Jump to content

ཕྱི་འབྲེལ་ལྷན་ཁག།

Wikipedia ལས།

༉ ཕྱི་འབྲེལ་ལྷན་ཁག་འདི་ འབྲུག་རྒྱལ་ཁབ་ཀྱི་ལྷན་ཁག་བཅུ་ཐམ་ལས་གཅིག་ཨིན། ལྷན་ཁག་འདི་འགོ་དང་པ་ སྤྱི་ལོ་ ༡༩༦༨ ལུ་ གོང་འཕེལ་ལྷན་ཁག་སྦེ་གཞི་བཙུགས་འབད་ཡོདཔ་དང་ སྤྱི་ལོ་ ༡༩༧༠ ལུ་ ཕྱི་འབྲེལ་ལས་ཁུངས་ཟེར་བསྒྱུར་བཅོས་འབད་ནུག། ཨིན་རུང་ ཤུལ་ལས་ ༡༩༧༢ ལུ་ ཕྱི་འབྲེལ་སྲིད་བྱུས་ལུ་གཙོ་བོ་བཏོན་དགོཔ་ཐོན་ཡོདཔ་ལས་ ཕྱི་འབྲེལ་ལྷན་ཁག་སྦེ་གཞི་བཙུགས་འབད་ནུག། ཕྱི་འབྲེལ་ལྷན་ཁག་གི་བློན་པོ་དང་པ་ སྤྱི་ལོ་ ༡༩༧༢-༡༩༩༨ ཚུན་ ཚེ་འདས་བློན་པོ་ཟླ་བ་ཚེ་རིང་མཆོག་གིས་ཕྱག་ཞུ་ནུག།
བློན་པོ་ཟླ་བ་ཚེ་རིང་གི་ཤུལ་ལས་ཕྱག་ཞུ་མི་ ཕྱི་འབྲེལ་བློན་པོ་རིམ་བྱོན་ཡང་། སྤྱོ་ལོ་ ༡༩༩༨-༢༠༠༣ ཚུན་ བློན་པོ་འཇིགས་མེད་འོད་ཟེར་ འཕྲིན་ལས། སྤྱི་ལོ་ ༢༠༠༣-༢༠༠༧ ཚུན་ བློན་པོ་མཁའ་འགྲོ་དབང་ཕྱུག། སྤྱི་ལོ་ ༢༠༠༧-༢༠༡༣ ཚུན་ བློན་པོ་ཨྱོན་ཚེ་རིང་། སྤྱི་ལོ་ ༢༠༡༣-༢༠༡༥ ཚུན་ བློན་པོ་རིག་འཛིན་རྡོ་རྗེ། སྤྱི་ལོ་ ༢༠༡༥-༢༠༡༨ ཚུན་ བློན་པོ་དམ་ཆོས་རྡོ་རྗེ། དེ་ལས་ སྤྱི་ལོ་ ༢༠༡༨ ད་ལྟོ་ཡང་ ཕྱག་ཞུ་བཞིན་ཡོད་པའི་ཕྱི་འབྲེལ་བློན་པོ་འདི་ བློན་པོ་རྟ་མགྲིན་རྡོ་རྗེ་ཨིན།
ཕྱི་འབྲེལ་ལྷན་ཁག་གི་འཆར་སྣང་འདི་ འབྲུག་རྒྱལ་ཁབ་དགའ་སྐྱིད་དང་ལྡན་པ་ ཕུན་སུམ་ཚོགས་པ་ དེ་ལས་རང་དབང་ཅན་བཟོ་ཐབས་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཡར་དྲག་གཏང་ནི་འདི་ཨིནམ་དང་། དམིགས་སྐྱེད་འདི་ཡང་ རྒྱལ་ཁབ་ཀྱི་ཕན་རླབས་དང་མཐའ་དོན་ལུ་ ཁྱད་རིག་དང་ལྡན་པའི་ཕྱི་འབྲེལ་ཞབས་ཏོག་བྱིན་ནི་འདི་ཨིན། འདི་བཟུམ་སྦེ་ ལྷན་ཁག་འདི་གི་ལཱ་འགན་འདི་ རྒྱལ་ཁབ་ཡར་རྒྱས་ཀྱི་རྩ་བ་ལུ་ ཕྱི་རྒྱལ་ཁབ་ཚུ་དང་མཐུན་ལམ་བཟོ་སྟེ་ རྒྱལ་ཁབ་ཀྱི་མཐའ་དོན་དང་སྤྲོ་བ་གཞན་ལུ་བཤད་ནི་། རྒྱལ་སྤྱི་སྒྲིག་གཞི་དང་བསྟུན་ རྒྱལ་ཁབ་ བར་ནའི་ དགོས་མཁོའི་གྲོས་བསྟུན་འབད་ནི་དང་སྟབས་མ་བདེཝ་བསལ་ནི། རྒྱལ་ཁབ་གཞན་དང་ཚོང་འབྲེལ་ཡར་དྲག་བཏང་སྟེ་ མི་སྡེ་དཔལ་ འབྱོར་གོང་འཕེལ་ཡུན་བརྟན་བཟོ་ནི་དང་ རྒྱལ་སྤྱིའི་མི་སྡེ་ནང་ འགན་ཁུར་ཅན་དང་ཕན་ཐོགས་ཅན་གྱི་འཐུས་མི་འབད་དེ་ རྒྱལ་ཁབ་ ནང་འཁོད་དང་རྒྱལ་སྤྱིིའི་ཞི་བདེ་དང་མཉམ་འབྲེལ་ དེ་ལས་ དཀའ་ངལ་ཚུ་ཧ་གོ་སྟེ་གྲོགས་རམ་འབད་ནི་ཚུ་ཨིན།
ཕྱི་འབྲེལ་ལྷན་ཁག་འོག་ལུ་ བློན་པོ་དང་དྲུང་ཆེན་ཡིག་ཚང་ དེ་ལས་ མདོ་ཆེན་ཞབས་ཏོག་ཡིག་ཚང་དང་ལས་ཁུངས་ཁག་བདུན་ཡོདཔ་ཨིན། ལས་ཁུངས་བདུན་ཡང་ ཞི་བའི་ཐོ་བཀོད་དང་མི་རྩིས་ལས་ཁུངས་ ལམ་སྲོལ་ལས་ཁུངས་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ ས་གནས་གཞུང་སྐྱོང་ལས་ཁུངས་ བཀའ་ཁྲིམས་ལས་ཁུངས་དང་ ཕྱི་མི་ནང་སྐྱོད་ལས་ཁུངས་དང་ཚུ་ཨིན། ལྷན་ཁག་འདི་ནང་ཕྱག་ཞུ་མི་ འགོ་འཛིན་བློན་པོ་གྱིས་གཙོས་པའི་ དྲུང་ཆེན་དང་མདོ་ཆེན་ དེ་ལས་ ལས་ཁུངས་ཁག་གི་གཙོ་འཛིན་དང་འགོ་དཔོན་ཚུ་ཨིནམ་དང་ ལྷན་ཁག་ འདི་གིས་ ད་རེས་གོང་གི་འཆར་སྣང་དང་དམིགས་སྐྱེད་ཚུ་སེམས་ཁར་བཀལ་ཏེ་ ལྷན་ཁག་གི་འགན་དབང་ཚུ་ དྲང་བདེན་དང་དྭངས་གསལ་ དེ་ལས་ དམ་ཚིག་གཙོ་གཟུང་གི་ཐོག་ལས་ཕྱག་ཞུ་བཞིན་ཡོདཔ་ཨིན།

ཁུངས་གཏུག།

[ཞུན་དག]
  1. Wikipedia Contributors. (2021). Ministry of Foreign Affairs (Bhutan). In Wikipedia, The Free Encyclopedia. Retrieved from https://en.wikipedia.org/wiki/Ministry of Foreign Affairs (Bhutan) - Wikipedia