིན་དུ་ དུས་རབས་ ༡༨ པའི་ནང་ རྒྱ་གར་རྒྱལ་ཁབ་འདི་ ཕྱི་གླིངཔ་ག་མངའ་འོག་ལུ་སྡོད་པའི་རིང་ ཕྱི་གླིངཔ་ཚུ་གིས་ དབང་ཚད་རྒྱ་སྐྱེད་གཏང་ནི་ལུ་དམིགས་ཏེ་ རྒྱ་གར་རྒྱལ་ཁབ་ཀྱི་མཐའ་འཁོར་ལུ་ཡོད་པའི་རྒྱལ་ཁབ་ཚུ་དང་ འབྲེལ་བ་འཐབ་ནི་འགོ་བཙུགས་པའི་ཤུལ་ལུ་ འབྲུག་རྒྱལ་ཁབ་དང་གཅིག་ཁར་ སྟབས་མ་བདེཝ་ལེ་ཤ་ཐོན་ནུག། དེ་བསྒང་ རྒྱ་གར་ལུ་ཡོད་པའི་ཕྱི་གླིངཔ་གཞུང་དང་ འབྲུག་རྒྱལ་ཁབ་ཀྱི་བར་ན་ འཐུན་འབྲེལ་གྱི་ཆིངས་ཡིག་ སྤུ་ན་ཁའི་ཆིངས་ཡིག་ (The Treaty of Punakha) འདི་ སྤྱི་ལོ་ ༡༩༡༠ སྤྱི་ཟླ་ ༡ སྤྱི་ཚེས་ ༨ ལུ་བཟོ་བའི་ཤུལ་ལས་ དཀའ་ངལ་ལེ་ཤ་ཞི་ཡོདཔ་ཨིན། (Phuntsho, 2013, p. 237)
དེ་ལས་ ལས་རིམ་པ་བཞིན་དུ་ རྒྱལཔོ་རིམ་བྱོན་གྱིས་ ཕྱི་ནང་གི་འབྲེལ་བ་སྔར་ལས་ལྷག་སྟེ་ གོང་འཕེལ་གཏང་ནི་ལུ་བརྩོན་ནུག། འབྲུག་རྒྱལ་གཉིས་པ་ འཇིགས་མེད་དབངཕྱུག་མཆོག་གིས་ རྒྱ་གར་རང་བཙན་གྱི་གཞུང་གསརཔ་དང་གཅིག་ཁར་ སྤྱི་ལོ་ ༡༩༤༩ ལུ་ རྒྱ་འབྲུག་མཐུན་འབྲེལ་གྱི་ཆིངས་ཡིག་བཞེངས་ཐོག་ལས་ མཐུན་འབྲེལ་གྱི་སྒོ་ཕྱེས་གནང་ནུག། འབྲུག་རྒྱལ་གསུམ་པ་ མི་དབང་འཇིག་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ རིམ་པ་བཞིན་དུ་ ཕྱིའི་རྒྱལ་ཁབ་ཚུ་དང་མཇལ་འཕྲད་མཛད་ནི་ འགོ་བཙུགས་ཡོདཔ་ལས་ འདི་གིས་ སྲོལ་རྒྱུན་མི་ཉམས་རྒྱུན་སྐྱོང་དང་ འགྱུར་བ་མེད་པའི་མཐའ་སྐོར་གནས་སྟངས་བདག་འཛིན་འཐབ་ནི་ལུ་ཕན་ཐོགས་པའི་ཁར་ མི་སྡེ་དང་དཔལ་འབྱོར་གོང་འཕེལ་གྱི་ལམ་ལུ་བཀོད་ཡོདཔ་ཨིན། དེ་མ་ཚད་ སྤྱི་ལོ་ ༡༩༦༨ ལུ་གཞི་བཙུགས་འབད་མི་གོང་འཕེལ་ལྷན་སྡེ་འདི་ སྤྱི་ལོ་ ༡༩༧༠ ལུ་ཕྱི་འབྲེལ་ལས་ཁུངས་ལུ་ བསྒྱུར་བཅོས་འབད་ཡོདཔ་ཨིན། དེའི་ཤུལ་ལས་རྐྱངམ་གཅིག་ ད་ལྟོ་ཡོད་པའི་ཕྱི་འབྲེལ་ལྷན་ཁག་ལུ་ བསྒྱུར་ཡོདཔ་དང་ ལྷན་ཁག་འདི་གིས་ ཕྱི་འབྲེལ་གྱི་ལས་སྣ་ཚུ་འབད་དགོཔ་སྦེ་འགན་ཁག་བཀལ་ནུག། འབྲུག་རྒྱལ་ཁབ་འདི་ ཐོན་སྐྱེད་ཚད་ཅིག་ལས་བརྒལ་མེདཔ་ལས་ རྒྱལ་ཡོངས་ཀྱི་དམིགས་ཡུལ་དང་ཁེ་ཕན་ཚུ་ག་ར་ ཕྱི་འབྲེལ་ཐབས་བྱུས་ལུ་རག་ལསཔ་ཨིན། འབྲུག་གི་ཕྱི་འབྲེལ་སྲིད་བྱུས་ཀྱི་་གཞི་རྩ་ངོ་མ་ར་ རྒྱལ་ཁབ་རང་དབང་རང་བཙན་བཞག་ནི་དང་ ས་ཁོངས་གཅིག་སྒྲིལ་སྦེ་གནས་ནི་ཚུ་ཨིན། འ་ནཱི་དམིགས་ཡུལ་ཚུ་འགྲུབ་ནི་འདི་གཙོ་བོ་ར་ ཕྱིའི་རྒྱལ་ཁབ་ཚུ་དང་མཐུན་འབྲེལ་ལེགས་ཤོམ་བཞག་སྟེ་ གཞན་རྒྱལ་ཁབ་དང་གཅིག་ཁར་ གཅིག་འབྲེལ་འབད་དེ་ རྒྱལ་སྤྱིའི་གནས་སྟངས་བརྟན་ཏོག་ཏོ་དང་ ཞི་བདེ་བཟོ་ནི་ལུ་རག་ལསཔ་ཨིན། དེ་འབདཝ་ལས་ འབྲུག་གི་ཕྱི་འབྲེལ་ཐབས་བྱུས་འདི་ ཐབས་ལམ་ ༣ གྱི་ཐོག་ལས་བཤད་པ་རྐྱབ་སྟེ་ཡོདཔ་ཨིན། དེ་ཡང་ ༡༽ ཟུང་ཕྱོགས། ༢༽ མང་ཕྱོགས། ༣༽ ལུང་ཕྱོགས་ཚུ་ཨིན།
འབྲུག་རྒྱལ་ཁབ་འདི་ ཕྱིའི་རྒྱལ་ཁབ་དང་འབྲེལ་བ་འཐབ་ནི་འགོ་བཙུགས་པའི་ཤུལ་ལས་ ཕྱི་འབྲེལ་ཐབས་བྱུས་ཀྱི་སྲིད་བྱུས་འདི་གཙོ་བོ་ར་ གཞུང་རང་བཙན་སྒྲིང་སྒྲི་བཞག་སྟེ་ སྲིད་དང་དཔལ་འབྱོར་ལུ་ཕན་ཐབས་འབད་ནི་འདི་ཨིན། ཟུང་ཕྱོགས་མཐུན་འབྲེལ་གྱི་སླ་ལས་ རྒྱ་གར་རྒྱལ་ཁབ་དང་གཅིག་ཁར་མཛའ་འབྲེལ་འདི་ ཆབ་སྲིད་དང་དཔལ་འབྱོར་གཉིས་ཀྱི་ཐད་ལུ་ ཁག་ཆེ་ཏོག་ཏོ་ཅིག་ཨིན། སྤྱི་ལོ་ ༡༩༦༨ ཀྱི་ལོ་ལུ་ རྒྱ་གར་གཞུང་དང་གཅིག་ཁར་ ཕྱི་འབྲེལ་སྲིད་སྐྱོང་གི་མཐུན་འབྲེལ་བཟོ་ཡོདཔ་དང་ རྒྱ་གར་གཞུངགིས་ འབྲུག་གི་ལོ་ལྔའི་འཆར་གཞི་འགོ་བཙུགས་མི་འགོ་བཟུང་སྟེ་ རྒྱབ་སྐྱོར་འབད་བཞིན་དུ་ཡོདཔ་ཨིན། ཉེ་འདབས་ལུ་ཡོད་པའི་རྒྱལ་ཁབ་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ཟུང་འབྲེལ་ཚོགས་པའི་འཐུས་མི་ག་ར་དང་གཅིག་ཁར་ ཕྱི་འབྲེལ་སྲིད་སྐྱོང་གི་མཐུན་འབྲེལ་ཡོདཔ་ཨིན། བང་ལ་དེཤ་དང་གཅིག་ཁར་ སྲིད་སྐྱོང་གི་མཐུན་འབྲེལ་འདི་ སྤྱི་ལོ་ ༡༩༧༣ ལུ་ གཞི་བཙུགས་འབད་ཡོདཔ་དང་ ནེ་པཱལ་དང་གཅིག་ཁར་ སྤྱི་ལོ་ ༡༩༨༣ ལུ། མཱལ་དིབསི་དང་གཅིག་ཁར་ སྤྱི་ལོ་ ༡༩༨༤ ལུ། དེ་ལས་ སི་རི་ལང་ཀ་དང་གཅིག་ཁར་ སྤྱི་ལོ་ ༡༩༨༧ ལུ། པ་ཀིསི་ཏཱན་དང་གཅིག་ཁར་ སྤྱི་ལོ་ ༡༩༨༨ ལུ་བཟོ་ཡོདཔ་དང་ ཨཕ་ག་ནིསི་ཏཱན་དང་གཅིག་ཁར་ ༢༠༡༠ ལུ་བཟོ་ནུག།
སྤྱི་ལོ་ ༡༩༨༠ གི་ཤུལ་ལས་ ཚོང་འབྲེལ་དང་གོང་འཕེལ་གྱི་མཐུན་འབྲེལ་རྒྱ་སྐྱེད་གཏང་ནིའི་དོན་ལུ་ ཤར་དང་བྱང་ཤར་ཨེ་ཤི་ཡའི་ལུང་ཕྱོགས་ནང་ མཐུན་འབྲེལ་གྱི་ལཱ་འབད་ནི་ལུ་གཙོ་བོར་བཏོན་ནུག། ཇ་པཱན་དང་གཅིག་ཁར་ སྤྱི་ལོ་ ༡༩༨༦ ལུ་ ཕྱི་འབྲེལ་གྱི་མཐུན་ལམ་བཟོ་ཡོདཔ་དང་ ལྷོ་ཀོ་རི་ཡ་དང་གཅིག་ཁར་ སྤྱི་ལོ་ ༡༩༨༧ ལུ། ཐའི་ལེནཌེ་དང་གཅིག་ཁར་ སྤྱི་ལོ་ ༡༩༨༩ ལུ། སིང་ག་པོར་དང་གཅིག་ཁར་ ༢༠༠༢ ལུ། ཨིན་ཌོ་ནེ་ཤི་ཡ་དང་གཅིག་ཁར་ ༢༠༡༡ ལུ། མོང་གོ་ལི་ཡ་དང་ཝེཊ་ནམ་ མ་ཡེན་མཱར་གསུམ་དང་གཅིག་ཁར་སྤྱི་ལོ་ ༢༠༡༢ ལུ་བཟོ་ནུག། ནུབ་ཨེ་ཤི་ཡའི་ལུང་ཕྱོགས་ནང་ ཀུ་ཝེཊ་དང་ གཅིག་ཁར་སྤྱི་ལོ་ ༡༩༨༣ ལུ། བཱ་རེའིན་དང་གཅིག་ཁར་སྤྱི་ལོ་ ༡༩༩༢ ལུ། ཡུ་ནའི་ཊེཊ་ཨ་རབ་ཨི་མི་རེཊ་དང་གཅིག་ཁར་སྤྱི་ལོ་ ༢༠༡༢ ལུ། ཨར་མི་ནི་ཡ་དང་གཅིག་ཁར་སྤྱི་ལོ་ ༢༠༡༢ ལུ། ཊར་ཀི་དང་གཅིག་ཁར་སྤྱི་ལོ་ ༢༠༡༢ ལུ། ཀ་ཛསི་ཏཱན་དང་གཅིག་ཁར་ སྤྱི་ལོ་ ༢༠༡༢ ལུ། ཨ་ཛར་བཱའི་ཇཱན་དང་གཅིག་ཁར་ སྤྱི་ལོ་ ༢༠༡༣ ལུ། ཨོ་མཱན་དང་གཅིག་ཁར་ སྤྱི་ལོ་ ༢༠༡༣ ལུ། ཨི་ཛེ་རེལ་དང་གཅིག་ཁར་ སྤྱི་ལོ་ ༢༠༢༠ ལུ་གཞི་བཙུགས་འབད་ནུག།
ཡུ་རོབ་ལུང་ཕྱོགས་ནང་ ཡུ་རོ་པེན་ཡུ་ནེན་གྱི་ ནི་དེར་ལེནཌ་དང་ ཌེན་མརཀ། སུའི་ཌེན། སུའི་ཛར་ལེནཌ། ནོར་ཝེ་ཚུ་དང་གཅིག་ཁར་ ཕྱི་འབྲེལ་སྲིད་སྐྱོང་གི་མཐུན་འབྲེལ་ སྤྱི་ལོ་ ༡༩༨༥ ལུ་བཟོ་ཡོདཔ་དང་། ཕིན་ལེནཌ་དང་གཅིག་ཁར་སྤྱི་ལོ་ ༡༩༨༦ ལུ། ཨསི་ཊི་རི་ཡ་དང་གཅིག་ཁར་སྤྱི་ལོ་ ༡༩༨༩ ལུ། བེལ་ཇི་ཡམ་དང་གཅིག་ཁར་ ༢༠༠༩ ལུ། ཨིསི་པེན། ལག་ཛེམ་བཱརཀ། ཅེཀ་རི་པབ་ལིག། སར་བི་ཡ་ཚུ་དང་གཅིག་ཁར་སྤྱི་ལོ་ ༢༠༡༡ ལུ། ཨན་དོ་ར་ས། ས་ལུ་ཝ་ཀི་ཡ། སུ་ལོ་ཝ་ནི་ཡ། པོ་ལེནཌ་ཚུ་དང་གཅིག་ཁར་ སྤྱི་ལོ་ ༢༠༡༢ ལུ། དེ་ལས་ ཇཱར་མ་ནི་དང་གཅིག་ཁར་སྤྱི་ལོ་ ༢༠༢༠ ལུ་བཟོ་ནུག། ཨེ་མི་རི་ཀའི་ལུང་ཕྱོགས་ནང་ ཀེ་ན་ཌ་དང་གཅིག་ཁར་སྤྱི་ལོ་ ༢༠༠༣ ལུ། བརཱ་ཟིལ་དང་གཅིག་ཁར་ ༢༠༠༩ ལུ། ཀིའུ་བཱ་དང་གཅིག་ཁར་ སྤྱི་ལོ་ ༢༠༡༡ ལུ། ཨར་ཇིན་ཊི་ན། ཀོསི་ཊ་རི་ཀ། ཀོ་ལེམ་བི་ཡ་ཚུ་དང་གཅིག་ཁར་ སྤྱི་ལོ་ ༢༠༡༢ ལུ་བཟོ་ནུག། ཨཕ་རི་ཀའི་ལུང་ཕྱོགས་ནང་ མོ་རོ་ཀོ་དང་ མའུ་རི་ཊི་ཡསི། ཨིསི་ཝ་ཊི་ནི། ཨི་ཇིབཊི་དང་གཅིག་ཁར་སྤྱི་ལོ་ ༢༠༡༢ ལུ་བཟོ་ནུག། ཨོ་ཤི་ནི་ཡ་ལུང་ཕྱོགས་ནང་ ཨསི་ཊ་ལི་ཡ་དང་གཅིག་ཁར་ སྤྱི་ལོ་ ༢༠༠༢ ལུ་དང་། ཕི་ཇི་དང་གཅིག་ཁར་སྤྱི་ལོ་ ༢༠༡༡ ལུ་བཟོ་ནུག།
ད་ལྟོ་ འབྲུག་དང་གཅིག་ཁར་ ཕྱི་འབྲེལ་སྲིད་སྐྱོང་གི་མཐུན་འབྲེལ་རྒྱལ་ཁབ་ ༥༤ དང་ ཡུ་རོ་པེན་ཡུ་ནེན་དང་གཅིག་ཁར་ཡོདཔ་ཨིན། རྒྱལ་ཁབ་ ༡༤ གི་ཆེ་མཐོང་དོན་གཅོད་ཀྱི་ཡིག་ཚང་ཚུ་ འབྲུག་ལུ་ཡོདཔ་མ་ཚད་ འབྲུག་གི་ཆེ་མཐོང་ཡིག་ཚང་ཡང་ རྒྱལ་ཁབ་ ༡༤ ནང་ཡོདཔ་ཨིན། གཞན་ཡང་ ཐའི་ལེནཌེ་གི་ཆེ་མཐོང་དོན་གཅོདཔ་ཡིག་ཚང་དང། ཇའི་ཀ་དང་ཀོའི་ཀ། ཨསི་ཊི་རི་ཡའི་འབྲེལ་མཐུན་ཡིག་ཚང་། འབྲུག་ཀེ་ན་ཌ་གཞི་ཚོགས། ནེ་དར་ལེནཌ་གོང་འཕེལ་ལས་ཁུངས། བུ་ཊཱན་ཚོགས་པ། ཧེལ་ཝི་ཊསི། ཨསི་ཊེ་ལི་ཡའི་ཁས་བླངས་ལས་ཆིམ། འབྲུག་གཞི་རྟེན་གྱི་ཡིག་ཚང་ཚུ་ཡང་ འབྲུག་ལུ་ཡོདཔ་ཨིན། ད་རེས་ འབྲུག་རྒྱལ་ཁབ་ཀྱིས་ དཔལ་འབྱོར་དང་སྲིད་སྐྱོང་ནུས་པ་ཆེ་བའི་རྒྱལ་ཁབ་ཚུ་དང་ དོན་ལྡན་གྱི་ཐོག་ལས་འབྲེལ་བ་འཐབ་ཨིན།
འབྲུག་འདི་སྐོབས་ཚུད་ཅན་གྱི་རྒྱལ་ཁབ་ཅིག་འབདཝ་ལས་ མང་ཕྱོགས་མཐུན་འབྲེལ་ཡང་ ཕྱི་འབྲེལ་སྲིད་བྱུས་ལུ་ གལ་ཅན་ཅིག་ཨིན། འབྲུག་གིས་ མང་ཕྱོགས་ལས་ཁུངས་འགོ་དང་པ་ ཀོ་ལོམ་བོ་པཱལན་ནང་ སྤྱི་ལོ་ ༡༩༦༢ ལུ་འཛུལ་ཞུགས་འབད་ནུག། འ་ནཱི་ལས་ཁུངས་ནང་ འཛུལ་ཞུགས་འབད་བའི་ཤུལ་ལས་ འབྲུག་གིས་ དགོས་མཁོ་ཆེ་བའི་བཟོ་རིག་དང་དཔལ་འབྱོར་གྱི་གྲོགས་རམ་ལེ་ཤ་ལེན་ཚུགས་ཡོདཔ་ཨིན། འབྲུག་རྒྱལ་ཁབ་ཀྱིས་ འཛམ་གླིང་སྤྱི་ཚོགས་ནང་ སྤྱི་ལོ་༡༩༧༡ ལུ་ འཛུལ་ཞུགས་འབད་ཚུགས་མི་འདི་ མང་ཕྱོགས་མཐུན་འབྲེལ་གྱི་ལམ་འགྲུལ་ནང་ གལ་ཆེ་ཤོས་ཅིག་ཨིན། ད་ལྟོ་ འབྲུག་རྒྱལ་ཁབ་འདི་ རྒྱལ་སྤྱི་དང་ལུང་ཕྱོགས་ཀྱི་ལས་ཁུངས་ ༩༥ ལྷག་ཙམ་ཅིག་གི་འཐུས་མི་ཨིན། དེ་མ་ཚད་ ནཱོན་ཨེ་ལའིན་མེནཊ་༼ནམ༽ གི་ ལས་ཁུངས་ནང་སྤྱི་ལོ་ ༡༩༧༣ ལུ་འཛུལ་ཞུགས་འབད་ནུག། གཞན་ཡང་ སྡེ་ཚན་ ༧༧ ༼ཇི་ ༧༧༽ ཨེལ་གྲི་སི་
༼LDC༽ སྐོབས་ཚུད་ཀྱི་གོང་འཕེལ་རྒྱལ་ཁབ་ ༼ཨེལ་ཨེལ་ཌི་སི་ (LLDC)༽ ཡང་ཨིན། འདི་བཟུམ་སྦེ་ འབྲུག་རྒྱལ་ཁབ་ནང་ ཡུ་ཨེན་ཌི་པི་དང་ཡུ་ནི་སེཕ། གྲབ་ལུ་ཨེཕ་པི། གྲབ་ལུ་ཨེཆ་ཨོ། ཨེཕ་ཨེ་ཨོ། ཡུ་ཨེན་ཨེཕ་པི་ཨེ། ཨུ་ཨེན་ཨོ་དྲི་སི། ཌབ་ལུ་ཌབ་ལུ་ཨེཕ། ཨའི་ཀའོ། འཛམ་གླིང་དངུལ་ཁང་ཚུ་གི་ཡིག་ཚང་ཡོདཔ་ཨིན། ལུང་ཕྱོགས་ཀྱི་གནས་ཚད་ནང་ ཀོ་ལོམ་བོ་ནང་འཐུས་མི་སྦེ་ ༡༩༦༢ ལུ་འཛུལ་ཞུགས་འབད་ཡོདཔ་མ་ཚད་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པ་ནང་ སྤྱི་ལོ་ ༡༩༨༤ ལུ། བེ་ཨོཕ་བེང་གལ་༼BIMSTEC༽ ནང་སྤྱི་ལོ་ ༢༠༠༤ ལུ། དེ་ལས་ ཨེ་སི་ཌི་ནང་སྤྱི་ལོ་ ༢༠༠༥ ལུ་འཛུལ་ཞུགས་འབད་ནུག། འདི་བཟུམ་སྦེ་ ཨི་སི་མོཊ། ཨེ་ཕོ་ཀོ། ཨེ་བུ་ཡུ་ནང་ལུ་ཡང་ འཐུས་མི་སྦེ་འཛུལ་ཡོདཔ་དང་ སཱཀ་གོང་འཕེལ་དངུལ་ཁང་གི་ཡིག་ཚང་འབྲུག་ལུ་ཡང་ཡོདཔ་ཨིན། ("Foreign Policy of the Kingdom of Bhutan", n.d.)

ཁུངས་གཏུག།[ཞུན་དག།]

  1. Gyamtsho, T. (1996). A History of Bhutan. Thimphu, Bhutan: Ministry of Health and Education.
  2. Wangchuk, L. (2008) Facts about Bhutan. Thimphu, Absolute Bhutan Books.
  3. UNICEF for every child. (2017, May). Retrieved from http://www.unicef.org/media/62371/file/convention-rights-child-at-crossroads-2019.pdf
  4. Working for health. (2007). retrieved from http://www.who.int/about/brochure_en.pdf
  5. Everything You Always Wanted To Know About The United Nations. (2010) New York, Department of Public Information. Retrieved from http://www.uni-siegen.de/mun-siegen/siegmun/everything_un.pdf
  6. Ministry of Foreign Affairs (Bhutan). (2021). Bhutan Celebrates its 50 Years of Membership to UN. Thimphu: Retrieved from http://www.mfa.gov.bt/?p=11340
  7. Priya, A. (n.d.). South Asian Association For Regional Cooperation: Problems and Prospects.
  8. Revised SAARC brief. (n.d.).
  9. Shaheen, I. (2013). South Asian Association for Regional Cooperation (SAARC): Its Role, Hurdles and Prospects. ResearchGate , 15 (6), 1.
  10. UNDP Bhutan. Retrieved from https://web.archive.org/web/20170606014354/http://www.undp.org/content/dam/bhutan/UNDP%20Bhutan%20Brochure.pdf
  11. Sustainable Development Goals (UNDP). Retrieved from https://web.archive.org/web/20220330024252/https://www1.undp.org/content/dam/undp/library/corporate/brochure/SDGs_Booklet_Web_En.pdf
  12. World Food Programme. (2014). Retrieved from http://www.unaids.org/sites/default/files/media_asset/WFP_en.pdf
  13. Foreign Policy of the Kingdom of Bhutan. Mfa.gov.bt. Retrieved 13 December 2021, from https://www.mfa.gov.bt/wp-content/uploads/2021/02/Foreign-Policy-Document.pdf.
  14. Phuntsho, K. (2013). The History of Bhutan (p. 237). Random House India.