བཀབ་ནེ།

Wikipedia ལས།

བཀབ་ནེ་ཟེར་མི་འདི་ སྔོན་དང་ཕུ་ལས་ར་ གཞན་དང་མ་འདྲ་བའི་ཁྱད་ཆོས་ རང་ལུགས་སྒྲིག་ལམ་དང་མཐུནམ་སྦེ་ འབྲུག་མི་ཆེ་འབྲིང་ཆུང་གསུམ་གྱིས་ རང་སོའི་གོ་གནས་དང་འཁྲིལ་བཀབ་མི་ལུ་སླབ་ཨིན། སྤྱིར་འཛམ་གླིང་ནང་བཀབ་ནེ་དར་ཚུལ།

འཛམ་གླིང་ནང་བཀབ་ནེ་འགོ་ཐོག་དར་ཚུལ་དེ་ཡང་ ཧེ་མ་ སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་ འཁོར་རྣམ་པ་བཞི་ལུ་འདུལ་ཁྲིམས་བཅའ་སྟེ་གནངམ་ད་ ཆོས་གོས་རྣམ་གསུམ་གྱི་ཁྱད་པར་ཚུ་མཛད་དེ་ བཀབ་ནེ་འདི་གཙོ་བོ་ར་གུས་ཞབས་ཀྱི་དོན་ལུ་དང་ བསྙེན་རྗོགས་དང་བསྙེན་རྗོགས་མིན་པའི་དགེ་སློང་ཚུ་གི་བར་ན་ ཁྱད་པར་ཕྱེ་ནིའི་དོན་ལུ་བཀབ་དགོཔ་སྦེ་གསུངས་ཞིནམ་ལས་ཚུར་བཀབ་སྲོལ་བྱུང་ནུག།

འབྲུག་ཡུལ་འདི་ནང་བཀབ་ནེ་དར་ཚུལ།

རྒྱལ་གཟིམ་དྲགོས་རྡོ་རྗེ་རྒྱལ་མཚན་ (གནམ་ལོ་མེད་ ༡༩༩༩ ཤོག་གྲངས་ ༥༥) གྱིས “འབྲུག་ཡུལ་ལུ་ཡང་ ཧེ་མ་དུས་རབས་བརྒྱད་པའི་ནང་ གུ་རུ་རིན་པོ་ཆེ་བྱོན་ཏེ་ མོན་པ་འདི་ཚུ་ག་ར་ ཐེག་ཆེན་རྡོ་རྗེ་ཐེག་པའི་གདུལ་ཞིང་ལུ་གཟིགས་ཏེ་ སྲོག་མི་གཅད་པ་ལ་སོགས་པའི་དགེ་བསྙེན་གྱི་སྡོམ་པ་གནང་སྟེ་ སྐྲ་བཅད་སྔགས་ལམ་ལུ་ཞུགས་པའི་རྟགས་སུ་ མི་སྐྱ་ག་ར་ལུ་ བཀབ་ནེའི་ཚོས་གཞི་དཀརཔོ་དང་དགེ་སློང་གི་རིགས་ལུ་ འདུལ་བ་ལས་གསུངས་པའི་ཆོས་གོས་རང་འཇགས་མཛད་དེ་གནང་འདུག་པ་འདི་ལས་བཟུང་སྟེ་ གཙོ་བོར་ཆོས་ཀྱི་མཛད་སྒོ་དང་འབྲེལ་བའི་སྐབས་ གུས་ཞབས་ཀྱི་དོན་ལུ་བཀབ་སྲོལ་བཙུགས་བཙུགསཔ་ཨིན་མས།”

བཀབ་ནེའི་ལག་ལེན།

བཀབ་ནེ་འདི་ང་བཅས་རའི་རྒྱལ་ཁབ་ནང་ རྗོང་གཞི་ཁག་དང་ལྷ་ཁང་དགོན་སྡེ། གཞུང་གི་ཡིག་ཚང་ཚུ་ནང་འགྱོ་བའི་སྐབས་དང་ དེ་ལས་ མི་དབང་མངའ་བདག་རིན་པོ་ཆེ་དང་ རང་ལས་མཐོ་བའི་གོངམ་དེ་ཚུ་དང་ མཇལ་ཕྲད་འབད་བའི་སྐབས་ བཀབ་སྲོལ་ཡོདཔ་ཨིན།

བཀབ་ནེ་འདི་ སྤྱིར་བཏང་མི་སྐྱ་ལས་འགོ་བཟུང་སྟེ་ རྒྱལ་ཁབ་ཀྱི་དབུ་ཁྲིད་མཛད་མི་ མི་དབང་མངའ་བདག་རྒྱལ་པོ་ཚུན་ཚོད་ཀྱི་བར་ན་ རང་ར་སོ་སོའི་གོ་ས་དང་གོ་གནས་ཀྱི་ཐོབ་ལམ་དང་འཁྲིལ་ བཀབ་དགོཔ་ཨིན།

ཞབས་ཁྲ་རྐྱབ་མི་དང་ཆིབས་གྲལ་གྱི་སྐབས་སུ་ བཀབ་ནེ་འདི་བཀབ་སྲོལ་ཡོདཔ་དང་ ཧེ་མའི་དུས་ལུ་འབད་བ་ཅིན་ ཕར་ཚུར་འགྲོ་འགྲུལ་འབད་བའི་སྐབས་ ཅ་ལ་འདི་ཚུ་འབག་ནིའི་དོན་ལས་ཡང་ ལག་ལེན་འཐབ་སྲོལ་ཡོདཔ་ཨིན་མས།

གོ་གནས་དང་བསྟུན་ཏེ་བཀབ་ནེའི་དབྱེ་བ།

༡ མངའ་བདག་རིན་པོ་ཆེའི་ན་བཟའ།ན་བཟའི་ཚོས་གཞི་འདི་སེརཔོ་ཨིན། ན་བཟའ་གི་རྒྱ་ཚད་འདི་མཐོ་དྲུག་དང་ལག་གང་ དཀྱུས་ཚད་འདི་མཐོ་ཉེར་གཅིག་རལཔ་མེདཔ་སྦེ་ཨིན།

༢ ཀྲོང་གསར་དཔོན་སློབ་ཀྱི་ན་བཟའ། ན་བཟའི་ཚོས་གཞི་འདི་ལུང་སེར་ཨིན། ན་བཟའི་རྒྱ་ཚད་མཐོ་དྲུག་དང་ལག་གང་ དཀྱུས་ཚད་འདི་མཐོ་ཉེར་གཅིག་ རལཔ་མེདཔ་སྦེ་ཨིན།

༣ སྐུ་འཁོར་གྱི་ན་བཟའ། ན་བཟའི་ཚོས་གཞི་འདི་ལི་ཝང་ཁ་གནག་སུ་ཅིག་ཨིན། ན་བཟའི་རྒྱ་ཚད་མཐོ་དྲུག་དང་ལག་གང་ དཀྱུས་ཚད་མཐོ་ཉེར་གཅིག་རལཔ་མེདཔ་སྦེ་ཨིན།

༤ བློན་པོའི་ན་བཟའ། ན་བཟའི་ཚོས་གཞི་འདི་ལི་ཝང་ཨིན། རྒྱ་ཚད་མཐོ་དྲུག་དང་ལག་གང་ དཀྱུས་ཚད་མཐོ་ཉེར་གཅིག་རལཔ་མེདཔ་སྦེ་ཨིན།

༥ ལྷན་རྒྱས་འོག་མའི་ན་བཟའ། ན་བཟའི་ཚོས་གཞི་ལུང་དམར་ཨིན། རྒྱ་ཚད་མཐོ་ལྔ་དང་ལག་གང་ དཀྱུས་ཚད་མཐོ་ཉེར་གཅིག་རལཔ་མེདཔ་སྦེ་ཨིན།

༦ དཔོན་གཉིས་སྐལ་མའི་ན་བཟའ། ན་བཟའི་ཚོས་གཞི་དམརཔོ་ཨིན། རྒྱ་ཚད་མཐོ་ལྔ་དང་ལག་གང་ དཀྱུས་ཚད་མཐོ་ཉེར་གཅིག་རལཔ་མེདཔ་སྦེ་ཨིན།

༧ ཆེད་བསྟོད་ཅན་གྱི་འཐུས་མི། བཀབ་ནེའི་ཚོས་གཞི་ཧོནམ་ཨིན། རྒྱ་ཚད་མཐོ་ལྔ་དང་ལག་གང་ དཀྱུས་ཚད་མཐོ་ཉེར་གཅིག་རལཔ་མེདཔ་སྦེ་ཨིན།

༨ རྫོང་བདག། བཀབ་ནེའི་ཚོས་གཞི་དམར་པོའི་སྦུག་ལས་དཀརཔོ་ལག་གང་དང་ རྒྱ་ཚད་མཐོ་ལྔ་དང་ལག་གང་ དཀྱུས་ཚད་མཐོ་ཉེར་གཅིག་རལཔ་མེད་པ་ཨིན།

དྲང་དཔོན། བཀབ་ནེའི་ཚོས་གཞི་ལྕང་ཁ་དང་ རྒྱ་ཚད་མཐོ་ལྔ་དང་ལག་གང་ དཀྱུས་ཚད་མཐོ་ཉེར་གཅིག་རལཔ་མེད་པ་ཨིན།

༡༠ རྫོང་རབ། བཀབ་ནེའི་ཚོས་གཞི་འདི་དཀརཔོ་ཨིནམ་དང་ དཀར་པོའི་སྦུག་ལས་དམརཔོ་ལག་གང་ཡོདཔ་ཨིན། དཀྱུས་ཚད་རལཔ་དང་བཅས་མཐོ་ཉེར་གཅིག་ཨིན།

༡༡ ཁྲོམ་དཔོན། བཀབ་ནེའི་ཚོས་གཞི་དཀརཔོ་དང་ མཐའ་འཇའ་གཉིས་ལས་ཧོ་ཐིག་ཅན་ཨིནཅ་གཉིས་རེ་སྦེ་མི་གསུམ་ཡོདཔ་ཨིན། བཀབ་ནེའི་རྒྱ་ཚད་འདི་མཐོ་གསུམ་དང་ལག་གང་ཨིནམ་དང་ དཀྱུས་ཚད་རལཔ་དང་བཅས་མཐོ་ཉེར་གཅིག་ཨིན།

༡༢ དྲང་རབ། བཀབ་ནེའི་ཚོས་གཞི་འདི་དཀརཔོ་དང་ དཀར་པོའི་སྦུག་ལས་ལྕང་ཁ་ལག་གང་ཡོདཔ་ཨིན། བཀབ་ནེའི་རྒྱ་ཚད་འདི་མཐོ་གསུམ་དང་ལག་གང་ཨིནམ་དང་ དཀྱུས་ཚད་རལཔ་དང་བཅས་མཐོ་ཉེར་གཅིག་ཨིན།

༡༣ རྒཔོ། བཀབ་ནེའི་ ཚོས་གཞི་ཁ་དམར་ཨིནམ་དང་ རྒྱ་ཚད་མཐོ་བཞི་དང་ དཀྱུས་ཚད་རལཔ་དང་བཅས་མཐོ་ཉེར་གཅིག་ཨིན།

༡༤ སྤྱིར་བཏང་གི་བཀབ་ནེ། སྤྱིར་བཏང་གི་བཀབ་ནེ་འདི་ཚོས་གཞི་དཀརཔོ། རྒྱ་ཚད་མཐོ་གསུམ་དང་ལག་གང་ དཀྱུས་ཚད་འདི་རལཔ་དང་བཅས་མཐོ་ཉེར་གཅིག་ཨིན།

རྒྱབ་རྟེན།

༡ རྒྱལ་གཟིམ་དྲགོས་རྡོ་རྗེ་རྒྱལ་མཚན། (གནམ་ལོ་མེད་ ༡༩༩༩ ) ནོར་བུའི་འཕྲེང་བ། ཀུན་གསལ་རང་སྐྱོང་ལས་འཛིན།

"https://dz.wikipedia.org/w/index.php?title=བཀབ་ནེ།&oldid=29804" ལས་ སླར་འདྲེན་འབད་ཡོདཔ།